རིག་ལྡན་གྱི་ནུ་བོའི་མིང་ལ་ལོ་ལོ་ཟེར།
སྤེལ་བའི་དུས་ཚོད། : 2018-01-19 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྒོ་མེ་ཚེ་རིང་བཀྲ་ཤིས། སྨྱུག་མིང་ལ་ཁྲི་སེམས་དཔའ་ཟེར། མདོ་སྨད་ཁྲི་ཀའི་གྲོ་ཞིང་ཁ་ཞེས་པའི་གྲོང་ཚོ་ཞིག་ཏུ་སྐྱེས། 2001ལོར་ལྷོ་ནུབ་མི་རིགས་སློབ་ཆེན་ནས་མཐར་ཕྱིན། འབོལ་རྩོམ་དེབ《བསམ་གཞིག་གི་ཁ་དོག》དང་སྙན་དེབ《དིང་གླིང་ཁེར་འབུད》འགྱུར་དེབ《ཕ་རི་སིའི་འཕགས་མའི་ཆོས་གྲྭ》སྒྲུང་རིང་དེབ《མར་ངོའི་ཟླ་བ》སྒྲུང་ཐུང་དེབ《སྒོ་མེ་ཚེ་རིང་བཀྲ་ཤིས་ཀྱི་སྒྲུང་ཐུང་ཕྱོགས་བསྒྲིགས》དང《བྱ་ཞིག་ཡིན་ན་བསམས་བྱུང》སོགས་ཡོད།

1

གྲོ་ཞིང་ཁར་གློག་འཐེན་ནས་ཅུང་མ་འགོར་བར། བསོད་ནམས་འབག་བཙོག་གིས་ཁོ་ཚང་གི་གཡུལ་ཁའི་འདབས་སུ་རྩྭ་ཁང་གྱན་གཉིས་ཙམ་ཡོད་པ་དེར་ཞིག་གསོ་ཅུང་ཟད་བྱས་ཏེ་བརྙན་གཏོང་ཁང་ཞིག་ཏུ་བསྒྱུར།

2

ཕྱི་དྲོ་དེར་བསོད་ནམས་འབག་བཙོག་གིས་འདྲུད་འཐེན་འཁོར་ལོ་ཞིག་གླས་ཏེ་འཕྲུལ་ཆས་པ་ར་པུ་རིག་གང་དྲུད་ནས་ཡོང་དུས། གྲོ་ཞིང་ཁ་སྡེ་བའི་མི་མང་ཆེ་བས་འདྲུད་འཐེན་འཁོར་ལོའི་ནང་གི་དངོས་པོ་དེ་ཅི་ཡིན་པ་གསལ་བོ་ཞིག་མ་ཤེས། འདྲུད་འཐེན་འཁོར་ལོ་རྡུལ་འཚེབ་བེར་བསོད་ནམས་འབག་བཙོག་ཚང་གི་སྒོ་ཁར་ཏན་སེ་བསྡད་མ་ཐག བྱིས་པ་རྣམས་ཕྱོགས་བཞི་མཚམས་བརྒྱད་ནས་བརྒྱུགས་ཡོང་སྟེ། འདྲུད་འཐེན་འཁོར་ལོའི་མཐའ་ལ་རུབ་ཅིང་ངོ་མཚར་བའི་མིག་གིས་བསོད་ནམས་འབག་བཙོག་གི་གདོང་ལ་ལྟ་ཙམ་དང་། འདྲུད་འཐེན་འཁོར་ལོའི་ནང་གི་འཕྲུལ་ཆས་དེ་དག་ལ་ལྟ་ཙམ། དེ་ནས་ཕན་ཚུན་གྱི་གདོང་ལ་ལྟ་ཙམ་ལྟ་ཙམ་བྱེད།

སྐབས་དེར། རིག་ལྡན་གྱི་ནུ་བོས་ལག་པ་ཕར་བསྲིངས་ནས་འདྲུད་འཐེན་འཁོར་ལོའི་ནང་གི་དངོས་པོ་དེར་རེག་ཙམ་བྱས་པ་ན། བསོད་ནམས་འབག་བཙོག་གིས་མཐོང་སྟེ་ལག་པས་འདྲུད་འཐེན་འཁོར་ལོའི་འཁོར་སྒམ་གྱི་ཁ་གདང་སྟེང་ཁྲོག་སེ་བརྒྱབ་ཅིང་ཁ་ནས“ཧད”ཅེས་བསྒྲགས་བྱུང་བས། རིག་ལྡན་གྱི་ནུ་བོ་ནི་སྐྲག་མ་དངངས་ཀྱིས་གནམ་ལྡིང་ཞིག་བྱེད་ཅིང་གདོང་ཡོངས་དམར་པོ་གྱུར་འདུག་ལ་ལུས་ཡོངས་ལྷབ་ལྷུབ་ཏུ་འདར་བཞིན་འདུག

“ ཧ་ཧ་ཧ། ཧོ་ཧོ་ཧོ།”

བསོད་ནམས་འབག་བཙོག་གིས་ཧབ་ཆ་དིར་དིར་དུ་བསྒྲགས་པ་ན་འདྲུད་འཐེན་འཁོར་ལོའི་ཁ་ལོ་པ་དེ་ཡང་ཧ་ཧ་ཞེས་བགད་བྱུང་། དེར་མཐུད་ནས་བྱིས་པ་གཞན་རྣམས་ཀྱང“ཧ་ཧ”ཞེས་བགད་བྱུང་བས། རིག་ལྡན་གྱི་ནུ་བོ་ཡང་རིམ་གྱིས་གཉིད་ལས་སད་པ་ལྟར་གདོང་གི་རྣམ་འགྱུར་རྒྱུན་ལྡན་དུ་གྱུར་ཅིང་། མཐའ་མར་ངོ་གནོངས་ཏེ་མགོ་ལ་འཕྲུག་ཞོར་ཁོ་རང་ཉིད་ཀྱང“ཧི་ཧི”ཞེས་བགད་བྱུང་།

སྐབས་དེར་བཀྲ་བྷོས་བསོད་ནམས་འབག་བཙོག་གིས་འདྲུད་འཐེན་འཁོར་ལོ་ལས་སྒམ་ཆུང་ཨོང་འབུར་ཞིག་འུབས་པ་བཏབ་ནས་ཐང་ལ་ཕོག་པ་མཐོང་བས“ཨ་ཁུ་བསོད་ནམས། འདི་ཅི་རེད”ཅེས་དྲིས་པར། བསོད་ནམས་འབག་བཙོག་གིས“སྐྱག་ཕྲུག་ཆ་བོ་མར་སོངས། ཨ་བོ་ཁོམ་ཀི་མེད་པ་མི་རིག་གམ། སོངས་སོང་སོངས། འདི་ཅི་ཡིན་ཤེས་འདོད་ན་སང་ཉིན་དགོང་མོ་སྒོར་མོ་འཁྱེར་ལ་ངེད་ཀི་གཡུལ་ཁའི་འདབས་སུ་ཤོག་དང་ཤེས། ཨེ་གོ་ཐལ། མར་སོངས་མར་སོངས”ཟེར་བཞིན་སྒམ་ཆུང་ཨོང་འབུར་དེ་ཨེ་ཐེག་མི་ཐེག་ངང་གཡུལ་ཁའི་ཕྱོགས་སུ་འཁྱེར་སོང་།

བཀྲ་བྷོས་རིག་ལྡན་གྱི་ནུ་བོ་སོགས་བྱིས་པ་གཞན་དག་ལ་ལག་བརྡ་ཞིག་བཏང་བ་ན། དེར་འདུས་བྱིས་པ་དག་བསོད་ནམས་འབག་བཙོག་གི་རྗེས་སུ་འབྲངས་ཏེ་གཡུལ་ཁའི་འདབས་སུ་བདུ་སོང་།

བསོད་ནམས་འབག་བཙོག་ཚང་གི་རྩྭ་ཁང་ཞིག་ལ་ཁད་པོ་དེ་ནམ་ཞིག་ཞིག་གསོ་བྱས་པ་ཡིན་ནམ། བཀྲ་བྷོ་དང་རིག་ལྡན་གྱི་ནུ་བོ་སོགས་ཀྱིས་གཡུལ་ཁའི་འདབས་ཀྱི་རྩྭ་ཁང་མཐོང་བའི་མོད་ལ་ཧ་ལས་སོང་། དེ་སྔ་ཁོ་ཚོ་རྩྭ་ཁང་དུ་སྦ་མ་སྦས་རེས་བྱས་ཏེ་རྩེད་མོ་གཡེང་བའམ། ཁ་རོག་གེར་རྩྭ་ཁང་དུ་འཛུལ་ནས་སྐྱག་པ་གཏོང་བ་སོགས་བྱས་མྱོང་མོད། དེ་དུས་རྩྭ་ཁང་དེ་ནི་ཞིག་ལ་ཁད་ཅིག་སྟེ། རྩིག་པ་རྣམས་ལ་སེར་ཁ་གས་ཏེ་སྟིག་སེ་ལོག་མི་འགྲོ་ཨང་སྙམ་པ་ཞིག་ཡིན་མོད། ད་ནི་རྩིག་ངོས་ཀུན་འཇམ་དབྱིས་བརྒྱབ་སྟེ་མིག་ལ་སྡུག་པ་ཞིག་བཏང་འདུག་ལ། ད་དུང་རྩྭ་ཁང་ནང་དུ་ཤིང་ལེབ་རིང་ཐུང་མེད་པ་མང་པོའི་སྣེ་གཉིས་ཀྱི་འོག་ཏུ་སོ་ཕག་བརྩིགས་ཏེ་འདུག་སྟེགས་མང་པོ་བཟོས་འདུག

