རེ་བའི་དབྱངས།
སྤེལ་བའི་དུས་ཚོད། : 2017-12-27 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཚིག ཁྱུང་མི་ཕམ་པ།

རིགས་ཞེན་གཙང་མའི་བློ་སྤོབས་དགུང་དང་མཉམ། །
ལྷག་བསམ་དགུ་ཚིགས་རིང་མོའི་ལང་ཚོ་མཛེས། །
ཆོས་རིག་གསེར་གྱི་མེ་ཏོག་ཡར་ལ་དར། །
གངས་ལྗོངས་བཀྲ་ཤིས་དགེ་མཚན་རྟག་ཏུ་འབར། །

བྱམས་ལྡན་ཕ་མའི་སྐུ་ཚེ་ཡུན་དུ་བརྟན། །
ནང་མི་སྤུན་མཆེད་བསམ་དོན་ཡིད་བཞིན་འགྲུབ། །
ཆོལ་གསུམ་བོད་ལ་ལོ་ལེགས་ཕུན་སུམ་ཚོགས། །
འཛམ་གླིང་ཞི་བདེས་ཁྱབ་པའི་སྨོན་འདུན་ཞུ། །
ཨ་་་འཛམ་གླིང་་་ཨ་་་ཆོལ་ཁ་གསུམ།
ཆོལ་གསུམ་བོད་ལ་ལོ་ལེགས་ཕུན་སུམ་ཚོགས། །
འཛམ་གླིང་ཞི་བདེས་ཁྱབ་པའི་སྨོན་འདུན་ཞུ། །

ལེ་བར་ཁྲི་ཡི་སྒྱུ་རྩལ་ལམ་ཆེན་དེ། །
ང་དང་གངས་ཕྲུག་སྟོང་གི་རེ་བ་ཡིན། །
རེ་སྨོན་དབྱངས་ལ་གྱེར་བའི་མཆོད་པ་དེ། །
དྲུག་འགྱུར་ངག་ལ་བཀུག་སྟེ་ཁྱེད་ལ་འབུལ། །
ཨ་་་སྨོན་འདུན་་་ཨ་་་ཁྱེད་ལ་འབུལ།
རེ་སྨོན་དབྱངས་ལ་གྱེར་བའི་མཆོད་པ་དེ། །
དྲུག་འགྱུར་ངག་ལ་བཀུག་སྟེ་ཁྱེད་ལ་འབུལ། །

ཡོང་ཁུངས། མི་དམངས་དྲ་བ།
རྩོམ་སྒྲིག་པ། བསོད་ཚེ།