གསར་རྩོམ་ཉམས་མྱོང་གླེང་བ།
སྤེལ་བའི་དུས་ཚོད། : 2017-11-22 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཚེ་རྒྱལ། པིར་མིང་རང་སྒྲ། བོད་ཀྱི་རྩོམ་པ་པོ། འབུམ་རམས་པ། རྩོམ་སྒྲིག་ཞུས་ཆེན་པ། ཞིབ་འཇུག་ཁ་ཕྱོགས། ནང་བསྟན། རྩོམ་རིག <<བོད་ཀྱི་དགོན་སྡེའི་རིག་གནས་སྤྱི་བཤད་མེ་ཏོག་ཕྲེང་བ>>དང<<འབའ་གཞུང་ལོ་རྒྱུས་མེས་པོའི་ཞལ་ལུང་།>> <<ཐོན་མི་སམྦྷོ་ཊའི་མཛད་རྗེས་ལས་བརྩམས་པའི་རྟོགས་བརྗོད་ཀུན་ཏུ་བཟང་པོའི་ཟློས་གར།>> <<གངས་འདབས་ཀྱི་གཏམ་རྒྱུད>> <<ཚེ་རྒྱལ་གྱི་སྒྲུང་གཏམ་ཕྱོགས་བསྒྲིགས>>(རྒྱ་ཡིག)<<ཕལ་བའི་མི་ཚེ>>སོགས་རིག་གཞུང་ཞིབ་འཇུག་དང་རྩོམ་རིག་བརྩམས་ཆོས་ཀྱི་དཔེ་དེབ་དྲུག་ཙམ་དཔེ་སྐྲུན་ཞུས་ཡོད།<<མང་ཚོགས་སྒྱུ་རྩལ་ལེགས་རྩོམ་དཔེ་ཚོགས>>དེབ༡༢དང་། <<བོད་ཀྱི་དམངས་སྲོལ་རིག་གནས་དཔེ་ཚོགས>>དེབ༡༨། གཞན་ཡང་<<བོད་ཀྱི་དམངས་ཁྲོད་རྩོམ་རིག་དཔེ་ཚོགས>>དེབ༧བཅས་དེབ་༣༧ཙམ་གཙོ་སྒྲིག་ཞུས་ཏེ་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་དང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ཡོད། སྐབས་གསུམ་པའི་སྦྲང་ཆར་རྩོམ་རིག་བྱ་དགའ་དང་། སྐབས་གཉིས་པའི་གངས་རྒྱན་རྟགས་མའི་རྩོམ་རིག་བྱ་དགའ།

མཚོ་སྔོན་ཞིང་ཆེན"རྒྱལ་ཁབ་བཙུགས་ནས་ལོ་འཁོར་ང་ལྔའི"རྩོམ་རིག་བྱ་དགའ། མཚོ་སྔོན་ཞིང་ཆེན"རྒྱལ་ཁབ་བཙུགས་ནས་ལོ་འཁོར་དྲུག་ཅུའི"རྩོམ་རིག་བྱ་དགའ། རྒྱལ་ཡོངས"ཏུང་ལེ་བུམ་པ"སྐབས་ཉེར་གསུམ་པའི་སྒྲུང་གཏམ་བྱ་དགའ་དང་། སྐབས་ལྔ་བའི<<ཟླ་ཟེར>>རྩོམ་རིག་བྱ་དགའ་བཅས་ཐོབ་མྱོང་། མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་དང་། མཚོ་སྔོན་ཞིང་ཆེན་ལོ་ཙཱ་བ་མཐུན་ཚོགས་ཀྱི་ཚོགས་མི། ད་ལྟ་མཚོ་སྔོན་ཞིང་ཆེན་རིག་གནས་ཁང་<<བོད་ཀྱི་དམངས་སྲོལ་རིག་གནས>>རྩོམ་སྒྲིག་ཁང་དུ་རྩོམ་སྒྲིག་གི་ལས་ཀ་གཉེར་མུས་སུ་ཡོད།།

གསར་རྩོམ་ཉམས་མྱོང་གླེང་བ།

དང་པོ། གསར་རྩོམ་གྱི་བརྒྱུད་རིམ།

གང་ཟག་སུ་ཞིག་བྱ་བ་ཅི་ཞིག་ལ་ཐོག་མར་འཇུག་སྐབས་དེ་ལ་མངོན་སུམ་ཡིན་མིན་གང་རུང་གི་རྒྱུ་རྐྱེན་ཟུར་བ་ཞིག་མེད་མི་སྲིད། དེ་བཞིན་དུ་ཁོ་བོ་ཐོག་མར་གསར་རྩོམ་ལ་འཇུག་དུས་ཀྱང་རྒྱུ་རྐྱེན་གཞན་ཞིག་ལ་བརྟེན་ནས་ད་གཟོད་རྩོམ་རིག་ཅེས་པ་འདི་ངོ་ཤེས་པ་ཡིན། <<མཚོ་སྔོན་བོད་ཡིག་གསར་འགྱུར>>གྱི་རྩོམ་རིག་པར་ངོས་ཤིག་ལ་དེ་སྔ་ཁོ་བོས་གསར་རྩོམ་གྱི་མྱོང་ཚོར་དེ་རགས་ཙམ་གླེང་མྱོང་།

ཁོ་བོ་གསར་རྩོམ་ལ་ཐོག་མར་འཇུག་པའི་དུས་ནི་དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་བའི་དུས་མཇུག་ཙམ་ཡིན། འདིའི་ཡར་སྔོན་ལ་རང་ཉིད་ཀྱང་དུས་སྐབས་དེའི་ན་གཞོན་གཞན་དག་དང་མཚུངས་པར་རྩོམ་རིག་གསར་རྩོམ་གྱི་ཚོད་བལྟ་མང་པོ་ཞིག་ལ་ཞུགས་མྱོང་། སྐབས་དེའི་རྩོམ་རིག་ལ་འཇུག་ཚུལ་ནི་མལ་ལ་ཉལ་བའི་དུས་སུ་གློ་བུར་དུ་རྩོམ་རིག་སེམས་སུ་ཤར་ཚེ་མྱུར་དུ་མལ་ལས་ལངས་ཏེ་སྨྱུག་གུ་ལག་ཏུ་བླངས་རྗེས་ད་གཟོད་གསར་རྩོམ་གྱི་བརྗོད་བྱ་ལ་བསམ་བློ་གཏོང་། སྐབས་དེར་རྩོམ་རིག་གསར་རྩོམ་གྱི་འཇུག་སྒོ་ཉག་ཅིག་ནི་<<སྦྲང་ཆར>>དང་། <<མང་ཚོགས་སྒྱུ་རྩལ>> <<མཚོ་སྔོན་སློབ་གསོ>> <<ཟླ་ཟེར>> <<མཚོ་སྔོན་བོད་ཡིག་གསར་འགྱུར>>གྱི<<གངས་རྒྱན་པད་མའི>>ལེ་ཚན་བཅས་ཡིན། དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་བའི་དུས་སྐབས་དེར་བོད་ཁུལ་གྱི་དུས་དེབ་རྣམས་ཕན་ཚུན་ལ་འགྲེམས་སྤེལ་བྱེད་དུས་ཚད་བཀག་གི་རང་བཞིན་ཧ་ཅང་ཆེ་བས<<བོད་ཀྱི་རྩོམ་རིག་སྒྱུ་རྩལ>>སོགས་ལག་སོན་འབྱུང་དཀའ་བས་ཞིང་ཆེན་ཕྱི་ནས<<ཟླ་ཟེར>>ཕུད། གོང་སྨོས་དུས་དེབ་དེ་དག་ལས་གཞན་ཞིང་ལྗོངས་ཕྱི་ཡི་དུས་དེབ་ཀྱིས་རང་གི་གསར་རྩོམ་ལ་མཐུན་རྐྱེན་མང་པོ་སྦྱོར་མ་ཐུབ། ཡིན་ནའང་། རྒྱུན་མཐོང་དུས་དེབ་དེ་དག་ཏུའང་སྒྲུང་གཏམ་མཛུབ་མོ་བཀུག་ན་བགྲང་ཐུབ་པ་འགའ་རེ་ལས་མེད་པས་ད་ལྟ་བསམ་ན། སྐབས་དེའི་རྩོམ་རིག་གི་མེ་ལྕེ་ཁོང་ན་འབར་བའི་ན་གཞོན་རྣམས་རྩོམ་རིག་གི་མཐུན་རྐྱེན་མང་པོ་ཞིག་ལ་མ་འཕྲད་པ་ནི་ཤིན་ཏུ་ཕངས་པའི་གནས་ཤིག་རེད།