བྱིས་པ་ཚོས་ཡང་ཡང“ཨ་ཁུ་བསོད་ནམས། ཁང་པ་འདི་ཅི་ཡིན”ཞེས་དྲིས་ནའང་། བསོད་ནམས་འབག་བཙོག་གིས་ཅི་ཡང་མི་སྨྲ་བར་རང་གི་ས་ན་ཕར་སྣོག་ཚུར་སྣོག་བྱས་ཏེ་ཅི་ཞིག་ལ་མ་ཁོམ་པར་བསྡད་འདུག

བྱིས་པ་ཚོས་རང་རང་གི་གང་དྲན་ལྟར་ཁང་པ་དེ་ཅི་ཡིན་སྐོར་ལ་ཚོད་དཔག་བྱེད་མགོ་བརྩམས།

བཀྲ་བྷོས། འདི་སློབ་ཁང་ཡིན་ནམ།

རིག་ལྡན་གྱི་ནུ་བོས། འདི་ཚོགས་འདུ་ཚོགས་ས་ཡིན་ནམ།

ལྷ་དཔལ་གྱིས། འདི་ཆོས་འདོན་ས་ཡིན་ནམ།

རིག་ལྡན་གྱི་ནུ་བོས། ཆོས་འདོན་ས་མ་ཎི་ཁང་ཡོད་པ་མིན་ནམ།

བཀྲ་བྷོས། དེས་ན་ཅི་ཞིག་ཡིན་ནམ།

རིག་ལྡན་གྱི་ནུ་བོས། ……

བསོད་ནམས་འབག་བཙོག་གིས་རྩིག་ལྡེབས་སུ་མཛེར་མ་རྡེབ་བཞིན“སྐྱག་ཕྲུག་ཚོ། གླེན་བཤད་རྒྱག་གི་མ་འདུག ཁྱེད་ཚོ་མར་སོངས་ཟེར་བ་མ་གོའམ། སོངས་སོངས་སོངས།”ཟེར།

རིག་ལྡན་གྱི་ནུ་བོས“ཨ་ཁུ་བསོད་ནམས། འདི་ཅི་བྱེད་ས་རེད། ཁྱེད་ཀྱིས་ཤོད་དང་ང་ཚོ་འགྲོ”ཟེར།

བསོད་ནམས་འབག་བཙོག་གིས་ལག་གི་མཛེར་མ་རྡེབ་མཚམས་བཞག་ནས“ མར་སོངས་ཟེར་བ་མི་གོ་འམ། སྐྱག་ཕྲུག་ཁྱོད་ལ་འདྲི་རྒྱུ་མང་ག སོངས་ཁྱོད་སུ་ཚང་གི་ཡིན”ཞེས་དྲིས།

རིག་ལྡན་གྱི་ནུ་བོས“ང་རིག་ལྡན་ཚང་གི་ཡིན”ཟེར།

བསོད་ནམས་འབག་བཙོག་དང་རིག་ལྡན་གཉིས་ཀྱིས་དེ་སྔ་བུ་མོ་ཞིག་བརྩད་དེ་ལག་པ་བསྲེས་མྱོང་། རིག་ལྡན་གྱི་ནུ་བོས་མུ་མཐུད་དུ“ང་རིག་ལྡན་གྱི་ནུ་བོ་ཡིན། ཨ་ཁུ་བསོད་ནམས་ཁྱོད་ཀྱིས་ང་མི་ཤེས་སམ”ཟེར།

བསོད་ནམས་འབག་བཙོག་དང་རིག་ལྡན་གཉིས་ཁྱི་དང་ར་བཞིན་ཞེ་འགྲས་སུ་སོང་ཡོད། ཁོས་ཐེ་ཚོམ་དང་བཅས་རིག་ལྡན་གྱི་ནུ་བོར་ཡུད་ཙམ་ལ་ཅེར་རྗེས“རིག་ལྡན་གྱི་ནུ་བོ་འདི་ད་དུང་ལག་ཆགས་ཀི་མི་འདུག”ཟེར།

རིག་ལྡན་གྱི་ནུ་བོ་ནི་དངོས་གནས་ན་མཉམ་བྱིས་པ་དག་དང་བསྡུར་ན་གཟུགས་བོངས་ཤིན་ཏུ་ཆུང་།

རིག་ལྡན་གྱི་ནུ་བོར་སྡེ་མི་ཡོངས་ཀྱིས“རིག་ལྡན་གྱི་ནུ་བོ” “རིག་ལྡན་གྱི་ནུ་བོ”ཞེས་འབོད་ཅིང་། མང་ཆེ་བས་རིག་ལྡན་གྱི་ནུ་བོའི་མིང་དངོས་ལ་ཅི་ཟེར་བ་མི་ཤེས།

བསོད་ནམས་འབག་བཙོག་གིས“རིག་ལྡན་གྱི་ནུ་བོའི་མིང་ལ་ཅི་ཞིག་ཟེར་རམ”ཞེས་ཁེར་ལབ་ཅིག་བརྒྱབ་རྗེས། དེའི་མིང་ལ་ཅི་ཟེར་བ་རང་ལ་འབྲེལ་བ་ཅི་ཡོད་སྙམ་པ་བཞིན་མིང་ཅི་ཡིན་མི་འདྲི་བར “འདི་བརྙན་གཏོང་ཁང་རེད། མི་ཤེས་ན་སང་ཉིན་དགོང་མོར་མི་རེས་མོ་ཙེ་ལྔ་རེ་འཁྱེར་ལ་ཤོག་དང་ཤེས་ངེས། ཨེ་གོ་ཐལ། ད་སོངས་སོངས”ཞེས་བཤད་རྗེས་གེ་སར་སྒྲུང་གི་དབྱངས་རྟར་དྲངས་ཏེ་སྣ་གླུ་སྣ་གླུ་ཐན་ཐུན་ཞིག་ལེན་བཞིན། རྩིག་ངོས་སུ་བརྡབས་མ་ཐག་པའི་མཛེར་མ་དེ་ཕྱིར་བལ་ཞིང་དེ་ནས་ཕར་ལྟ་ཚུར་ལྟ་ལན་འགའ་བྱས་རྗེས། ཡང་བསྐྱར་མཛེར་མ་དེ་སྔོན་གྱི་ཁ་མལ་དུ་རྡེབ་ཀྱིན་འདུག

བྱིས་པ་རྣམས་ཀྱིས་ཅི་ཡིན་འདི་ཡིན་མི་ཤེས་པར་ཁ་ནས“བརྙན་གཏོང་ཁང”བརྙན་གཏོང་ཁང”ཞེས་འབོད་ཀྱིན་རུ་བར་ཀུན་ཏུ་ཡར་རྒྱུག་མར་རྒྱུག་བྱེད་ཀྱང་མཆི།

3

སྲོད་ཀྱི་དུས་ལ་བསོད་ནམས་འབག་བཙོག་གི་བརྙན་གཏོང་ཁང་གི་སྒོ་ཁར་བསླངས་པའི་སྒྲ་སྒམ་ནག་ལྟིག་དེ་ལས་རྡུང་ལེན་སྒྲ་ཆེན་པོས་ལེན་ཞིང་། སྒྲ་དེ་གྲོ་ཞིང་ཁའི་བར་སྣང་ཀུན་ཏུ་ཁྱབ་སྟེ་ཟང་ཟིང་དུ་བཏང་བས། སྡེ་མི་ཁ་ཤས་ཁང་ཀླད་དུ་བུད་དེ་བསོད་ནམས་འབག་བཙོག་ཚང་གི་ཕྱོགས་སུ་སྐེ་འཐེན་འཐེན་བྱས་ཏེ་ལྟ་བ་དང་། ཡང་ལ་ལ་ཞིག་ཁྱིམ་དུ་སྡོད་མ་བཟོད་པར་བསོད་ནམས་འབག་བཙོག་ཚང་གི་གཡུལ་ཁའི་ཕྱོགས་སུ་འགྲོ་བཞིན་འདུག

བསོད་ནམས་འབག་བཙོག་བརྙན་གཏོང་ཁང་གི་སྒོ་ཁར་ལངས་ཏེ་གེ་སེར་སྒྲུང་གི་དབྱངས་རྟར་དྲངས་ནས་གླུ་ལྟ་བུ་ཞིག་ལེན་བཞིན་འདུག