སྤྱི་ལོ༡༩༨༨ལོའི་དབྱར་ཁར། ང་རང་བྱ་བའི་དགོས་དབང་གིས་ཕ་ཡུལ་ལ་བསྐྱོད་སྐབས། རང་སྡེ་ཕྱུག་མོའི་ཕྱོགས་སུ་བསྲིངས་པའི་ལམ་ཕྲན་ཞིག་གི་སྟེང་དུ་ང་རང་ལོ་རྒྱུས་ཀྱི་མི་སྣ་ཞིག་ལ་འཕྲད་བྱུང་། རྐྱེན་དེ་ལ་བརྟེན་ནས་ངའི་ཡིད་ལ་འདས་དོན་མང་པོ་ཞིག་དྲན་འོངས་པ་དང་། འདས་དོན་གྱི་ཟུར་རེ་རེ་ན་སྐབས་རེར་སྙིང་དགའ་ཞིང་ལན་རེར་ཞེ་སྨྲེང་བ། ཡང་སྐབས་རེར་སེམས་སྡུག་པ་བཅས་ཀྱི་ཚོར་བ་མནན་ཀྱང་གནོན་མི་ཐུབ་པ་ཞིག་བྱུང་སོང་། བདག་ལ་ཚོར་བ་དེ་འདྲ་བྱུང་བའི་དུས་སྐབས་དེ་དང་མཉམ་དུ"མི་སྣ"དེར་ཡང་ང་དང་འདྲ་བར་ཡིད་ཞུམ་ཞིང་སེམས་སྐྱོ་བ། ཡང་ན་སྙིང་དགའ་བའི་ཚོར་བ་ཞིག་སྐྱེ་སྲིད་ཀྱི་རེད་སྙམ། རྒྱུ་མཚན་ནི"ཁོ"འམ"ཁོ་མོ"ནི་རྩོམ་པ་པོའི་སྨྱུག་རྩེ་ནས་བཞེངས་པའི་རྟོག་བཏགས་ཀྱི་མི་སྣ་ཞིག་མ་ཡིན་པར་འཚོ་བ་དངོས་ལ་ཡོད་ཅིང་། ཤ་ཁྲག་གདོས་བཅས་ཀྱི་ཕུང་བོས་གྲུབ་པའི་མི་སྣ་ཞིག་ཡིན་པའི་རྐྱེན་རེད།

ཕ་ཡུལ་དུ་སླེབས་ནས་ཆུ་ཚོད་གཉིས་གསུམ་ཙམ་འགྱངས་ཀྱང་། ད་གིན་བྱུང་བའི་ཚོར་བ་དེ་ད་དུང་ཡིད་ལ་གཟུགས་ཅན་བཞིན་དུ་གནས་པས་ངའི་སེམས་སུ། རང་གི་ཡིད་དུ་གནས་པའི་གསང་བ་འདི་གྲོགས་པོ་ཞིག་ལ་གསང་གཏམ་གྱི་ཚུལ་དུ་ལན་ཅིག་སྨྲས་ན་ད་གཟོད་རང་གི་ཡིད་ཀྱི་བརྗོད་དུ་མེད་པའི་ཚོར་བ་དེ་ཡལ་ཐུབ་སྙམ།

ཞིབ་འདང་ཞིག་བརྒྱབ་ན། གསང་གཏམ་གྱིས་སྐབས་དེའི་ལོ་རྒྱུས་ཐན་ཐུན་ཙམ་བརྗོད་ཐུབ་པ་ལས་ཚོར་བ་དྲག་པོ་དེའི་བྱུང་རིམ་དང་བྱུང་རིམ་ཕྲ་མོ་ཞིབ་འབྲི་བྱ་ཐབས་ཡེ་ནས་མེད། སྐབས་དེར་ངའི་ཡིད་ལ་བརྗོད་དུ་མེད་པའི་ཚོར་བ་དེ་བརྗོད་ཐབས་ཀྱི་བློ་ཞིག་སྐྱེས་བྱུང་། དེ་ནི་ད་ལྟ་ང་ཚོས་གླེང་བཞིན་པའི་རྩོམ་རིག་ཡིན།

ངའི་ཉེ་འགྲམ་གྱི་གྲོགས་པོ་འགས"ང་རྩོམ་རིག་ལ་དགའ། ཁོ་རྩོམ་རིག་ལ་མོས"ཟེར་བ་ཐོས་མྱོང་། ཁོ་ཚོ་ཇི་ལྟར་དགའ་ཚུལ་དང་མོས་ཚུལ་དེར་ངས་རྒྱུས་ལོན་བྱས་པ་མེད་མོད། ཡིན་ནའང་། ང་རང་དགའ་ཚུལ་ནི་རྐྱེན་གློ་བུར་བ་དེ་འདྲ་ལས་བྱུང་བ་ཡིན། དང་ཐོག་ངས་རྩོམ་རིག་ནི་རང་གི་གསང་གཏམ་བརྗོད་བྱེད་ཅིག་རེད་སྙམ་མོད། རྗེས་སུ་རྩོམ་རིག་གཞུང་ལུགས་ལས"རྩོམ་རིག་ནི་སྤྱི་ཚོགས་འཚོ་བ་མཚོན་བྱེད་ཅིག་ཡིན"པའི་གནས་ལུགས་བཤད་འདུག

རྒྱུ་རྐྱེན་དེ་འདྲ་ལ་བརྟེན་ནས་བྲིས་པའི་སྒྲུང་གཏམ་ནི<<ཕ་ཡུལ་གྱི་ལམ་ཕྲན་སྟེང་ན>>(<<མང་ཚོགས་སྒྱུ་རྩལ>>༡༩༨༩ལོའི་དེབ་བཞི་བར་བཀོད)ཞེས་པ་དེ་ཡིན། དེར་བརྟེན་ངས་ད་གཟོད་སྒྲུང་ཐུང་དེ་དཀའ་ངལ་མེད་པར་འབྲི་ཐུབ་སོང་། སྒྲུང་ཐུང་དེ་ནི་ང་རང་ཉིད་ཀྱི་སྒྲུང་གཏམ་ཐོག་མ(དུས་དེབ་ཏུ་བཀོལ་བའི་སྒྲུང་གཏམ་ཐོག་མ)ཡིན་པར་མ་ཟད། སྒྲུང་གཏམ་དེ་ལ་བརྟེན་ནས་ངས་རང་གིས་སྒྲུང་གཏམ་ཇི་ལྟར་གསར་རྩོམ་བྱེད་པའི་རང་གི་ལམ་བུ་ཞིག་ཡིད་ནས་རྙེད་བྱུང་།

གོང་དུ་གླེང་བ་ལྟར། ཁོ་བོས་སྒྲུང་གཏམ་དེ་མ་བྲིས་པའི་ཡར་སྔོན་དུ་སྐབས་དེའི་ན་གཞོན་རྩོམ་དགའ་རྣམས་དང་འདྲ་བར་ཚོད་ལྟའི་གསར་རྩོམ་ལ་མ་ཞུགས་པ་མིན་ནའང་། འོན་ཀྱང་གསར་རྩོམ་གྱི་ཚོར་བ་ཞིག་གཞི་ནས་རྙེད་མ་མྱོང་ལ། གསར་རྩོམ་བྱེད་སྐབས་ཚོར་སྣང་མི་འདྲ་བ་ཞིག་དགོས་པའང་གཞི་ནས་ཤེས་མ་སོང་། དེ་བས"རྩོམ་རིག་ནི་སྤྱི་ཚོགས་འཚོ་བ་མཚོན་བྱེད་ཅིག་ཡིན"པའི་སྡོམ་ཚིག་འདི་ལ་རྗེས་སུ་ཡི་རང་བྱེད་བཞིན་ཡོད་ལ། རྩོམ་རིག་ནི་སེམས་ཀྱི་ཚོར་བ་ལས་མི་འབྱུང་བའི་ངེས་པའང་གཞི་ནས་མེད་པ་ཚོར་ཡོད།

ང་རང་གསར་རྩོམ་གྱི་ལས་ལ་ཞུགས་པ་ནས་ད་ལྟའི་བར་གྱི་རང་གི་གསར་རྩོམ་ལ་ཚིག་ཐུང་ངུའི་ལམ་ནས་སྤྱི་སྡོམ་ཞིག་བགྱིད་པའི་དབང་དུ་བཏང་ན།

ངར་གྱིས་འབྲི་བ་དང་བཙལ་ཏེ་འབྲི་བ། རྙེད་ནས་འབྲི་བ། བསམ་སྟེ་འབྲི་བ་བཅས་ཚན་པ་བཞི་རུ་དབྱེ་ཆོག

༡. ངར་གྱིས་འབྲི་བ།

འདི་ནི་རྩོམ་རིག་ལ་ཐོག་མར་འཇུག་དུས་ཀྱི་སེམས་ཀྱི་རྦ་རླབས་ཤིག་ཡིན་ལ། སེམས་ཀྱི་རྦ་རླབས་འདི་འདྲ་རྩོམ་པ་པོ་ཞིག་ལ་གཞི་ནས་མི་དགོས་པ་ཞིག་ཡིན་ཚོད་མི་འདུག ཁྱད་པར་ནི་རྩོམ་པ་པོ་ལ་ལར་རྦ་རླབས་དེའི་རླབས་ཤུགས་ཆུང་བ་དང་། རྩོམ་པ་པོ་ལ་ལ་ཞིག་ལ་སེམས་ཀྱི་རྦ་རླབས་དེའི་རླབས་ཤུགས་དྲག ཡང་རྩོམ་པ་པོ་ལ་ལར་སེམས་ཀྱི་རྦ་རླབས་དེ་འདྲ་རྒྱུན་དུ(མ་མཐའ་ཡང་གསར་རྩོམ་ལ་འཇུག་དུས)ཡོད་པ་དང་། ལ་ལ་ཞིག་ལ་ནི་གསར་རྩོམ་ལ་ཐོག་མར་འཇུག་དུས་སུ་མ་གཏོགས་མེད། དེ་ལས་བདག་ནི་ཆེས་ཕྱི་མ་དེའི་རིགས་སུ་གཏོགས།

དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་བ་ནི་བོད་ལ་རྩོམ་རིག་གསར་བ་དར་བའི་དུས་སྐབས་ཡིན་པ་དང་། དེའི་དུས་བོད་ཁུལ་དུ་བོད་ཀྱི་རྩོམ་རིག་དུས་དེབ་དང་ཚགས་པར(རྩོམ་རིག་པར་ངོས)འགའ་བྱུང་བའི་རྐྱེན་ལ་བརྟེན་ནས་རང་ཉིད་རྩོམ་རིག་གསར་རྩོམ་ལ་ངར་ལངས་པ་རེད། དེའི་དུས་གཞན་ལ་ལད་ཟློས་བྱས་ཏེ་སྙན་ངག་གཙོ་བྱས་པའི་རྩོམ་རིག་བརྩམས་ཆོས་ཀྱི་འབྲི་དེབ་ཁ་གྲངས་ཟིན་པ(ད་ལྟ་འགའ་རེ་ལས་བྱིངས་རྣམས་ཉར་ཚགས་མ་ཐུབ་པ་ཤིན་ཏུ་ཕངས)ཞིག་བྲིས་མྱོང་། ཡིན་ནའང་། དེ་དག་ལས་ཕལ་ཆེ་བ་ནི་རང་ཉིད་སྒེར་གྱི་ལོངས་སྤྱོད་ལས་རྒྱ་ཆེའི་ཀློག་པ་པོའི་ལོངས་སྤྱོད(དུས་དེབ་ཏུ་འགོད་སྐལ་མ་བྱུང)དུ་སྨིན་མ་མྱོང་། ད་ལྟ་བསམས་ན། དེ་དག་ནི་ངར་གྱིས་བྲིས་པའི་རྒྱུ་རྐྱེན་ཁོ་ན་ལ་རག་ལས་འདུག གསར་རྩོམ་བྱེད་སྐབས་རྩོམ་པ་པོ་ལ་ངར་དགོས་པ་བསྙོན་དུ་མེད་མོད། ངར་ཁོ་ནས་རྩོམ་མི་འཁྱོངས་པ་རང་གི་གསར་རྩོམ་གྱི་བརྒྱུད་རིམ་ལས་ར་སྤྲོད་བྱུང་། ངར་གྱིས་འབྲི་སྐབས་ཀྱི་ཞན་ཆ་གཙོ་བོ་ནི་བརྗོད་བྱ་ལ་ངེས་པ་ཆེན་པོ་ཞིག་མེད་པ་དེ་རེད། སྐབས་དེའི་གསར་རྩོམ་བྱེད་ཚུལ་ནི། མལ་དུ་ཉལ་བའི་དུས་སུ་རྩོམ་རིག་སེམས་སུ་ཤར་ཚེ་མྱུར་དུ་མལ་ལས་ལངས་ཏེ་གསར་རྩོམ་བྱེད་པ་དང་། དཔེ་ཀློག་སྐབས་སུ་རྩོམ་རིག་སེམས་སུ་ཤར་ན་དཔེ་ཆའི་ཁ་བསུམ་སྟེ་གསར་རྩོམ་གྱི་ལས་ལ་ཞུགས། གཞན་ཡང་ལམ་དུ་འགྲོ་སྐབས་རྐྱེན་གློ་བུར་བ་ཞིག་ལ་འཕྲད་ན་ཁྱིམ་དུ་སླེབས་མ་ཐག་དེ་ཉིད་བརྗོད་བྱར་བཟུང་སྟེ་གསར་རྩོམ་བྱས། ཡིན་ནའང་། བརྗོད་བྱ་ནི་སྨྱུག་གུ་ལག་ཏུ་བཟུང་རྗེས་ད་གཟོད་བསམ་བློ་གཏོང་བ་དང་། བརྗོད་བྱ་ལ་བསམ་བློ་གཏོང་བཞིན་ད་གཟོད་སྒྲིག་གཞི་བཀོད་སྒྲིག་བྱས། རྗེས་སུ་སྐབས་དེའི་རྩོམ་པ་པོ་ཞིག་གི་བརྩམས་ཆོས་ཤིག་ཏུ"ང་ཚོའི་རིག་གནས་ཀྱི་ཆུ་ཚད་ཞན་པ་དང་། ལོ་རྒྱུས་ཀྱི་ཤེས་བྱ་ཉུང་བ། རྩོམ་འབྲི་བའི་ཉམས་མྱོང་མེད་པ"ཞེས་པའི་ཚིག་ཅིག་མཐོང་བ་ལ་བརྟེན་ནས་ད་གཟོད་ངར་གྱིས་འབྲི་བའི་གསར་རྩོམ་གྱི་རྒྱུན་རྦད་དེ་ཆད་སོང་།

༢. བཙལ་ཏེ་འབྲི་བ།

དེ་ནི་གསར་རྩོམ་ལ་འཇུག་སྐབས་བརྗོད་བྱ་བཙན་གྱིས་བཙལ་ཏེ་འབྲི་བའི་དུས་རིམ་ཡིན། གསར་རྩོམ་ནི་སྤྱི་ཚོགས་འཚོ་བའི་ཁྲོད་ནས་གཞན་དང་ཁྱད་པར་ཡོད་པའི་བརྗོད་བྱ་ཞིག་རྙེད་པ་དང་བསྟུན་ནས་ད་གཟོད་བརྗོད་བྱ་དེ་གཞིར་བཟུང་སྟེ་འཆར་གཞི་ཡོད་པ་དང་། གོ་རིམ་ཡོད་པའི་སྒོ་ནས་རྩོམ་འབྲི་བྱེད་པའི་བྱ་བ་ཞིག་ཡིན་ཅིང་། གསར་རྩོམ་བྱེད་དུས་ཀྱི་ལྷུ་ཚིགས་གཙོ་བོ་ནི་བརྗོད་བྱ་འཚོལ་རྒྱུ་དེ་ཡིན། ཐོག་མར་བརྗོད་བྱ་ཁྱད་པར་བ་ཞིག་མ་རྙེད་ཚེ་དེ་ལ་གསར་རྩོམ་གྱི་གཞི་མེད་པས་གསར་རྩོམ་པ་ཞིག་ཡིན་ན། དུས་རྒྱུན་གྱི་འཚོ་བའི་ཁྲོད་ནས་སེམས་ལ་འཆར་སྒོ་སློང་ནུས་པའི་བརྗོད་བྱ་ཞིག་ལ་ཡིད་འཇོག་བྱེད་རྒྱུ་ནི་ཧ་ཅང་གལ་ཆེ།

"བཙལ་ཏེ་འབྲི་བའི"གནས་སྐབས་དེ་ནི་གསར་རྩོམ་གྱི་འདུན་པ་དྲག་པའི་རྐྱེན་གྱིས་དམིགས་ཡུལ་ཡོད་པའི་བརྗོད་བྱ་ངོ་མ་དེ་མ་རྙེད་ཀྱང་། འདུན་པའི་དབང་དུ་གྱུར་ཏེ་གསར་རྩོམ་བྱེད་པ་ཞིག་ཡིན་ཅིང་། སྤྱིར་དམིགས་བསལ་གྱི་བརྗོད་བྱ་ཞིག་གིས་དྲན་བསླངས་པ་ལ་རྐྱེན་བྱས་ཏེ་ད་གཟོད་གྲ་སྒྲིག་ཡོད་པའི་སྒོ་ནས་གསར་རྩོམ་ལ་འཇུག་དགོས་པ་ཞིག་ཡིན་མོད། བཙལ་ཏེ་འབྲི་བ་ནི་ཐོག་མར་འདུན་པ་དྲག་པོ་ཞིག་ལ་རྐྱེན་བྱས་ཏེ་གསར་རྩོམ་བྱེད་འདོད་བྱུང་བ་དང་། དེ་ནས་ཅི་ཞིག་འབྲི་བའི་རྩོམ་གྱི་བརྗོད་བྱ་འཚོལ་བའི་གོ་རིམ་ཅན་ཞིག་ཡིན། དེ་བས་བཙལ་ཏེ་འབྲི་བ་ལ་རྒྱུ་འབྲས་གོ་ལྡོག་པའི་རྣམ་པ་ཆགས་ཡོད་དེ། རྒྱུ་མཚན་ནི་བརྗོད་བྱ་དམིགས་བསལ་ཞིག་ལ་རྐྱེན་བྱས་ཏེ་གསར་རྩོམ་གྱི་ལས་ལ་ཞུགས་པ་ཡིན་ན། བརྗོད་བྱ་དེ་གསར་རྩོམ་གྱི་རྒྱུ་རུ་སོང་ཡོད་ལ། གསར་རྩོམ་ནི་བརྗོད་བྱ་དེའི་འབྲས་བུ་རུ་གྱུར་ཡོད། དེ་ལྟ་མ་ཡིན་པར་སྔ་མའི་རྩོམ་འདུན་ནི་བརྗོད་བྱའི་བརྒྱུད་རྒྱུ་བརྒྱུད་རྒྱུ་ཙམ་ལས་གསར་རྩོམ་གྱི་དངོས་རྒྱུ་མིན་པས། གསར་རྩོམ་ལ་བརྩེ་དུང་ཡོད་དགོས་ན། ཕྱི་མའི་བརྒྱུད་རྒྱུ་བརྒྱུད་རྒྱུ་སྟེང་གི་བརྗོད་བྱ་དེ་རྙེད་སྐབས་སྔོན་གྱི་རྩོམ་འདུན་གྱི་བརྩེ་དུང་དེ་གཞི་ནས་ཡལ་ཟིན་པའམ། ཡང་ན་བརྗོད་བྱ་དེའི་སྟེང་དུ་བརྩེ་དུང་ཞིག་འཐིམ་ཡོད་ཀྱང་སྔོན་གྱི་རྩོམ་འདུན་བྱུང་སྐབས་ཀྱི་བརྩེ་དུང་དེའི་དངོས་འབྲས་མིན་པས་སོ།།དེ་བཞིན་དུ་བཙལ་ཏེ་འབྲི་བ་ལ་གཏམ་རྒྱུད་རྫུན་བསྒྲིགས་ཀྱི་ཞན་ཆ་ཡང་མང་པོ་ཡོད་པས་ཚིག་གི་རོལ་རྩེད་ཅི་འདྲ་ཞིག་སྤྱད་ཀྱང་། བརྗོད་བྱའི་ཆ་ལ་གནས་པའི་བླ་སྲོག་མེད་པས་ཀློག་པ་པོའི་འདོད་བློ་བསྐོངས་པའི་ནུས་པ་ཞན།