གླུ་ཐ་ལ་ལ་མོ་ཐ་ལ་ལེན།།

གླུ་ཨ་ལ་ལ་མོ་ཨ་ལ་ལེན།།

ཨ་ལ་ངག་གི་འགུག་ལུགས་རེད།།

བསམ་དོན་ངང་གི་ཤུགས་འབྱུང་རེད།།

འབྲུ་དྲུག་ཚིག་གི་བཅད་སོ་རེད།།

ས་འདིའི་ས་ངོ་མ་ཤེས་ན།།

རིང་བོ་རྣ་བའི་གོ་ཚུལ་ལ།།

གྲོ་ཞིང་ཁ་ཡི་ས་ཆ་རེད།།

སྙན་མོ་རྡུང་ལེན་གྲག་ས་རེད།།

ཡག་པོ་བརྙན་ཕབ་གཏོང་ས་རེད།།

སྒོར་མོ་ཡོད་ན་ནང་དུ་འཛུལ།།

སྒོར་མོ་མེད་ན་ཕར་ལ་སོངས།།

ལྟ་རྒྱུ་ཉན་རྒྱུ་གཉི་ག་ཡོད།།

མ་གོ་མ་ཐོས་མ་ཟེར་བར།།

སྡེ་མིའི་ཡིད་ལ་དེ་ལྟར་ཞོག།

སྡེ་བའི་ནང་གི་གསར་བུ་འགའ་རེས་བརྙན་གཏོང་ཁང་གི་སྒོ་ཡོལ་ཡར་བཀྱགས་ཤིང་སྐེ་བསྲིངས་ནས་ནང་དུ་ལྟ་ཙམ་བྱེད་ཀྱང་། བསོད་ནམས་འབག་བཙོག་གིས་རེ་རེ་བཞིན་བཀག་སྟེ“མི་རེར་མོ་ཙེ་ལྔ་རེ་ཡིན། མོ་ཙེ་ལྔ་རེ་སྟེར་རྒྱུ་མེད་ན་ནང་དུ་འགྲོ་མི་ཆོག”ཅེས་བཤད་པ་ན། འགའ་རེས“ཁྱོད་ཚང་གི་རྩྭ་ཁང་ནང་དུ་འགྲོ་ནའང་སྒོར་མོ་སྟེར་དགོས་སམ། ཧོ་ཧོ་ཡ། འཆལ་གཏམ་བཤད་ཀི་མ་འདུག མི་འགྲོ་མི་འགྲོ། ཞུ་བ་བྱས་ནའང་མི་འགྲོ”ཟེར་བཞིན་སྐེ་གཅུས་ནས་བུད་སོང་། ལ་ལ་ད་དུང་བརྙན་གཏོང་ཁང་གི་སྒོ་ཁར་རྒྱང་བཀྱེད་ནས་ལངས་འདུག

“རྩྭ་ཁང་། འདི་རྩྭ་ཁང་རེད་དམ། ཅི་ཡང་ཤེས་ཀྱིན་མི་འདུག འདི་བརྙན་གཏོང་ཁང་རེད། གློག་བརྙན་སྟོན་ས་རེད།”

བསོད་ནམས་འབག་བཙོག་གིས་དེ་ལྟར་བཤད་རྗེས། སྔར་བཞིན་ཁོས་བརྙན་གཏོང་ཁང་ཡིན་ཟེར་བའི་ཁང་ཤར་དེའི་སྒོ་ཁར་ལངས་ནས“ངོ་མཚར་ལྟད་མོ་འདི་ན་ཡོད།། སྒོར་མོ་ཡོད་ན་ནང་དུ་ཕེབས། ། སྒོར་མོ་མེད་ན་ཕར་ལ་སོངས། ། མི་ཤེས་ཤེས་མདོག་མ་བྱེད་ཅིག”ཅེས་ཡང་བསྐྱར་གླུ་ལྟ་བུ་ཞིག་བླངས་བྱུང་།

སྐབས་དེར་སྡེ་བའི་ནང་གི་ལོ་ཡར་གསེག་ཅིག་ཚུར་ཡོང་སྟེ“འགྲོ་འགྲོ་འགྲོ། ས་རུབ་ཐལ། སྒྲོལ་འདོན་ལ་འགྲོ། དོ་ནུབ་ཨ་ཁུ་འཇིགས་མེད ་ཚང་རེད”ཟེར་བཞིན་སྔོན་ལ་ཕྱིན་པ་ན། དེར་འདུས་ཀྱི་མི་མང་ཆེ་བ་ལོ་ཡར་གསེག་དེའི་རྗེས་དེད་དེ་བུད་སོང་།

གྲོ་ཞིང་ཁའི་དགུན་ཁར་ཁྱིམ་ཚང་རེས་མོས་སུ་བསྐོར་ནས་མདོ་གདུགས་སྒྲོལ་གསུམ་འདོན་བཞིན་ཡོད་ཅིང་། དེ་ལ་སྡེ་བའི་ནང་གི་མི་རྣམས་ཀྱིས་སྒྲོལ་འདོན་ཟེར་བ་རེད།

བསོད་ནམས་འབག་བཙོག་གི་བརྙན་གཏོང་ཁང་གི་སྒོ་ཁར་རུབ་པའི་མི་མང་ཤས་ཤིག་བུད་སོང་ནའང་། ཤུལ་དུ་གསར་བུ་འགའ་རེ་དང་བྱིས་པ་མང་པོ་སྔར་བཞིན་བསྡད་འདུག་ཅིང་། སྐབས་ཤིག་ལ་བསོད་ནམས་འབག་བཙོག་ནང་དུ་སོང་ནས་རྡུང་ལེན་གཏོང་མཚམས་བཞག་པ་ན། དེའི་ཚབ་ཏུ་རྒྱ་སྐད་ཀྱིས་ལྡབ་ལྡིབ་ཅི་ཞིག་བཤད་པ་དང་། མཚམས་ཤིག་ཕན་ཚུན་སྐད་འགྲགས་དང་བཅས་ཁ་རྩོད་བྱེད་པ་དང་། དེ་ནས་ཕན་ཚུན་བར་ཁུ་ཚུར་གྱིས་ཤུགས་ཀྱིས་བརྒྱག་པའི་སྒྲ་ཡང་གསལ་བོར་གྲགས་ཡོང་།

རིག་ལྡན་གྱི་ནུ་བོ་སོགས་བྱིས་པ་མང་པོ་བརྙན་གཏོང་ཁང་གི་སྒོ་ཁར་རུབ་ཅིང་། མཚར་སྣང་དང་བཅས་ཅི་ཞིག་ལྟ་འདོད་དང་མཐོང་འདོད་ཀྱི་འཚང་ཁ་ཤིག་ཤིག་བྱེད་མོད། བསོད་ནམས་འབག་བཙོག་གིས“སྒོར་མོ་མེད་ན་གཅིག་ཀྱང་ནང་དུ་འགྲོ་རུ་མི་འཇུག”ཟེར་བཞིན་བཀག་བྱུང་ལ། དེ་ནས་རིག་ལྡན་གྱི་ནུ་བོ་ལ་བལྟས་ནས“ངས་ཁྱོད་ལ་ཁ་སང་ཕྱི་དྲོ་སྒོར་མོ་ཁྱེར་ལ་ཤོག་ཅེས་བཤད་པ་བརྗེད་སོང་ངམ། སོངས་སོངས། སྒོར་མོ་མེད་ན་ཕུ་བོར་སློང་དུ་སོངས”ཟེར།

བཀྲ་བྷོ་དང་རིག་ལྡན་གྱི་ནུ་བོ་སོགས་བྱིས་པ་རྣམས་དེ་ལྟར་བཤད་ཀྱང་ད་དུང་སྒོར་ཁར་རུབ་སྟེ་ནང་དུ་འཛུལ་འདོད་ཀྱི་སྟོང་བསམ་བཅངས་འདུག སྐབས་དེར་གསར་བུ་འགའ་རེས་བསོད་ནམས་འབག་བཙོག་ལ་མོ་ཙེ་ལྔ་རེ་སྤྲད་དེ་ནང་དུ་འཛུལ་སོང་། རིམ་བཞིན་མི་རྒན་རྣམས་ནང་དུ་འཛུལ་བ་ནང་དུ་འཛུལ། ཁྱིམ་ལ་ལོག་པ་ཁྱིམ་ལ་ལོག བརྙན་གཏོང་ཁང་གི་སྒོ་ཁར་བྱིས་པ་ཚོ་ལས་ལྷག་མི་འདུག

བཀྲ་བྷོ་དང་རིག་ལྡན་གྱི་ནུ་བོ་སོགས་བྱིས་པ་སྐོར་ཞིག་དགུན་འཁྱག་གི་མཚན་མོ་དེར་དེ་ལྟར་འདར་སིག་སིག་ངང་བརྙན་གཏོང་ཁང་གི་སྒོ་ཁར་རུབ་སྟེ་གློག་བརྙན་རྫོགས་རག་བར་དུ་བསྡད་ཅིང་། མཐའ་མར་ཕངས་སེམས་དང་བཅས་རང་རང་གི་ཁྱིམ་དུ་ལོག་སོང་།

མཚན་མོ་དེར་རིག་ལྡན་གྱི་ནུ་བོའི་རྨི་ལམ་དུ་བསོད་ནམས་འབག་བཙོག་ལ་ཞུ་བ་བྱེད་པ་དང་། ཡང་བསོད་ནམས་འབག་བཙོག་ལ་ཕྱག་འཚལ་བ་སོགས་རྨིས་ཏེ་ནམ་ཇི་ལྟར་གསལ་བའང་མ་ཤེས།

4

བསོད་ནམས་འབག་བཙོག་གི་བརྙན་གཏོང་ཁང་དེས་སྡེ་བའི་ནང་གི་སྒྲོལ་འདོན་ལ་བར་ཆད་ཆེན་པོ་ཐེབས།ཐོག་མར་སྒྲོལ་འདོན་གྱི་སྐབས་སུ་བྱིས་པ་རྣམས་ཇེ་ཉུང་ནས་ཇེ་ཉུང་དུ་སོང་བ་དང་། རིམ་བཞིན་གསར་བུ་གསར་མོ་རྣམས་ཀྱང་ཇེ་ཉུང་ནས་ཉེ་ཉུང་དུ་ཕྱིན་པས། སྡེ་བའི་ནང་གི་ལོ་ལོན་ཚོས་སྡེ་དཔོན་ལ་བསམ་འཆར་ཡང་ཡང་བཏོན་ནས་བརྙན་གཏོང་ཁང་དེའི་སྒོ་གཏན་དགོས་ཞེས་བཤད། ལོ་ལོན་སྐོར་ཞིག་སྡེ་དཔོན་ཚང་གི་ལྷས་ཀྱི་རྡོ་ཐེམ་སྟེང་ཙོག་སྟེ་སྡེ་དཔོན་ལ་བསམ་འཆར་བཤད། སྡེ་དཔོན་གྱིས་ལོ་ལོན་ཚོ་ཁྱིམ་དུ་གདན་དྲངས་ཀྱང་། ཁོ་ཚོས་གྲོས་བཏབ་པ་བཞིན་གཅིག་ཀྱང་ཁྱིམ་དུ་མི་འགྲོ་བར་ལྷས་ཀྱི་རྡོ་ཐེམ་སྟེང་བསྡད་བྱུང་ལ། སོ་སོས་རང་རང་གི་བསམ་འཆར་རྣམས་སྦ་གསང་མེད་པར་སྡེ་དཔོན་ལ་བཤད།

སྔགས་རྒན་རིག་འཛིན་གྱིས“བསོད་ནམས་འབག་བཙོག་གི་སྒྱ་སྒྱུ་མ་སྟོན་སའི་ཁང་པ་དེའི་སྒོ་མ་གཏན་ན་སྒྲོལ་འདོན་ལ་ཡོང་མཁན་ཇེ་ཉུང་རེད”ཟེར།

རྒད་པོ་དོན་གྲུབ་ཀྱིས“བསོད་ནམས་འབག་བཙོག་གི་སྒྱ་སྒྱུ་མ་སྟོན་སའི་ཁང་པ་དེའི་སྒོ་མ་གཏན་ན་སྡེ་བའི་སྲོལ་རྒྱུན་ཡག་པོ་འདི་ཉམས་རྒྱུ་རེད”ཟེར།

རྒད་པོ་བསམ་ཁོས“བསོད་ནམས་འབག་བཙོག་གིས་སྒྲོལ་འདོན་ལ་བར་ཆད་གཏོང་བ་ནི་སྡེ་བའི་ནང་གི་མི་རྣམས་མ་བརྩིས་པ་རེད”ཟེར།

རྒད་པོ་ཚེ་ལོས“བསོད་ནམས་འབག་བཙོག་འདིས་ནམ་ཡང་མ་རབས་ཀྱི་ལས་ཤིག་ལས་མི་སྒྲུབ། འདིས་ཁྱོད་སྡེ་དཔོན་མིག་ལ་མ་བཞག་པ་རེད”ཟེར།

……

སྡེ་དཔོན་གྱིས་ཁ་ནས་རྒད་པོ་ཚོར་བསྟུན་ཅི་ཐུབ་བྱེད་ཅིང་། བསོད་ནམས་འབག་བཙོག་དེ་དེ་ལྟར་ཁར་ཉན་མཁན་ཞིག་མིན་པ་ཁོའི་སེམས་ན་ཁྲིགས་ཁྲིགས་ཡིན།

སྡེ་དཔོན་གྱིས་བསོད་ནམས་འབག་བཙོག་བཙལ་ནས་ཁ་ཡག་ལ་བསྒྱུར་ནས་བཤད། ཞུ་བ་བྱས། བཙན་གཏམ་བཤད། མཐའ་མར་བསོད་ནམས་འབག་བཙོག་ཀྱང་ཐབས་ཟད་དེ་ཉི་མ་བདུན་གྱི་རིང་ལ་བརྙན་ཕབ་ཐེངས་གཅིག་མ་གཏོགས་གཏོང་མི་ཆོག་པ་དང་། སྡེ་བ་ཧྲིལ་པོས་སྒྲོལ་འདོན་རེས་བསྐོར་ནས་ཚར་རྗེས་འདོད་མོས་ལྟར་བྱས་ཆོག་པར་བྱས་པས། སྡེ་བའི་ནང་གི་ལོ་ལོན་ཚོ་ཤིན་ཏུ་འཐད་པ་མ་བྱུང་ཡང་རེ་ཞིག་མཚམས་བཞག་བྱུང་།

དེ་ནི་ཏག་ཏག་དགུན་གནང་གི་སྐབས་དང་འཁེལ་བས། བྱིས་པ་རྣམས་ནི་ཁོམ་ལོང་གི་དབང་དུ་སོང་སྟེ་ཉིན་མོར་གཡུལ་ཁར་འཛོམས་ཏེ་ཐང་ལ་རྟགས་ཤིག་བརྒྱབ་ཅིང་། དེ་ནས་རང་རང་ས་ནས་རྡོ་བ་ལེབ་མོ་རེའམ་དམ་བེའི་ཤེལ་མཐིལ་ལེབ་མོ་རེ་བཙལ་ཏེ་རྐང་པ་ཡ་གཅིག་ལ་བརྟེན་ནས་ཕར་ལྡིང་ཚུར་ལྡིང་གིས་འདེད་རེས་ཀྱིས་རྩེད་མོ་རྩེ་བ་དང་། མཚམས་སྡེ་བའི་གཡས་ལོགས་ཀྱི་གྲོག་མོར་བབས་ཏེ་དར་ཤུད་སྟེག་པ་སོགས་བྱེད། ཡིན་ནའང་། བསོད་ནམས་འབག་བཙོག་གི་བརྙན་གཏོང་ཁང་དེ་ཕྱེས་པ་ནས་རྩེད་མོ་དེ་དག་གི་འགུག་ཤུགས་ཀུན་ནས་ཉམས་ཤིང་། ཉིན་གང་བོར་གློག་བརྙན་ལ་ཇི་ལྟར་བལྟ་རྒྱུ་དེ་ཁོ་ན་སེམས་ལ་ཐོགས་ཏེ་དེའི་སྐོར་གྱི་ཁ་བརྡ་ཏག་ཏག་བྱེད་ཀྱིན་འདུག

ཉིན་དེར་བཀྲ་བྷོ་དང་རིག་ལྡན་གྱི་ནུ་བོ་སོགས་བྱིས་པ་འགའ་སྡེ་འདབས་ཀྱི་རྫིང་བུའི་ནང་དུ་འདུས་ནས་མེ་འབུད་ཞོར་ཐབས་ཇུས་འཐེན་བཞིན་འདུག སྡེ་འདབས་ཀྱི་རྫིང་བུ་དེ་ནི་གྲོ་ཞིང་ཁའི་འདབས་རོལ་གྱི་རྣང་ཞིང་དེ་དག་ཆུ་གཏོང་བར་བཟོས་པ་ཡིན། དབྱར་གྱི་དུས་ལ་རྫིང་བུའི་ནང་ནམ་ཡང་ཆུ་ལྟེམ་མེར་ཡོད་པ་དང་། གུང་གསེང་གི་སྐབས་དག་ཏུ་བྱིས་པ་རྣམས་རྫིང་བུའི་འཛུལ་ཏེ་ཆུ་རྐྱལ་སྟེགས་པ་དང་། རྫིང་བུའི་ནང་ཤིང་དུམ་ཞིག་སྦངས་སྦངས་ལ་ཡོད་པ་དེའི་འོག་ནས་ཕར་འཛུལ་ཚུར་འཛུལ་སུ་ཞིག་བྱེད་ཐུབ་པར་འགྲན་བསྡུར་བྱེད་པ་རེད། བཀྲ་བྷོ་ནི་བྱིས་པ་ཚོའི་ཁྲོད་ཀྱི་རྒྱལ་པོ་ཡིན་པ་དང་། རྩེད་མོ་ཅི་ཞིག་རྩེ་རུང་ཚང་མས་ཁོའི་ཁར་ཉན་དགོས། ཤིང་དུམ་དེའི་འོག་ཏུ་འཛུལ་ཐུབ་མཁན་ཡང་བཀྲ་བྷོ་ལས་མེད་པས། སུ་ཞིག་གིས་བཀྲ་བྷོའི་ཁར་མ་ཉན་ཚེ་དེ་ཡིས་འགྲམ་ལྕག་ཉོ་བར་ཐེ་ཚོམ་མེད།