བཙལ་ཏེ་འབྲི་བའི་གནས་སྐབས་དེར་རང་གི་ཉེ་འཁོར་དུ་བྱུང་བའི་དོན་རྐྱེན་རྣམས་གསར་རྩོམ་གྱི་བརྗོད་བྱ་རྣལ་མ་ཡིན་པ་མ་རྟོགས་པའམ། ཡང་ན་དེ་ཉིད་གསར་རྩོམ་གྱི་རྒྱུ་ཆ་ཡིན་པ་ངོས་མ་ཟིན་པར་བརྗོད་བྱ་མཚར་བོ་ཞིག་གནམ་ནས་འཚོལ་བའི་ལས་ལ་འབད་པས་གསར་རྩོམ་དང་འཚོ་བ་གཉིས་ཕན་ཚུན་ཁ་གྱེས་པའི་རྣམ་པ་ཆགས་ཀྱིན་ཡོད། དེའི་འབྱུང་རྩ་ནི་ཐོག་མར་གསར་རྩོམ་ཐད་ཀྱི་འཚོ་བར་ཆེད་དུ་ཟབ་ཞུགས་མ་བྱས་པ་ལ་རག་ལས་འདུག གསར་རྩོམ་བྱེད་མཁན་ཞིག་ལ་མཚོན་ན། གསར་རྩོམ་བྱེད་པའི་འདུན་མ་ཡོད་པ་ཙམ་གྱིས་མི་ཆོག་པར་གཏན་དུ་མི་ནུབ་པའི་གསར་རྩོམ་གྱི་རྒྱུན་བསྲིངས་དགོས་ན། གསར་རྩོམ་ཐད་ཀྱི་ཆ་རྐྱེན་མང་པོ་ཞིག་འཛོམས་པ་ལ་འབད་བརྩོན་བྱེད་དགོས།

༣. རྙེད་ནས་འབྲི་བ།

བརྗོད་བྱ་ཁྱད་པར་བ་ཞིག་རྙེད་རྒྱུ་དེ་རྩོམ་པ་པོ་སུ་ཞིག་ལ་མཚོན་ནའང་འབད་པས་གཉེར་དགོས་པའི་ལས་ཀ་ཞིག་ཡིན། གསར་རྩོམ་གྱི་ཉམས་མྱོང་ཅུང་བརྟན་པོ་ཡོད་པའི་རྩོམ་མཁན་ཞིག་ཡིན་ན་བརྗོད་བྱ་ཁྱད་པར་བ་ཞིག་རྙེད་ཚེ། དེ་ནི་དབུལ་བོས་གསེར་རྙེད་པའི་དགའ་སྤྲོ་ལས་ཀྱང་ལྷག་པའི་དགའ་སྤྲོ་སྐྱེས་སྲིད། རྒྱུ་མཚན་ནི་བརྗོད་བྱ་དེ་བརྩམས་ཆོས་ཀྱི་ལེགས་ཉེས་ལ་ཐད་ཀར་འབྲེལ་བ་དམ་པོ་ཡོད་པར་མ་ཟད། བརྗོད་བྱ་ཞིག་ཡོངས་སུ་རྙེད་པའི་དུས་དེར་བརྩམས་ཆོས་དེའི་བརྒྱ་ཆའི་ལྔ་བཅུའི་ཡན་ལེགས་གྲུབ་བྱུང་ཟིན་ཞེས་བརྗོད་ཆོག་པས་ཡིན། གསར་རྩོམ་སྐབས་བརྩམས་ཆོས་ལེགས་འགྲུབ་འབྱུང་དཀའ་བའི་རྒྱུ་རྐྱེན་གཙོ་བོ་ནི་ད་དུང་བརྗོད་བྱ་ཧྲིལ་བོ་ཞིག་རྙེད་མ་ཐུབ་པའི་རྐྱེན་རེད། སེམས་ལ་འཆར་སྒོ་སློང་ནུས་པའི་བརྗོད་བྱ་ཞིག་རྙེད་པའི་སྐབས་དེར་རྩོམ་པ་པོ་གསར་རྩོམ་གྱི་ལས་ལ་ཞུགས་ཆོག་མོད། གལ་སྲིད་བརྩམས་ཆོས་དེ་སྒྲུང་རིང་ལྟ་བུ་ཞིག་ཡིན་ན། བརྗོད་བྱ་གཅིག་ཙམ་རྙེད་པས་གཞི་ནས་འདང་གིན་མེད། དེ་ལ་ད་དུང་ཁ་སྐོང་གི་ཚུལ་དུ་གནས་པའི་བརྗོད་བྱ་མང་པོ་ཞིག་ངེས་པར་དགོས། ཁ་སྐོང་དུ་མཁོ་བའི་བརྗོད་བྱ་རྣམས་རྩོམ་པ་པོས་རྟོག་བཟོ་བྱས་ཆོག་ནའང་། མི་གཅིག་གི་རྟོག་པ་ལ་ཚད་ཡོད་པས་དེས་ཀློག་པ་པོའི་ཡིད་དབང་འགུགས་ཐུབ་མིན་དང་། སྤྱིའི་བརྗོད་བྱ་དེ་ལ་གཅིག་ཏུ་འཚམས་མིན་ནི་མོ་པས་མོ་འདེབས་པ་དང་མཚུངས་པར་ཐིག་པོ་ཡོང་མིན་ཁ་ཚོན་གཅོད་དཀའ། དེ་བས་བརྗོད་བྱ་གཅིག་གིས་བྲིས་པའི་བརྩམས་ཆོས་དེ་ཆིག་རྐྱང་ངམ་བཀླགས་རིན་མེད་པའི་གནས་སུ་ཡང་ལྷུང་ཉེན་ཡོད། རྙེད་ནས་འབྲི་བའི་དུས་སྐབས་སུ། སྲོག་ཤིང་ངམ་གཞུང་རྟ་ལྟ་བུའི་བརྗོད་བྱ་གཅིག་དང་། ཁ་སྐོང་ངམ་ལྷན་ཐབས་ལྟ་བུའི་བརྗོད་བྱ་དུ་མ་ཞིག་བསགས་དགོས། དེ་ལྟར་བརྗོད་བྱ་དུ་མ་ཞིག་ཡོད་ན་རྩོམ་གྱི་སྒྲིག་གཞི་བཀོད་སྒྲིག་བྱེད་སླ་བ་དང་བཀོད་སྒྲིག་བྱེད་བདེ་བ་ཡིན། "རྩོམ་པ་པོ་ལ་འཚོ་བའི་ཉམས་མྱོང་ཕུན་སུམ་ཚོགས་པ་ཞིག་དགོས"ཟེར་བ་ཡང་རྩོམ་མཁན་དེའི་རྒྱུད་ན་འཚོ་བའི་བརྗོད་བྱ་ཕུན་སུམ་ཚོགས་པ་ཞིག་ཡོད་མེད་ལ་བསྙད་པ་རེད། ཡིན་ནའང་། རྙེད་པའི་བྱ་བ་ནི་བཙལ་བའི་ལས་ལ་མ་བརྟེན་པར་གནམ་ནས་རྙེད་མི་སྲིད་པས་རྒྱུན་དུ་འཚོ་བའི་གྲུ་ག་ག་གེ་མོ་དང་། གྲོགས་ཕན་ཚུན་བར་གྱི་ཁ་བརྡ། དཔེ་ཀློག་དུས་སུ་རང་ལ་མཁོ་བའི་བརྗོད་དོན་བཅས་ལ་ཡིད་འཇོག་བྱེད་དགོས། སྤྱིར་སྲོག་ཤིང་ལྟ་བུའི་བརྗོད་བྱ་རྙེད་དཀའ་མོད། ཁ་སྐོང་དུ་གྱུར་བའི་བརྗོད་བྱ་འཚོལ་རྒྱུ་དེ་ཤིན་ཏུ་དཀའ་བ་མིན། སྲོག་ཤིང་གི་བརྗོད་བྱ་ནི་སྒྲུང་གཏམ་ལྟ་བུ་ལ་མཚོན་ན་སྒྲུང་གི་སྤྱི་ཁོག་ཡིན་པས་དེ་ལ་བྱུང་རིམ་མང་པོ་ཞིག་དགོས་པ་དང་། ཁ་སྐོང་དུ་གྱུར་བའི་བརྗོད་བྱ་ནི་དེ་ལྟར་མ་ཡིན་པར་བྱུང་རིམ་དེ་དག་དེ་ལས་ལྷག་པ་འབྱུང་ཕྱིར་དེ་ཉིད་ལ་རམ་འདེགས་ཙམ་བྱེད་པ་ཡིན་པས་བྱུང་རིམ་གཅིག་ཙམ་གྱིས་ཆོག རྙེད་ནས་འབྲི་བའི་གནས་སྐབས་འདིར་རྩོམ་པ་པོ་སུ་ཞིག་ལ་མཚོན་ནའང་བརྩམས་ཆོས་ཀྱི་ཁ་གྲངས་སྔ་མ་ལས་ལྟོས་བཅས་ཀྱིས་མར་ཆག་འབྱུང་བ་ཆོས་ཉིད་ཡིན། ཡིན་ནའང་། དེའི་དུས་ད་གཟོད་རྩོམ་མཁན་དེ་རྩོམ་རིག་ལ་འགན་ཁུར་བའི་རྩོམ་པ་པོའི་ལམ་དུ་གོམ་སྟབས་བསྙེགས་འགོ་བརྩམས་ཟིན་པས་སྐབས་དེར་བྱུང་བའི་བརྩམས་ཆོས་ནི་རང་གི་བརྩམས་ཆོས་སྔ་མ་ལས་ཁྱད་ཞུགས་པའི་ཚུལ་འདི་སུས་ཀྱང་བསྙོན་མི་ནུས།

༤. བསམ་སྟེ་འབྲི་བ།

སྒྲུང་གཏམ་ལྟ་བུ་ལ་མཚོན་ན། དེ་ནི་གཏམ་རྒྱུད་ཙམ་འཆད་རྒྱུ་དེ་མིན། གཏམ་རྒྱུད་ལ་བརྟེན་ནས་སྤྱི་ཚོགས་ཀྱི་ཟུར་དུ་མའི་འགལ་འབྲེལ་ལ་བསམ་བློ་གཏོང་བ་དང་། གཏམ་རྒྱུད་དེ་ལ་འཚོ་བའི་ཉིང་བཅུད་བསྡུས་ཅི་ཐུབ་བྱེད་པ་ནི་སྒྲུང་གཏམ་མམ་རྩོམ་རིག་གི་འོས་འགན་ཡིན། རྩོམ་པ་པོས་རྩོམ་རིག་ལ་འགན་ཁུར་ཏེ་འབྲི་བའི་དུས་རིམ་དེ་ནི་རྩོམ་པ་པོ་རྣམས་ཀྱི་མཐའ་མཇུག་གི་ལོག་མལ་ཡིན་སྲིད་སྙམ་བཞིན་ཡོད། བསམ་སྟེ་འབྲི་བ་ནི་འདི་ལ་ཁ་ཕྱོགས་པའི་དུས་རིམ་ཐོག་མ་ཙམ་ཡིན་པར་འདོད་ཅིང་། ཁ་རྒྱུན་ལ"རླབས་ཆེན་གྱི་རྩོམ་པ་པོ་ནི་རླབས་ཆེན་གྱི་བསམ་བློ་བ་ཡིན"ཞེས་བཤད་སྲོལ་ཡོད། བསམ་བློ་བ་ཞིག་ཡིན་ན་དེ་ལ་བསམ་བློའི་མ་ལག་རྒྱུད་ཚང་བ་ཞིག་དགོས་པས་ཤེས་བྱ་ཤིན་ཏུ་མང་པོ་ཞིག་མ་བསགས་པར་བསམ་བློའི་མ་ལག་ཅིག་ཆགས་ཐབས་མེད། སྤྱིར་བསམ་བློ་ནི་རང་ལ་ཐོབ་པའི་ཤེས་བྱ་མང་པོ་ཞུན་བརྡར་བྱས་པ་ལས་ཆགས་དགོས་པ་ཡིན་མོད། རང་གི་ཤེས་བྱ་མཐའ་དག་བསམ་བློ་རུ་འགྱུར་མི་ཐུབ། ས་སྒང་འདིར་ཤེས་བྱ་ཡོན་ཏན་ཅན་གྱི་མི་བགྲང་ལས་འདས་པ་ཞིག་བྱུང་ཡོད་ནའང་། བསམ་བློ་བ་མཛུབ་མོ་བཀུག་ན་བགྲང་ཐུབ་པ་ཙམ་ལས་བྱོན་མེད། འདི་ལ་རང་རེར་ཁ་དཔེ་ཞིག་ཡོད་པ་ནི"བསྟན་པ་གཅིག་ལ་སྟོན་པ་གཉིས་མི་འབྱོན"ཟེར། དེ་ནི་བསམ་བློའི་མ་ལག་གཅིག་གི་ནང་དུ་བསམ་བློ་བ་གཉིས་འོང་སྲོལ་མེད་པ་བསྟན་ཡོད། ཡིན་ནའང་། བསམ་བློ་བ་ནི་སྟོན་པ་ཡིན་མི་དགོས་པས་ནང་བའི་བསྟན་པ་ལ་མཚོན་ནས་བཤད་ན། ཀླུ་སྒྲུབ་ཐོགས་མེད་དབྱིག་གཉེན་སོགས་ཤིང་རྟའི་སྲོལ་འབྱེད་དང་། བོད་ཀྱི་གྲུབ་མཐའ་སོ་སོའི་སྲོལ་འབྱེད་པ་པོ་ནི་རླབས་ཆེན་གྱི་བསམ་བློ་བ་ཡིན་ཏེ། ཁོང་ཚོའི་ལྟ་སྒོམ་སྤྱོད་གསུམ་དུས་རབས་ལས་བརྒལ་ཡོད་པའི་ཕྱིར།

རླབས་ཆེན་གྱི་རྩོམ་པ་པོ་ནི་རླབས་ཆེན་གྱི་བསམ་བློ་བ་ཡིན་ཚུལ་ནི། རྩོམ་པ་པོ་དེར་བསམ་བློའི་གཞུང་ལུགས་རྒྱུད་ཚང་བ་ཞིག་མེད་ནའང་། རང་གི་བསམ་བློའི་མ་ལག་རྒྱུད་ཚང་བ་ཞིག་བརྩམས་ཆོས་སུ་ཐོར་བུའི་ཚུལ་དུ་གནས་ཡོད། བསམ་བློ་དེ་གཞུང་ལུགས་སུ་གྲུབ་མེད་པས་མི་ཚོས་དུས་ཐོག་དེར་གཅིག་ཏུ་བསྡོམས་ཏེ་དང་ལེན་བྱེད་དཀའ་ནའང་། དེ་དག་ནམ་ཞིག་གི་དུས་སུ་མིའི་རིགས་ཀྱི་དཀའ་ངལ་སེལ་བའི་ཆ་རྐྱེན་དུ་འགྱུར་ཐུབ། ཁྱད་པར་ནི་རླབས་ཆེན་གྱི་རྩོམ་པ་པོ་དང་རླབས་ཆེན་གྱི་བསམ་བློ་བ་གཉིས་ཀྱི་ཐབས་ལམ་མ་འདྲ་བས་རེད། རླབས་ཆེན་གྱི་བསམ་བློ་བས་མཚན་ཉིད་རིག་པ་བེད་སྤྱད་དེ་ཁོང་གི་བསམ་བློ་དེ་མི་རྣམས་ལ་ཐད་ཀར་བསྟན་པ་དང་། རླབས་ཆེན་གྱི་རྩོམ་པ་པོས་རྩོམ་རིག་གི་མཚན་ཉིད་རིག་པ་བེད་སྤྱད་པས་ཁོང་གི་བསམ་བློའི་མ་ལག་དེ་མི་རྣམས་ལ་བརྒྱུད་དེ་མ་གཏོགས་སྟོན་མ་ཐུབ་པས་སོ།།

རྩོམ་པ་པོ་ལ་བསམ་བློའི་མ་ལག་རྒྱུད་ཚང་བ་ཞིག་ཆགས་པའི་དུས་སྐབས་དེར་ད་གཟོད་རླབས་ཆེན་གྱི་རྩོམ་པ་པོའི་ས་ལ་བསྙེགས་པའི་དུས་རིམ་ཡིན། དེ་བས་ན་རྩོམ་པ་པོ་ཡོད་ཚད་བསམ་བློ་བ་ཡིན་མི་སྲིད་པ་དང་། རླབས་ཆེན་གྱི་བསམ་བློ་བ་ནི་དེ་བས་ཀྱང་ཡིན་མི་སྲིད། སྒྱུ་རྩལ་མཚོན་ཐབས་ལ་གཞན་འདྲོང་མི་འཇོག་པའི་རྩོམ་པ་པོ་ཞིག་གི་བསྒྲུབ་བྱ་ནི་བརྗོད་བྱའི་ཟབ་དང་རྒྱ་ཆེའི་འཚོལ་བསྙེགས་ཡིན་ལ། དེ་ལ་ད་དུང་སྒྱུ་རྩལ་གྱི་ཆེད་དུ་སྒྱུ་རྩལ་འཚོལ་བསྙེགས་བྱེད་པ་མིན། དེ་ནི་གོ་སླ་བའི་ངང་བཤད་ན་གནས་ལུགས་ཟབ་མོ་ཞིག་དང་གནས་ལུགས་རྒྱ་ཆེ་བ་ཞིག་འཚོལ་བསྙེགས་ཀྱི་ཆེད་ཡིན། དེ་ལྟའི་གནས་ལུགས་དེ་རྟོགས་དཀའི་གཞུང་ལུགས་ལས་འཚོལ་རྒྱུ་མ་ཡིན་པར་མི་དང་སྤྱི་ཚོགས(རྩོམ་རིག་གི་མཚོན་བྱ་མི་དང་སྤྱི་ཚོགས་ཡིན་པའི་ཕྱིར)ཀྱི་འབྲེལ་བ་ལས་འཚོལ་བ་ཡིན། གནས་ལུགས་དེ་ལ་གཞུང་ལུགས་སྟེང་མཚན་ཉིད་རིག་པ་ཟེར་ཞིང་། མཚན་ཉིད་ནི་རང་རེའི་གོ་བ་ལེན་སྲོལ་ལྟར་ན། གཟུགས་ནི་འཇིག་པའི་མཚན་ཉིད། ཚོར་བ་མྱོང་བྱའི་མཚན་ཉིད། འདུ་ཤེས་འཛིན་པའི་མཚན་ཉིད། འདུ་བྱེད་མངོན་པར་འདུ་བྱེད་པའི་མཚན་ཉིད། རྣམ་པར་ཤེས་པ་རྣམ་པར་རིག་པའི་མཚན་ཉིད། ཕུང་བོ་སྡུག་བསྔལ་གྱི་མཚན་ཉིད། ཁམས་གདུག་པའི་མཚན་ཉིད། སྐྱེ་མཆེད་སྐྱེ་བའི་སྒོའི་མཚན་ཉིད། རྟེན་འབྲེལ་འདུ་འཕྲོད་ཀྱི་མཚན་ཉིད་སོགས་ཡིན། གནས་ལུགས་དེ་འདྲ་མི་དང་སྤྱི་ཚོགས་ཀྱི་འབྲེལ་བ་ལས་བཙལ་ཏེ་རྩོམ་རིག་གི་མཚན་ཉིད་ལ་བརྟེན་ནས་མིའི་རིགས་ཀྱི་དཀའ་ངལ་བསལ་གྱིན་ཡོད་པས་རླབས་ཆེན་གྱི་རྩོམ་པ་པོ་ནི་རླབས་ཆེན་གྱི་བསམ་བློ་བ་ཡིན། གནས་སྐབས་འདི་འདྲ་ནི་རླབས་ཆེན་གྱི་རྩོམ་པ་པོ་རྣམས་ཀྱི་བཞུད་ལམ་ཞིག་ཡིན་པར་འདོད་པས་དེ་ལ་ཁོ་བོས་རེ་སྨོན་ཆེན་པོ་བྱེད་ཀྱིན་ཡོད།