དགུན་ཁའི་དུས་སུ་ཞིང་ལ་ཆུ་གཏོང་མི་དགོས་པས། སྡེ་འདབས་ཀྱི་རྫིང་བུ་དེས་ཀྱང་ལོ་གཅིག་གི་འགན་ཁུར་འགྲུབ་སྟེ་ངལ་གསོ་བ་བཞིན་སྟོང་བར་ལུས་ཡོད། བཀྲ་བྷོ་དང་རིག་ལྡན་གྱི་ནུ་བོ་སོགས་སྡེ་འདབས་ཀྱི་རྫིང་བུའི་ནང་འདུས་ཤིང་། ཚང་མས་བཀྲ་བྷོའི་ཁ་བཀོད་ལྟར་ལྗོན་ཤིང་ཡལ་འདབས་སྐམ་པོ་དང་རྟ་སྦངས་སྐམ་པོ་དང་ཨོང་བ་སོགས་བཏུས་ཏེ་རྫིང་བུའི་ནང་དུ་མེ་བུས་ཤིང་། དེ་ནས་ཚང་མ་མེ་ཡི་མཐའ་རུབ་སྟེ་ཅི་ཞིག་ལ་གྲོས་བྱེད་པ་ལྟར་ལྐོག་ལྐོག་སུད་སུད་ངང་ཅི་ཞིག་བྱེད་ཀྱིན་འདུག

བྱིས་པ་ཚོས་རྫིང་བུའི་ནང་ལྐོག་ལྐོག་སུད་སུད་ངང་ཅི་ཞིག་བཤད་བཤད་པས་མཐའ་མར་མི་འདོད་བཞིན་ཁས་ལེན་བྱ་དགོས་པ་ནི། ཉིན་བདུན་གྱིས་རིང་ལ་དེར་འདུས་ཀུན་གྱིས་ཉིན་བདུན་རེར་མི་ལྔ་རེས་རེས་བསྐོར་ནས་བཀྲ་བྷོ་ལ་མོ་ཙེ་གཅིག་རེ་བཙལ་རྒྱུ་དང་། མོ་ཙེ་གཅིག་རེ་བཀྲ་བྷོས་ལག་ཏུ་བཞག་རྗེས་བཀྲ་བྷོ་གློག་བརྙན་ལ་བལྟ་རུ་འགྲོ་རྒྱུ་དང་། གཞན་རྣམས་ཀྱིས་ཕྱི་ནས་བསྒུགས་ཏེ་གློག་བརྙན་གྲོལ་རྗེས། བཀྲ་བྷོས་ཁོ་ཚོར་གློག་བརྙན་གྱི་ནང་དོན་ཇི་བཞིན་ངོ་སྤྲོད་བྱ་རྒྱུ་དེ་ཡིན།

བཀྲ་བྷོས་མཇུག་ཏུ་ཁོ་ཚོ་རེ་རེའི་གདོང་ལ་མཛུ་གུ་བཙུགས་ཏེ“འདི་ནི་འུ་ཅག་གི་གསང་བ་ཡིན། སུ་ཞིག་གིས་ཁྱིམ་བདག་ལ་བཤད་ཚེ་ངས་མི་དེ་རང་དགར་མི་བསྐྱུར་ཁོ་ཐག་ཡིན”ཟེར།

རིག་ལྡན་གྱི་ནུ་བོ་ནི་གྲོས་གཞི་དེར་ཤིན་ཏུ་མི་འཐད་ཀྱང་བཀྲ་བྷོ་ལ་སྐྲག་སྟེ་རེ་ཞིག་དང་ལེན་མི་བྱེད་ཀ་མེད་བྱུང་།

5

མཚན་མོ་དེར་བཀྲ་བྷོ་བརྙན་གཏོང་ཁང་དུ་འཛུལ་རྗེས། རིག་ལྡན་གྱི་ནུ་བོ་སོགས་ཀྱིས་ཕྱི་ནས་འདར་སིག་སིག་ངང་རྣ་ཅོག་ཀྱང་ཕྱིད་ལ་ཁད་བར་དུ་བསྒུགས། གློག་བརྙན་གྲོལ་རྗེས་བཀྲ་བྷོས་ཁོ་ཚོ་ཁྲིད་དེ་རྫིང་བུའི་ནང་ཕྱིན་ཞིང་། དེ་ནས་ཁོ་ཚོས་གྲ་སྒྲིག་བྱས་ཡོད་པའི་ཡལ་ག་སྐམ་པོ་དང་རྩི་ཏོ་སོགས་མེར་བསྒྲོན་ཏེ་མེ་ཕུང་གི་མཐའ་རུ་བཀྲ་བྷོའི་ཁ་ནང་དུ་འཇུར། བཀྲ་བྷོའི་གདོང་གི་རྣམ་འགྱུར་ཡུད་ཙམ་ལའང་ཁ་མལ་གཅིག་ཏུ་མི་འདུག་པར། སྐབས་རེར་ཁྲོ་བའི་ཉམས་སྟོན་ཞིང་། མཚམས་རེར་འཛུམ་ཤིག་ཤིག་བྱེད། ཡང་ལན་རེར་ལག་པ་གཡུག་ཅིང་། མཚམས་མཚམས་སུ་རྐང་པས་ས་ལ་རྡུང་བ་སོགས་བྱེད་ཀྱིན་གློག་བརྙན་ནང་ཅི་དང་གང་མཐོང་བ་དེ་ལྟར་གཅིག་ཀྱང་མ་ལུས་པར་བཤད་པས། ཁོ་ཚོས་གློག་བརྙན་ལ་མ་བལྟས་ཀྱང་ཕལ་ཆེར་གློག་བརྙན་ཟེར་བ་བཀྲ་བྷོའི་ཉམས་འགྱུར་སྣ་ཚོགས་སྟེང་ནས་རབ་རིབ་ཅིག་གོ་སོང་།

ཡིན་ནའང་རིག་ལྡན་གྱི་ནུ་བོར་གློག་བརྙན་ལ་དངོས་སུ་ལྟ་འདོད་ཀྱི་འདུན་པ་དྲག་ནས་དྲག་རུ་ཕྱིན། ཁོས་ཉིན་རེ་རེ་བཞིན་དེ་ལ་བསམ་བློ་བཏང་ཡང་དྲན་ཚུལ་ཡག་པོ་ཞིག་མ་རྙེད། ཉིན་ཞིག་ཁོ་རང་ཐབས་ཟད་དེ་ཁྱིམ་ནས་ཀུ་ཤུ་མི་རྒན་གྱི་ཁུ་ཚུར་ལྟ་བུ་གཉིས་བརྐུས་ཏེ་བཀྲ་བྷོ་འཚོལ་དུ་ཕྱིན། ཁོས་བཀྲ་བྷོ་མི་མེད་ས་ཞིག་ཏུ་ཁ་རོག་གེར་བོས་རྗེས། ཁུག་མའི་ནང་ནས་ཀུ་ཤུ་གཉི་ག་བཏོན་ཏེ་བཀྲ་བྷོར་བྱིན་ཞིང་རང་གི་སེམས་དོན་ཇི་བཞིན་བཤད་ཅིང་། ལག་པས་མགྲིན་པ་འཐེན་ནས་གཅོད་ལ་ཁད་བྱས་མོད། བཀྲ་བྷོས་ལན་ཅི་ཡང་མི་འདེབས་པར་ཀུ་ཤུ་གཉི་ག་ཟོས་ཚར་རྗེས“དཔེ་མི་སྲིད”ཟེར།

“བཀྲ་བྷོ་ལོ་ལོ།”

“ཨ་བོ་བཀྲ་བྷོ་ལོ་ལོ།”

“ཨ་ཁུ་བཀྲ་བྷོ་ལོ་ལོ།”

“ཨ་ཕ་བཀྲ་བྷོ་ལོ་ལོ།”

བཀྲ་བྷོས་རིག་ལྡན་གྱི་ནུ་བོ་ལ་སྐད་ཆ་དེ་གཅིག་པུ་ལས་ཅི་ཡང་མི་བཤད་པར་ཐང་གི་སིལ་རོའི་སྟེང་རྐང་བཅག་ཅིག་བྱས་རྗེས་ཁ་ནས་སི་ལི་སྒྲོག་བཞིན་བུད་སོང་།

བཀྲ་བྷོ་སོང་ཤུལ་དུ་རིག་ལྡན་གྱི་ནུ་བོ་ནི་ཁོའི་སྟེང་དུ་སྙིང་ལངས་ནས་འབར་ལ་ཁད་བྱེད་མོད། རང་ཉིད་ནི་བཀྲ་བྷོའི་དོ་ཡ་མི་ཡོང་བ་ཤེས་ཏེ་ཁོག་སྡིགས་ཙམ་བྱེད་པ་ལས་ཐབས་ཟད་སོང་།