གཉིས་པ། རྩོམ་པ་པོའི་ཆ་རྐྱེན།

འདིར་རྩོམ་པ་པོ་ལ་གཞན་ལས་ལྷག་པའི་ལྷན་སྐྱེས་ཀྱི་ཤེས་རབ་ལྡན་མིན་དེར་རྩོད་གླེང་བྱེད་རྒྱུ་མིན་ལ། རང་རེའི་གཞུང་དུ་དབང་རྣོན་དང་དབང་རྟུལ་གྱི་ཐ་སྙད་མཛད་པ་ནི་གསང་སྔགས་ཀྱི་དབང་དུ་བྱས་པ་ཡིན་ཅིང་། ལམ་ཐུན་མོང་དུ། ཞེས་གསུངས་ཡོད་པས་དབང་བོ་རྣོན་པོ་མེད་ཀྱང་བརྩོན་འགྲུས་ཀྱིས་ནུས་པ་བསྟན་ཡོད། དེ་བས་རྩོམ་པ་པོ་ཞིག་བྱེད་ནའང་། རང་ལ་ལྷན་སྐྱེས་ཀྱི་ཡོན་ཏན་མེད་ཀྱང་། བརྩོན་འགྲུས་ལ་བརྟེན་ན་རྩོམ་པ་པོར་འགྱུར་ཐུབ་པས་རྩོམ་པ་པོས་ངེས་པར་དུ་རྩོམ་རིག་གི་ཤེས་བྱ་ཡོན་ཏན་ལ་བརྩོན་འགྲུས་རྩོམ་དགོས། དེ་བས་གལ་ཏེ་རྩོམ་པ་པོ་དེའི་ཁོང་དུ་ཉར་བའི་ཤེས་བྱ་ནི་མཆོད་རྟེན་ཞིག་ཡིན་པའི་དབང་དུ་བཏང་ན། དེ་ལ་བང་རིམ་དུ་མ་ཞིག་དགོས་ངེས་རེད།

གནད་དོན་འདི་ནི་རྩོམ་པའི་ལས་ལ་འཇུག་པའི་ལས་དང་པོ་བ་ཞིག་གམ། ཡང་ན་གསར་རྩོམ་ལ་མོས་པའི་རྩོམ་མཁན་ཞིག་ལ་མཚོན་ན་དགོས་པ་ཧ་ཅང་ཆེན་པོ་འདུག

རྩོམ་རིག་ནི་སྐད་ཆའི་སྒྱུ་རྩལ་ཞིག་ཡིན་པ་དང་། རྩོམ་པ་པོ་ནི་སྐད་དང་ཡི་གེའི་སྒྱུ་རྩལ་ལ་ནམ་ཡང་ཁ་འབྲལ་ཐབས་མེད་པས་རྩོམ་པ་པོ་ཞིག་ལ་མཚོན་ན། སྐད་དང་ཡི་གེའི་རྨང་གཞི་ལེགས་པོ་ཞིག་འབྱོར་རྒྱུ་ནི་ངེས་པར་མེད་དུ་མི་རུང་བའི་ཤེས་བྱའི་རྨང་གཞི་ཡིན། དེ་ནི་མཆོད་རྟེན་ཞིག་ལ་ཆ་བཞག་ན། མཆོད་རྟེན་གྱི་བུམ་པའམ་བང་རིམ་དང་པོ་ཡིན།

རྩོམ་རིག་གསར་རྩོམ་ལ་འཇུག་སྐབས། རྩོམ་པ་པོ་སུ་དང་སུ་ཡིན་ཀྱང་གསར་རྩོམ་གྱི་ཐབས་ལམ་ལེགས་པོ་ཞིག་མ་རྙེད་ཚེ་གསར་རྩོམ་ལ་འཇུག་པའི་གནས་མེད་པར་མ་ཟད། དེ་ལས་གྲུབ་འབྲས་ཀྱང་འབྱུང་ཐབས་མེད། དེ་ཡང་གསར་རྩོམ་གྱི་ཐབས་ལམ་དེ་ནི་ངེས་པར་དུ་སྔོན་གྱི་རྩོམ་པ་པོ་འཇིག་རྟེན་སྟེང་གྲུབ་འབྲས་ཆེ་བའམ། ཡང་ན་ད་ལྟའི་རྩོམ་པ་པོ་གྲགས་ཅན་རྣམས་ཀྱི་རང་གི་གསར་རྩོམ་ཉམས་མྱོང་ལས་བསྐྲུན་པའི་བརྩམས་ཆོས་འབོར་ཆེན་བལྟ་ཀློག་བྱས་ཏེ་འཚོལ་བ་ལས་གཞན་དུ་རྙེད་པའི་གནས་མེད་པས་རྩོམ་པ་པོ་ཞིག་ཡིན་ན། གཞན་གྱི་རྩོམ་རིག་བརྩམས་ཆོས་མང་པོ་བལྟ་ཀློག་བྱས་ཏེ་རང་ལ་གསར་རྩོམ་གྱི་ཤེས་བྱ་མང་པོ་འཐོབ་པར་བྱ་རྒྱུ་ནི་མཆོད་རྟེན་གྱི་བང་རིམ་གཉིས་པ་ཡིན།

"རླབས་ཆེན་གྱི་རྩོམ་པ་པོ་ནི་རླབས་ཆེན་གྱི་བསམ་བློ་བ་ཡིན"ཞེས་གསུང་བ་ལྟར། རྩོམ་རིག་གསར་རྩོམ་གྱི་དམིགས་ཡུལ་ནི་རང་ཉིད་ཀྱི་འཇིག་རྟེན་ལྟ་ཚུལ་དང་མི་ཚེའི་ལྟ་ཚུལ། རིན་ཐང་ལྟ་ཚུལ་སོགས་རྩོམ་རིག་གི་ལམ་ལ་བརྟེན་ཏེ་གཞན་ལ་འདོན་སྤེལ་བྱེད་པ་ཞིག་ཡིན་པས་རྩོམ་པ་པོ་ཞིག་ལ་མཚན་ཉིད་རིག་པའི་ཤེས་བྱ་མེད་ན། རང་གི་འཇིག་རྟེན་ལྟ་ཚུལ་དེ་གཞན་ལ་སྒྲོགས་ཐབས་མེད་པས་རྩོམ་པ་པོ་ཞིག་ལ་མཚན་ཉིད་རིག་པའི་ཤེས་བྱ་ཅུང་ལེགས་པོ་ཞིག་འཛོམས་དགོས་པ་ནི་མཆོད་རྟེན་གྱི་བང་རིམ་གསུམ་པ་ཡིན།