བཀྲ་བྷོས་མ་མཐའ་ཡང་དེ་ལྟར་གློག་བརྙན་ལ་ཐེངས་ལྔ་དྲུག་ཙམ་ལ་བལྟས་ཤིང་། མི་འགྱངས་པར་སློབ་གྲྭ་ཡང་འཚོགས་ལ་རན་པས། ད་ནི་གློག་བརྙན་ལ་བལྟ་མ་ཐུབ་ཚེ་སློབ་གྲྭ་འཚོགས་རྗེས་ལས་བྱ་ཤིན་ཏུ་མང་པོ་ཡོད་པས། གློག་བརྙན་བལྟ་རྒྱུ་ཕར་ཞོག་ཕ་མས་མཚན་མོ་སྒོར་ཡང་འགྲོ་རུ་མི་འཇུག་པ་ཁོ་ཐག་ཡིན། ཁོའི་སེམས་ལ་དེ་ལྟར་དྲན་པ་དང་བཀྲ་བྷོའི་སྟེང་དུ་སྙིངས་ལངས་ཤིང་། རང་ཉིད་ལའང་སྙིང་ལངས་ཏེ་གྲི་གཙག་ཅིག་བྱེད་འདོད་ཀྱི་བློ་ཡང་རྒྱུད་དུ་འཁོར།

ད་ནི་ཅི་བྱས་ན་དགའ་འམ།

རིག་ལྡན་གྱི་ནུ་བོས་ཡང་བསྐྱར་ཁྱིམ་ནས་སྒྲ་སྡུད་འཕྲུལ་ཆས་ཆུང་ཆུང་ཞིག་ཡོད་པ་དེ་བརྐུས་ནས་བཀྲ་བྷོ་འཚོལ་དུ་ཕྱིན། བཀྲ་བྷོས་སྒྲ་སྡུད་འཕྲུལ་ཆས་དེ་ལག་ཏུ་བླངས་ནས་ཕར་ལྟ་ཚུར་ལྟ་ལན་འགའ་བྱེད་ཅིང་། དེ་ནས་མཁའ་ལ་འཕྱར་ནས་ཉི་འོད་འོག་འོད་ལམ་ལམ་དུ་འཕྲོ་རུ་བཅུག་ནས་ཡུད་ཙམ་ལ་བསྡད་རྗེས“ ཁྱོད་ལ་ངོ་མ་གློག་བརྙན་ལ་བལྟ་འདོད་དམ”ཟེར།

“བལྟ་འདོད་དེ་ཤི་ཐལ།”

“དེས་ན་ད་དུང་དོན་དག་ཅིག་ཡོད།”

“རིག་ལྡན་གྱི་ནུ་བོའི་གདོང་ལ་དགའ་བའི་འཛུམ་མདངས་རབ་ཏུ་རྒྱས་ཏེ་ཁྱོད་ཀྱིས་ཤོད། ངས་བསྒྲུབ་ཁོ་ཐག་ཡིན”ཟེར།

“ཁྱོད་ཀྱིས་ངས་རྩིས་རིག་གི་དགུན་གནང་ལས་བྱ་འབྲི་རོགས་བྱས་ཚེ། ཐེངས་རྗེས་མར་ངས་ཁྱོད་ལ་གློག་བརྙན་བལྟ་རུ་བཅུག་ཆོག”ཟེར།

རིག་ལྡན་གྱི་ནུ་བོས་འདང་ཕྲན་བུ་ཙམ་ཡང་མི་བརྒྱག་པར“བསམ་རྒྱུ་མེད”ཟེར།

རིག་ལྡན་གྱི་ནུ་བོས་ལས་བྱ་འབྲི་དགོས་ཞེས་ཉིན་དཀར་ནུབ་མོ་མེད་པར་བྲིས་པས། ཨ་ཕས་ཁྱོད་ཀྱིས་གློག་རིན་བརླག་རྒྱུ་ཡིན་ནམ་ཞེས་གཤེ་གཤེ་གཏོང་ཞིང་། ཨ་མས་ཁྱོད་ཀྱི་མིག་ཞར་རྒྱུ་རེད་ཅེས་ཤ་ཚ་ཚ་བྱེད། རིག་ལྡན་གྱི་ནུ་བོས་ཉིན་གཉིས་ཀྱིས་དུས་ཚོད་བེད་སྤྱད་དེ་བཀྲ་བྷོའི་རྩིས་རིག་གི་ལས་བྱ་ཡོངས་སུ་བྲིས་ཚར་སོང་། ཕྱི་དྲོ་དེར་བསོད་ནམས་འབག་བཙོག་གི་གློག་བརྙན་ཁང་གི་ཕྱོགས་ནས་རྡུང་ལེན་བར་མེད་དུ་ལེན་བཞིན་འདུག རྡུང་ལེན་གྱི་དབྱངས་རྟ་དེ་ནི་དེ་འདྲའི་རྣ་ལ་འཇེབས་པ་ཞིག་སྟེ། རིག་ལྡན་གྱི་ནུ་བོས་དགུན་གྱི་གྲང་ངར་ཡོངས་སུ་བརྗེད་ཅིང་སེམས་ཁོང་དྲོད་ཀྱིས་ཁེངས། བརྙན་གཏོང་ཁང་གི་སྒོ་ཁར་བསོད་ནམས་འབག་བཙོག་གིས་གླུ་ལྟ་བུ་དེ་ཡང་ཡང་ལེན་བཞིན་འདུག

ངོ་མཚར་ལྟད་མོ་འདི་ན་ཡོད།།

སྒོར་མོ་ཡོད་ན་ནང་དུ་ཕེབས། །

སྒོར་མོ་མེད་ན་ཕར་ལ་སོངས། །

མི་ཤེས་ཤེས་མདོག་མ་བྱེད་ཅིག

……

རིག་ལྡན་གྱི་ནུ་བོས་བཀྲ་བྷོའི་འབྲི་དེབ་བཟུང་ནས་སྡེ་འདབས་ཀྱི་རྫིང་བུའི་ཕྱོགས་སུ་བརྒྱུགས། ཁོ་རྫིང་བུ་ཁར་སླེབས་དུས་བྱིས་པ་གཞན་དག་གཅིག་ཀྱང་བསླེབ་མི་འདུག ཁོས་སྡེ་བའི་ཕྱོགས་སུ་སྐེ་བསྲིངས་ནས་བལྟས་བལྟས་པར་སྔོན་ལ་ལྷ་དཔལ་དང་། དེ་ནས་འཕྲིན་ལས་དང་ལྕགས་བྱམས་སོགས་སྔ་གཞུག་བྱས་ཏེ་སླེབས། མཇུག་ཏུ་བཀྲ་བྷོས་ཁ་ནས་སི་ལི་སྒྲོག་བཞིན་ཡོ་ཙམ་ཡོ་ཙམ་གྱིས་སླེབས་བྱུང་།

རིག་ལྡན་གྱི་ནུ་བོས་བཀྲ་བྷོ་མཐོང་བ་དང་སྒུག་ལོང་མ་བྱུང་བར་འབྲི་དེབ་ཐོགས་ཏེ་ཁོའི་མདུན་དུ་བརྒྱུགས་པ་ན། བཀྲ་བྷོས་ཁོའི་ལག་ནས་འབྲི་དེབ་བླངས་ཏེ་ལྟ་ཡག་ཅིག་བྱས་རྗེས“ཁྱེད་ལ་བཀའ་དྲིན་ཆེ”ཟེར་ཞིང་དེར་མཐུད་དེ“ཧ་ཧ”ཞེས་བགད་བྱུང་།

རིག་ལྡན་གྱི་ནུ་བོའི་གདོང་ལ་འཛུམ་གྱིས་ཁེངས་བཞིན་བཀྲ་བྷོའི་གཡས་ནས་ལྡིང་ཙམ་དང་གཡོན་ནས་ལྡིང་ཙམ་གྱིས་རྫིང་བུའི་ཕྱོགས་སུ་འོངས། བཀྲ་བྷོ་རྫིང་བུའི་ཁར་སླེབས་རྗེས་དེར་འདུས་ཀྱི་བྱིས་པ་གཞན་དག་གི་ལག་ནས་མོ་ཙེ་གང་རེ་བླངས་རྗེས། ཁོ་ཚོར་ཁ་སང་དེ་རིང་ཙག་ཆེ་བས། ཁྱོད་ཚོ་བརྙན་གཏོང་ཁང་གི་སྒོ་ཁར་ཡོང་མི་དགོས། ཁྱེད་ཚོས་འདིར་མེ་བསྒོངས་ལ་སྡོད་དང་། ང་གློག་བརྙན་གྲོལ་རྗེས་འདིར་ཡོང་ཞེས་བཤད་རྗེས་ཕྱི་མིག་ཙམ་ཡང་མི་ལྟ་བར་བུད་སོང་།

རིག་ལྡན་གྱི་ནུ་བོས་ཤིན་ཏུ་འཚབ་སྟེ“ང ……”ཞེས་སྐད་ཆ་བཤད་མ་ཚར་གོང་། བཀྲ་བྷོ་ཕྱིར་འཁོར་ནས་ཐད་ཀར་རིག་ལྡན་གྱི་ནུ་བོའི་གམ་དུ་ཡོང་ཞིང་སྐད་ཆ་ཚིག་ག་གཅིག་ཀྱང་མི་བཤད་པར་ཁོའི་གདོང་ལ་འགྲམ་ལྕག་གིས་ཤུགས་ཀྱིས་ཐེངས་ཤིག་བྲབས་རྗེས“ ཞི་ལི། སྟོང་བསམ་མ་དྲན། ཨེ་གོ་ཐལ”ཟེར།