རྩོམ་རིག་ལ་མི་རིག་པ་ཞེས་ཀྱང་ཟེར་ལ། རྩོམ་རིག་ཏུ་མི་ལས་བརྗོད་བྱ་གཞན་མེད་པ་དང་། གསར་རྩོམ་(ལྷག་པར་དུ་སྒྲུང་གཏམ)ཁྲོད་དུ་མི་སྣ་གསོན་པོ་གསར་བཞེངས་བྱ་རྒྱུ་ནི་རྩོམ་པ་པོ་རྣམས་ཀྱི་གཞོལ་ཐབས་མེད་པའི་འོས་འགན་ཡིན་པ་དང་། མི་སྣ་དེ་གསོན་པའི་ཐབས་ལམ་ཉག་ཅིག་ནི་དེའི་སེམས་ཁམས་ཞིབ་འབྲི་བྱེད་པ་ལ་རག་ལས། དེ་ཡང་མི་སྣའི་དགའ་བ་དང་ཁྲོ་བ་ལྟ་བུ་ཡིད་ཀྱི་གནས་སྐབས་ན་ཡོད་པའི་འགྱུར་བ་དེ་ཕྱིའི་ལུས་ངག་གི་ཉམས་སུ་ཤར་དུས་རྩོམ་པ་པོས་མི་སྣའི་སེམས་ཀྱི་དགའ་བའི་འགྱུར་བ་སྟོན་དུས། ཕྱི་རོལ་ཏུ་སྒེག་པའམ་རྩེད་འཇོའི་ཉམས་དང་། དགོད་བྲོ་བའི་འགྱུར་བ་སྟོན་དུས་ཕྱི་རོལ་ཏུ་བཞད་གད་དམ་གད་མོའི་ཉམས། སྡུག་བསྔལ་གྱི་འགྱུར་བ་སྟོན་དུས་ཕྱི་རོལ་ཏུ་མྱ་ངན་ནམ་སྙིང་རྗེ་བའི་ཉམས། ཁོང་ཁྲོའི་འགྱུར་བ་སྟོན་དུས་ཕྱི་རོལ་ཏུ་དྲག་ཤུལ་གྱི་ཉམས་དང་། སེམས་ཀྱི་གཟེངས་མཐོ་ཞིང་སྤོབས་པའི་འགྱུར་བ་སྟོན་དུས་ཕྱི་རོལ་ཏུ་དཔའ་བའི་ཉམས། འཇིགས་ཤིང་སྐྲག་པའི་འགྱུར་བ་སྟོན་དུས་ཕྱི་རོལ་ཏུ་བག་འཁུམས་པའི་ཉམས་དང་། སྐྱུག་བྲོ་བའི་འགྱུར་བ་སྟོན་དུས་ཕྱི་རོལ་ཏུ་མི་སྡུག་པའི་ཉམས། ངོ་མཚར་བའི་འགྱུར་བ་སྟོན་དུས་ཕྱི་རོལ་ཏུ་རྔམ་པའམ་ཧ་ལས་པའི་ཉམས་སོགས་འདོན་དགོས། དེས་ན་རྩོམ་པ་པོ་ཞིག་ལ་སེམས་ཁམས་རིག་པའི་ཕྱོགས་ཀྱི་ཤེས་བྱ་མང་པོ་ཡོད་ན་མི་སྣ་དེ་ཀློག་མཁན་གྱི་མིག་ལམ་དུ་གསོན་ཐུབ་ལ། རྩོམ་པ་པོར་སེམས་ཁམས་རིག་པའི་ཤེས་བྱ་ཅུང་ཟད་ཀྱང་མེད་ན། ག་དུས་སྒེག་པའི་ཉམས་འདོན་པ་དང་། ག་དུས་མི་སྡུག་པའི་ཉམས་འདོན་དགོས་པ་སོགས་ཤེས་ཐབས་མེད་པས་རྩོམ་པ་པོ་ཞིག་ལ་སེམས་ཁམས་རིག་པའི་ཤེས་བྱ་མང་ཙམ་དགོས་པ་ནི་མཆོད་རྟེན་གྱི་བང་རིམ་བཞི་བ་ཡིན།

རྩོམ་རིག་ནི་འཚོ་བའི་མེ་ལོང་ཞིག་ཡིན་པའི་ཆ་ནས་རྩོམ་པ་པོས་དེང་རབས་འཚོ་བ་མཚོན་པའི་སྐབས་སུ་གནའ་རབས་འཚོ་བ་ལ་ཁ་ཕྱིར་མི་ཕྱོགས་པའི་ངེས་པ་ཡེ་ནས་མེད། གནའ་རབས་འཚོ་བ་ནི་རྩོམ་པ་པོས་ལོ་རྒྱུས་ཀྱི་གླེགས་བམ་མ་བརྒྱུད་པར་རྟོགས་ཐབས་མེད་པས་རྩོམ་པ་པོ་ཞིག་ལ་མཚོན་ན། ལོ་རྒྱུས་ཤེས་བྱ་ནི་མེད་དུ་མི་རུང་བའི་རྒྱུ་ཆ་གལ་ཆེན་ཞིག་རེད། དེ་ལ་མི་རིགས་དེའི་ལོ་རྒྱུས་སྤྱི་འདུས་པ་མ་ཟད། མི་རིགས་དེའི་ས་གནས་ལོ་རྒྱུས་ཀྱང་འདུས། དེ་བཞིན་འབྲེལ་ཡོད་མི་རིགས་ཀྱི་ལོ་རྒྱུས་འདུས་པ་མ་ཟད། འཛམ་གླིང་གི་ལོ་རྒྱུས་ཀྱང་འདུས། ལྷག་པར་དུ་རང་གིས་གང་ཞིག་འབྲི་བཞིན་པའི་ས་ཁོངས་དེའི་ལོ་རྒྱུས་ནི་དེ་བས་ཀྱང་གཙོ་བོ་ཞིག་ཡིན། དེ་བས་རྩོམ་པ་པོ་ཞིག་ལ་མཚོན་ན་ལོ་རྒྱུས་ཕྱོགས་ཀྱི་གླེགས་བམ་དགོས་གལ་ཆེ་བར་བལྟ་ཀློག་བྱས་ཏེ་ལོ་རྒྱུས་ཤེས་བྱ་མང་པོ་ཞིག་རང་གི་ཤེས་བྱའི་བང་མཛོད་དུ་གསོག་ཉར་བྱ་རྒྱུ་ནི་མཆོད་རྟེན་གྱི་བང་རིམ་ལྔ་བ་ཡིན།

བོད་ཀྱི་རྩོམ་རིག་ལ་ཆ་བཞག་སྟེ་བཤད་ན། བོད་ཀྱི་རྩོམ་རིག་ཅིག་ཡིན་པས་ཆ་ནས་བོད་ཀྱི་སྤྱི་ཚོགས་དང་བོད་ཀྱི་འཚོ་བ་མཚོན་པ་ཞིག་ཡིན་དགོས། དེ་ཡང་བོད་མིའི་ངོ་བོ་ནི་བོད་ཀྱི་སྤྱི་ཚོགས་སུ་འཐིམས་ཡོད་པ་དང་། རྩོམ་རིག་གིས་བོད་ཀྱི་སྤྱི་ཚོགས་མཚོན་པའི་གོ་རིམ་ཁྲོད་ནས་ཏིལ་ལ་ཏིལ་མར་གྱི་ཚུལ་དུ་ཡོད་པའི་བོད་ཀྱི་དམངས་སྲོལ་ནི་རྩོམ་པ་པོའི་སྙུག་རྩེ་ནས་ནམ་ཡང་གཡོལ་ཐབས་མེད། ཡང་གཅིག་བཤད་ན། བོད་ཀྱི་དམངས་སྲོལ་གྱི་ཆ་ཡེ་ནས་མེད་པ་ཞིག་བོད་ཀྱི་རྩོམ་རིག་ཏུ་བགྲང་ཐབས་མེད་ལ། དེ་བཞིན་དུ་བོད་ཀྱི་དམངས་སྲོལ་ནི་བོད་མིའི་ངོ་བོ་ཡིན་ཞེས་ཀྱང་ཟེར་ཆོག དེ་འདྲའི་དམངས་སྲོལ་ལ་བོད་སྤྱིའི་དམངས་སྲོལ་འདུས་པ་མ་ཟད། ས་གནས་རང་བཞིན་གྱི་དམངས་སྲོལ་ཀྱང་འདུས། དེ་བས་བོད་ཀྱི་རྩོམ་པ་པོ་ཞིག་ལ་མཚོན་ན། རང་ཉིད་ལ་དམངས་སྲོལ་ཕྱོགས་ཀྱི་ཤེས་བྱ་ངེས་ཅན་ཞིག་ཡོད་དགོས་པ་དེ་མཆོད་རྟེན་གྱི་བང་རིམ་དྲུག་པ་ཡིན།

བོད་མི་རིགས་ནི་ཆོས་དད་ཀྱི་མི་རིགས་ཤིག་ཡིན་པ་དང་། བོད་ཀྱི་ཆོས་ལུགས་ལ་ནང་གསེས་སུ་བན་བོན་གཉིས་སུ་བཀར་ཡོད། དེ་ལ་བན་ཆོས་ཡིན་ནའང་འདྲ། བོན་ཆོས་ཡིན་ནའང་འདྲ། ཆོས་ལུགས་ནི་བོད་མིའི་འཇིག་རྟེན་ལྟ་ཚུལ་དང་། མི་ཚེའི་ལྟ་ཚུལ། རིན་ཐང་ལྟ་ཚུལ་བཅས་ཡིན་པས་བོད་ཀྱི་རྩོམ་པ་པོ་ལ་ཆོས་ལུགས་ཕྱོགས་ཀྱི་ཤེས་བྱ་ཅི་ཡང་མེད་ན་བོད་སྤྱི་ཚོགས་ཀྱི་ངོ་བོ་ངོ་མ་མཚོན་ཐབས་མེད་ལ། དེ་བཞིན་དུ་ཆོས་ལུགས་ཆོ་ག་དང་འབྲེལ་བའི་སྤྱི་ཚོགས་འཚོ་བ་དེ་ཡང་ཡང་དག་པ་ཞིག་སྟོན་ཐབས་མེད། དེ་བས་བོད་ཀྱི་རྩོམ་པ་པོ་ཞིག་ཡིན་ན། མ་མཐའ་ཡང་ཆོས་ལ་གོ་བ་འོལ་སྤྱི་ཙམ་ལོན་དགོས་པར་མ་ཟད། རང་གི་བརྩམས་ཆོས་ཀྱི་བརྗོད་བྱ་བྱེད་འདོད་པའི་ཆོས་ཀྱི་ནང་དོན་དེ་ཞིབ་ཙམ་ངེས་དགོས། དེ་བས་ཆོས་ལུགས་ཤེས་བྱ་ནི་མཆོད་རྟེན་གྱི་བང་རིམ་བདུན་པ་ཡིན།