དེ་ནས་མེ་ཕུང་གི་མཐའ་རུ་བསྡད་དེ“ ཨ་ཤུ་ཤུ། གྲང་ངར་ཆེ་བ་ལ། ཆང་ཞིག་ཡོད་རྒྱུ་ན་ཅི་མ་རུང”ཟེར། དེ་ནས་ལག་པ་ཕུར་ཕུར་བྱེད་ཀྱིན་ཡར་ལངས་ཏེ“ཚང་མས་སྒུགས་སྡོད་དང་གློག་བརྙན་གྲོལ་རྗེས་ང་རེམ་མ་ཡོང”ཞེས་བཤད་རྗེས་བུད་སོང་།

རིག་ལྡན་གྱི་ནུ་བོའི་གདོང་ལ་བཀྲ་བྷོའི་འགྲམ་ལྕག་དེ་འབབ་སྲིད་པ་བློ་ལའང་མ་ཤར། ཁོས་ད་ནི་ཅི་བྱུང་ན་བྱུང་ཕར་འཐམ་དགོས་སྙམ་ཡང། མཇུག་ཏུ་སྙིང་སྟོབས་ཀྱིས་མ་འདང་བར་དྲན་ཚུལ་དེ་རང་གི་ཁོག་ནས་མི་གསོད་ཀ་མེད་བྱུང་། རིག་ལྡན་གྱི་ནུ་བོ་དང་བྱིས་པ་གཞན་དག་མེ་ཕུང་མཐའ་རུ་ཁ་རོག་གེར་བསྡད་དེ་བཀྲ་བྷོའི་རྗེས་ལ་མིག་གིས་མ་བཏང་བར་ཧད་འདུག

དུས་ཚོད་རིང་བོ་ཞིག་འགོར་རྗེས་བཀྲ་བྷོས“ཨ་ཤུ་ཤུ”ཟེར་བཞིན་བརྒྱུགས་ནས་རྫིང་བུའི་ནང་དུ་སླེབས་བྱུང་། དེ་ནས་ཡུད་ཙམ་ལ་མེ་ཁར་བསྲོས་རྗེས་ཅི་མི་སྙམ་པར་གློག་བརྙན་གྱི་ནང་དོན་མ་ལུས་ལུས་ངག་ཡིད་གསུམ་གྱི་རྣམ་འགྱུར་ཅི་རིགས་ཁྲོད་བཤད་རྗེས“ཨ་ཤུ་ཤུ། གྲང་བར་ཆེ་བ་ལ། ཆང་ཞིག་ཡོད་རྒྱུ་ན་ཅི་མ་རུང”ཟེར།

མཚན་མོ་དེར་རིག་ལྡན་གྱི་ནུ་བོ་ཁྱིམ་དུ་ལོག་རྗེས། འདང་ཡང་ཡང་བརྒྱབ་བརྒྱབ་པས་མཐར་བཀྲ་བྷོས་བཤད་པའི་སྐད་ཆ་ཞིག་ཡིད་ལ་ཝ་ལེར་ཤར་བྱུང་། དེ་ནི“ཆང་ཞིག་ཡོད་རྒྱུ་ན་ཅི་མ་རུང”ཟེར་བ་དེ་ཡིན། སྐད་ཆ་དེ་དྲན་པས་རིག་ལྡན་གྱི་ནུ་བོའི་སེམས་པ་བདེ་འབོལ་ལེར་གྱུར།

6

རིག་ལྡན་གྱི་ནུ་བོ་གཉིད་ན་སད་ན་ཀླད་པའི་ནང་དུ་གློག་བརྙན་ལ་བལྟ་རྒྱུ་ཁོ་ན་ལས་དྲན་བཞིན་མི་འདུག ཁོས་ཨ་ཕར་ཐེངས་འགར་བཤད་ཀྱང་། ཨ་ཕས“ཁྱོད་བསོད་ནམས་འབག་བཙོག་གི་བརྙན་གཏོང་ཁང་དུ་སོང་དང་ངས་ཁྱོད་ཀྱི་རྐང་པ་མ་བཅག་ན་ཁྱོད་ཀྱིས་ལྟོས”ཟེར། ཡང་གཅིག་བཤད་ན་ཨ་ཕས་སྒོར་མོ་སྟེར་བའི་དབང་དུ་བཏང་རུང་བཀྲ་བྷོ་ཁྱིག་སྐྱག་གིས་འགྲོ་རུ་ག་ལ་འཇུག ད་ནི་བཀྲ་བྷོ་ཁྱི་སྐྱག་དེར་བཀོད་པ་ཞིག་འཐེན་དགོས་སྙམ་ནས་འདང་རྒྱག་གི་ནང་དུ་ལྷུང་།

རིག་ལྡན་གྱི་ནུ་བོའི་ཨ་ཕ་ནི་ཆང་འཐུང་རྒྱུར་དགའ་བས། རིག་ལྡན་གྱི་ནུ་བོའི་ཨ་ཕས་རིག་ལྡན་གྱི་ནུ་བོར་བརྙན་འཕྲིན་ལ་ལྟ་སྤྱད་མི་སྟེར་རུང་། རང་གིས་རང་ལ་འཐུང་རྒྱུའི་ཆང་རྒྱུན་དུ་ཉོས་ཏེ་ཆ་སྒམ་ནང་དུ་བསྒྲིགས་ཡོད་པ་རེད། རིག་ལྡན་གྱི་ནུ་བོས་ཉི་མ་རེ་རེ་བཞིན་བརྩིས་ཏེ་ཉིན་བདུན་པར་སླེབས་པ་ན། ས་རུབ་མ་རུབ་ཀྱི་མཚམས་ནས། ཆ་སྒམ་སྟེང་གི་ཆང་རྒྱ་མ་གང་བརྐུས་ཏེ་རྫིང་བུའི་ཕྱོགས་ཕྱིན། དེ་རིང་ཡང་ཁོ་ནི་ཀུན་གྱི་སྔ་བ་སྟེ་ཆ་མ་རྣམས་ཕྱོགས་གཅིག་ཏུ་སྤུངས་ནས་མེར་བསྒྲོན་པར་བསྒུགས་ནས་བསྡད། དེ་དུས་བྱིས་པ་གཞན་དག་ཀྱང་སྔ་གཞུག་བྱས་ནས་སླེབས་བྱུང་ལ། བཀྲ་བྷོ་དུས་རྒྱུན་བཞིན་ཚང་མའི་རྗེས་ནས་འཁོར་བཞིན་འཁོར་བཞིན་སླེབས།

བཀྲ་བྷོ་སླེབས་པ་དང་རིག་ལྡན་གྱི་ནུ་བོས་འབར་ཞུན་བཏོན་ནས་མེ་ཁ་བསྒོས་པ་ན་ཆ་མ་དམར་ལམ་ལམ་དུ་འབར་བྱུང་། ཚང་མས་མ་བསྐུལ་དང་བླངས་ཀྱིས་བཀྲ་བྷོ་ལ་མོ་ཙེ་རེ་བྱིན་རྗེས། རིག་ལྡན་གྱི་ནུ་བོས་རུམ་ནས་དངོས་པོ་ཞིག་བཏོན་བྱུང་། དེ་ནི་མེ་ངོགས་སུ་འོད་ཀྱིག་ཀྱིག་བྱེད་པས། ཚང་མས་དུས་གཅིག་ཏུ་རིག་ལྡན་གྱི་ནུ་བོའི་ལག་གི་དངོས་པོ་དེར་བལྟས་བྱུང་། དེ་ནི་གཞན་མ་ཡིན་པར་རིག་ལྡན་གྱི་ནུ་བོས་རང་ཁྱིམ་གྱི་ཆ་སྒམ་སྟེང་ནས་བརྐུས་ཡོང་བའི་ཆང་དེ་རེད།

སྐབས་དེར་རིག་ལྡན་གྱི་ནུ་བོས་ཆང་དེམ་དེ་བཀྲ་བྷོའི་ལག་ཏུ་བཞག་སྟེ “འདི་ཆང་ཡིན། ཁྱོད་ཀྱིས་ཅུང་ཟད་ཐུངས་དང་ལུས་པོ་དྲོས་ན་ཐང”ཟེར། བཀྲ་བྷོས“ཆང་ཞིག་ཡོད་ན་ཅི་མ་རུང”ཟེར་ཡང་། ཆང་དངོས་སུ་ལག་ཏུ་བཞག་དུས་དམ་བེ་དེ་ལག་ཏུ་བཟུང་ནས་ཕར་སྐོར་ཚུར་སྐོར་འགའ་བྱེད་པ་ལས་འཐུང་མི་འཐུང་གི་གཏམ་ཅི་ཡང་བསྙད་མ་བྱུང་། དོན་དུ་བཀྲ་བྷོས་ཀྱང་ཆང་འཐུང་མ་མྱོང་བས་ཆང་ལག་ཏུ་བཞག་རྗེས་གློ་བུར་དུ་ཅི་ཞིག་བྱ་དགོས་པའང་མི་ཤེས་པར་གྱུར།

“བཀྲ་བྷོ། ཐུངས་ཡ།”

རིག་ལྡན་གྱི་ནུ་བོས་བཀྲ་བྷོས་གདོང་ལ་ཅེར་ནས་དེ་ལྟར་བཤད་པ་ན། བཀྲ་བྷོས་ཀྱང་བྱིས་པ་གཞན་དག་གི་གདོང་ལ་རེ་རེ་བཞིན་མིག་བཤེར་ཞིག་བྱས་རྗེས་སྔར་བཞིན་ཅི་ཡང་མི་སྨྲ་བར་བསྡད་བྱུང་།

མཚམས་ཤིག་ལ་གློ་བུར་སད་པ་བཞིན“འཐུང་ན་འཐུང”ཟེར་བཞིན། ཆང་དེམ་གྱི་ཁ་གཅོད་ལྕགས་ལེབ་དེ་ཕར་སྣོག་ཚུར་སྣོག་ལན་འགའ་བྱས་ཀྱང་འབྱེད་མ་ཐུབ། སྐབས་དེར་རིག་ལྡན་གྱི་ནུ་བོས་སྔར་ནས་གྲ་སྒྲིག་བྱས་ཡོད་པའི་ལྕགས་འབུག་དེ་བཀྲ་བྷོའི་ལག་ཏུ་བཞག་པ་ན། བཀྲ་བྷོས་ལྕགས་འབུག་དེ་ལྕགས་ལེབ་ཀྱི་བར་དུ་བཞག་ནས་ཡར་སྒོར་མར་སྒོར་ལན་འགའ་བྱས་པས་ལྕགས་ལེབ་དེ་གང་ཞིག་ཏུ་ཡེར་སོང་།

བཀྲ་བྷོས་སྔོན་ལ་ཧུབ་གང་བཏུངས་པ་དང་ཁ་གཉེར་སྣ་གཉེར་ཡུད་ཙམ་ལ་བྱས་རྗེས། ཆང་དེམ་བྱིས་པ་གཞན་དག་གི་ལག་ཏུ་སྤྲད་བྱུང་མོད། དེ་ནི་བཏུང་རྒྱུ་ཞིག་མིན་པར་བལྟ་རྒྱུ་ཞིག་ཡིན་པ་ལྟར། བྱིས་པ་གཞན་དག་གིས་མིག་གིས་རིག་རིག་ཏུ་ལྟ་བ་ལས་འཐུང་ཕོད་མཁན་མ་བྱུང་། སྐབས་དེར་བཀྲ་བྷོས་བཙན་བཀོལ་ནས“སྐྱག་ཕྲུག་འདི་ཚོར་ཆང་འཐུང་བའི་སྙིང་ཞིག་ཀྱང་མི་འདུག”ཟེར་བཞིན་ལག་ཏུ་བླངས་ནས་ཡང་བསྐྱར་ཁ་གཉེར་སྣ་གཉེར་བྱེད་ཀྱིན་ཧུབ་གང་བཏུངས་སོང་། དེ་ནས་རེ་རེ་ལ“མི་འཐུང་ནའང་འཐུང་དགོས”ཞེས་བཙན་འགྲགས་ཤིག་བྱས་སོང་བས། ཚང་མས་ཁ་གཉེར་སྣ་གཉེར་བྱེད་ཀྱིན་འཇིབ་ཙམ་འཇིབ་ཙམ་བྱས། ཆང་སྐོར་ཞིག་རྫོགས་རྗེས་ད་དུང་ཆང་ནི་ཅུང་ཟད་ལས་བཏུངས་མི་འདུག་པས། རིག་ལྡན་གྱི་ནུ་བོས“ཆང་བཏུང་རྒྱུ་ནི་སླ་མོ་ཞིག་རེད”ཅེས་ཆང་དེམ་མགོར་བསྐོར་ཡང་དོན་དུ་ཅུང་ཟད་ཙམ་ཡང་མ་འཐུང་།

བཀྲ་བྷོས་ཁོག་དཔུང་ཤོར་བར་དོགས་ནས་ཆང་ལ་ཧུབ་རྒན་ཞིག་བྱས་པ་ན་ཆང་ནི་དམ་བེའི་སྐེད་ཙམ་ལ་སླེབས། དེའི་འཕྲོར་ཀུན་གྱིས་ཀྱང་དཔའ་བསྐྱེད་དེ་འཕྲོ་རིམ་འཕྲོར་བཏུངས་པས། ཆང་དམ་བེ་གང་བོ་མིག་རྡེབ་དབང་ཙམ་གྱིས་རིང་ལ་ཚར་སོང་། དེ་ནས་ཁོ་ཚོས་ཆང་བཏུས་པའི་ཚོར་བ་ཁ་མ་ཐེམ་པར་བཤད་སྒང་དུ་སྔོན་ལ་བཀྲ་བྷོ་ལྟིག་སེ་འགྱེལ་སོང་། དེར་མཐུད་ནས་བྱིས་པ་གཞན་སྐོར་ཞིག་ཀྱང་འགྱེལ་སོང་།

མཚན་མོ་དེར་གྲོ་ཞིང་ཁའི་བར་སྣང་དུ་ཁ་བ་ལེབ་མོ་བྱ་སྒྲོ་ལྟ་བུ་འཐོར་འོང་གིན་འདུག སྐབས་དེར་རིག་ལྡན་གྱི་ནུ་བོས་བསམ་དོན་ཅི་ཞིག་འགྲུབ་པ་ལྟར་བཀྲ་བྷོའི་ཁུག་མ་ལས་མོ་ཙེ་ལྔ་བོ་བླངས་རྗེས་བྱ་འཕུར་བ་ལྟར་བརྙན་སྟོན་ཁང་གི་ཕྱོགས་སུ་བྱ་འཕུར་བ་ལྟར་བརྒྱུགས་སོང་།

དེ་དུས་ས་ཡོངས་སུ་རུབ་འདུག་ནའང་། རིག་ལྡན་གྱི་ནུ་བོས་རྡོག་འོག་གི་ལམ་ལ་ལྟ་ཙམ་ཡང་བྱ་མི་དགོས་པར་ཤུགས་ཀྱིས་རྒྱུག་བཞིན་འདུག

རིག་ལྡན་གྱི་ནུ་བོ་སྐད་ཅིག་ཙམ་གྱི་རིང་ལ་བརྙན་གཏོང་ཁང་གི་སྒོ་ཁར་སླེབས། བརྙན་གཏོང་ཁང་དུ་མི་འགའ་ཡིས་ཅི་ཞིག་རྩོད་གླེང་བྱེད་པ་ལྟར་འུར་སྒྲོག་པའི་སྒྲ་ནི་གློག་བརྙན་གྱི་སྒྲ་ལས་ཀྱང་མཐོ། ཁོས་ལག་ཏུ་མོ་ཙེ་ལྔ་བོ་བཙིར་ནས་བརྙན་གཏོང་ཁང་གི་སྒོ་ཡོལ་ཡར་བཀྱགས་པ་ན། ཁོའི་ཕུ་བོ་རིག་ལྡན་སོགས་སྡེ་བའི་ནང་གི་གསར་བུ་འགའ་ཆང་གིས་བཟི་སྟེ་བསོད་ནམས་འབག་བཙོག་གི་ཐོང་གར་འཇུས་ནས་ཡར་འཐེན་མར་འཐེན་བྱེད་ཀྱིན་འདུག་ལ། མི་རྣམས་ཡར་ལངས་ཏེ་བར་བཤོལ་བ་དང་། ཁ་ཤས་ཀྱིས་རྡུང་རེས་བརྒྱག་ན་སྒོར་སོངས་ཞེས་བཤད་ཀྱིན་འདུག རིག་ལྡན་གྱི་ནུ་བོས་དེར་ཁ་ཡ་མི་བྱེད་པར་མི་རྣམས་ཀྱིས་གསེང་ནས་ཕར་འཛུལ་ཚུར་འཛུལ་བྱས་ཏེ་བརྙན་འཕྲིན་འཕྲུལ་ཆས་མིག་ལ་ཤར་ཙམ་བྱས་པའི་མོད་ལ། ཁོས་བལྟས་བལྟས་ལ་ཕུ་བོ་རིག་ལྡན་གྱིས་ལག་གི་དམ་བེ་དེ་བརྙན་འཕྲིན་འཕྲུལ་ཆས་སྟེང་དུ་ཤུགས་ཀྱིས་འཕངས་པས། རྣ་ལམ་དུ་ཁྲོག་སྒྲ་སྙིང་ལ་གཟན་པ་ཞིག་གྲགས་པ་དང་ཆབས་ཅིག་ཁང་པའི་ནང་ཧྲིལ་བོ་ནག་འཐོམ་མེར་གྱུར།

མུན་ནག་ནང་རིག་ལྡན་གྱི་ནུ་བོའི་མིག་ཟུང་ཤེད་ཀྱིས་གདངས་ཏེ་འབག་སྐུ་བཞིན་ཀྲོང་ངེར་འགྱིང་ཞིང་། ལག་མཐིལ་དུ་བཙིར་བའི་མོ་ཙེ་ལྔ་བོ་རྔུལ་ཆུའི་ཡོངས་སུ་སྦགས།

7

རིག་ལྡན་གྱི་ནུ་བོའི་མིང་ལ་ལོ་ལོ་ཟེར།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།
རྩོམ་སྒྲིག་པ། ཚེ་མཁར་རྒྱལ། བསོད་ཚེ།