སྒྲུང་གཏམ་ལྟ་བུ་ལ་མཚོན་ན། ཡུལ་ལྗོངས་ཞིབ་འབྲི་བྱེད་པའམ། ཡང་ན་བྱུང་རིམ་ཅི་ཞིག་ཞིབ་འབྲི་བྱེད་སྐབས། རང་ཉིད་གང་དུ་ཡོད་པའི་ས་ཆ་དེའི་ས་རྒྱུས་ཆུ་རྒྱུས་དང་། རྩི་ཏོག ལྗོན་ཤིང་། རི་སྐྱེས་སྲོག་ཆགས་ལ་སོགས་པའི་རྣམ་པ་བརྩམས་ཆོས་སུ་དགོད་མི་དགོས་པའི་ངེས་པ་ཡེ་ནས་མེད། དེ་ནི་བོད་ཡུལ་འདི་ཡུལ་ཁམས་གཞན་ལས་ཁྱད་ཞུགས་ཤིང་དམིགས་བསལ་གྱི་ཁྱད་ཆོས་ཡོད་པའི་ཁྱད་པར་འབྱེད་བྱེད་ཀྱང་ཡིན། དེ་བས་བོད་ཀྱི་རྩོམ་པ་པོས་ས་ཁམས་རིག་པ་དང་། སྐྱེ་དངོས་རིག་པ། སྲོག་ཆགས་རིག་པ་སོགས་འདུས་པའི་རིག་ཚན་ལ་ཆེད་དུ་སྦྱངས་པ་མཛད་ན། རང་ཉིད་ཀྱི་རྩོམ་པའི་ཁྱད་ཆོས་སྔར་ལས་ཕུན་སུམ་ཚོགས་པར་འགྱུར་བར་ཐེ་ཚོམ་ཅི་ཡང་མེད། དེའི་ཕྱིར་བོད་དང་འབྲེལ་བའི་སྐྱེ་དངོས་ས་ཁམས་རིག་པའི་ཤེས་བྱ་ཉར་རྒྱུ་ནི་མཆོད་རྟེན་གྱི་བང་རིམ་བརྒྱད་པ་ཡིན།

དེ་བཞིན་དུ་རྩོམ་མཁན་གྱི་སྨྱུག་ཁ་ཆབ་སྲིད་ལ་གཏོད་དགོས་ཚེ། ཆབ་སྲིད་ཕྱོགས་ཀྱི་ཤེས་བྱ་ཙམ་ཡོད་པ་དང་། སྨྱུག་ཁ་དེ་ཁྲིམས་ལུགས་ལ་གཏོད་དགོས་པ་བྱུང་ཚེ་ཁྲིམས་ལུགས་ཕྱོགས་ཀྱི་ཤེས་བྱ་མང་ཙམ་བསགས་དགོས། དེ་བཞིན་དུ་སྨྱུག་ཁ་དམག་དོན་ལ་ཕྱོགས་དགོས་པ་བྱུང་ན་དེའི་ཕྱོགས་ཀྱི་ཤེས་བྱ་ཉར་བ་དང་། གསོ་དཔྱད་ལ་གཏོད་དགོས་པ་བྱུང་ན་གསོ་རིག་གི་ཤེས་བྱ་ཉར་དགོས། མདོར་ན། རྩོམ་པ་པོའི་སྨྱུག་ཁ་གང་དུ་གཏོད་དགོས་ཀྱང་དེའི་ཕྱོགས་ཀྱི་ཤེས་བྱ་ཙམ་མེད་ན། བརྩམས་ཆོས་ཀྱི་བརྗོད་དོན་ཡང་དག་ཅིག་འོངས་ཐབས་མེད་པས། ཕྱོགས་སྣ་ཚོགས་ཀྱི་ཤེས་བྱ་མང་པོ་བསྡུ་ཉར་བྱ་རྒྱུ་ནི་མཆོད་རྟེན་གྱི་བང་རིམ་དགུ་བ་ཡིན། བང་རིམ་དགུ་ལྡན་གྱི་མཆོད་དེ་ཤིན་ཏུ་མཐོན་པོ་ཞིག་མིན་ལ། ཤིན་ཏུ་དམའ་མོ་ཞིག་ཀྱང་མིན། དེ་འདྲའི་མཆོད་རྟེན་ཞིག་བཞེང་རྒྱུ་ནི་ཇི་འདྲའི་ཁག་པ་ཞིག་རེད་ཨང་།

ཆ་རྐྱེན་འདི་དག་ནི་རྩོམ་པ་པོ་རང་ལ་ལྷན་སྐྱེས་ཀྱི་ཤེས་རབ་རྣོན་པོ་མེད་ཀྱང་། རང་གི་བརྩོན་འགྲུས་ལ་བརྟེན་ན་ཡེ་ནས་འགྲུབ་མི་ཐུབ་པ་ཞིག་ཀྱང་མིན། དེ་བས་ང་ཚོས་རྩོམ་པ་པོ་ལ་གཞན་དང་མི་མཚུངས་པའི་ལྷན་སྐྱེས་ཀྱི་ཤེས་རབ་ཅིག་ཡོད་དགོས་པར་ཁ་གཡར་ནས་བརྩོན་འགྲུས་ལྡན་པའི་རྩོམ་པ་པོ་རྣམས་བསྐྱེད་བསྲིངས་བྱེད་པ་ཁྱད་དུ་བསད་ན་རྩོམ་མཁན་གྱི་དཔུང་སྡེ་ཇེ་ཉུང་དུ་གཏོང་བའི་རྒྱུ་ལས་རྩོམ་མཁན་གྱི་ཐོན་ཁུངས་ཕུན་ཚོགས་ཚོགས་པར་གཏོང་བའི་ཆ་རྐྱེན་དུ་མི་འགྲོ་བས་གཅིག་ཡིན་ན་ཅིག་ཤོས་ཡིན་མི་སྲིད་པའི་ཕྱོགས་ལྷུང་གི་ལྟ་བ་འདི་ནི་ངེས་པར་བསལ་དགོས་སོ།།

གསུམ་པ། འཚོ་བ་དང་གསར་རྩོམ།

འདིའི་སྐབས་ཀྱི་འཚོ་བ་ནི་རྩོམ་པ་པོས་འཚོ་བའི་ཁྲོད་ནས་ཉམས་མྱོང་བླངས་ཟིན་པའི་འཚོ་བ་དེ་ལ་ཟེར། འཚོ་བའི་ཉམས་མྱོང་ལེན་པའི་བྱེད་ཐབས་ཉག་ཅིག་ནི་ལག་ལེན་ཡིན། འཚོ་བའི་ཉམས་མྱོང་ལེན་ཚུལ་ལ་རྩོམ་པ་པོ་སྤྱི་ཚོགས་འཚོ་བའི་ཁྲོད་དུ་དངོས་སུ་ཞུགས་ཏེ་འཚོ་བ་དེ་དངོས་སུ་རོལ་བའམ། ཡང་ན་དེ་ལ་རྟོག་དཔྱོད་བྱེད་པ་དང་བརྡར་ཤ་གཅོད་པ་སོགས་འདུ་བར་མ་ཟད། ཡིག་ཚགས་ཀྱི་སྟེང་ནས་འཚོ་བའི་ཉམས་མྱོང་ལེན་རྒྱུ་སོགས་ཀྱང་འདུ། དེ་ཡང་སྔ་མ་རྣམས་ནི་དངོས་སུ་བྱུང་བའི་འཚོ་བའི་ཉམས་མྱོང་དང་། ཕྱི་མ་ནི་བརྒྱུད་དེ་བྱུང་བའི་འཚོ་བའི་ཉམས་མྱོང་ཡིན། གང་ལྟར་འཚོ་བའི་ཉམས་མྱོང་ནི་རྩོམ་རིག་གསར་རྩོམ་ལ་མཚོན་ན་མེད་དུ་མི་རུང་བའི་གྲུབ་ཆ་ཞིག་ཡིན་ཅིང་། རྩོམ་པ་པོ་དངོས་སུ་འཚོ་བར་ཞུགས་དགོས་མིན་ཐད་ལ་གཞུང་ལུགས་པ་རྣམས་དོགས་སློང་བྱེད་བཞིན་ཡོད་ནའང་། སྤྱིར་འཚོ་བའི་ཕ་རོལ་ཏུ་འཚོ་བའི་རྩོམ་པ་པོ་མེད་ནའང་། རང་ཉིད་ཀྱིས་ད་ལྟ་འབྲི་རྒྱུ་ཡིན་པའི་འཚོ་བ་དེ་ནི་རྩོམ་པ་པོས་དངོས་བརྒྱུད་གང་རུང་ནས་ཉམས་མྱོང་བླངས་ཟིན་པའི་འཚོ་བ་རང་མཚན་པའམ། འཚོ་བ་བྱེ་བྲག་པ་ཞིག་མིན་ན་རྩོམ་པ་པོས་དེའི་ཕྱོགས་ཀྱི་འཚོ་བའི་ཉམས་མྱོང་བསགས་དགོས་པ་དེར་དོགས་གཞི་མེད་པ་ཞིག་རེད།

གསར་རྩོམ་ལ་ཞུགས་དུས་ཀྱི་འཚོ་བ་དེ་རྩོམ་རིག་གཞུང་ལུགས་སྐབས་ཀྱི་འཚོ་བ་ལྟ་བུ་འཚོ་བ་སྤྱི་མཚན་པ་ཞིག་གམ་དོན་སྤྱི་ཞིག་མ་ཡིན་པར་རྩོམ་པ་པོ་ལ་དངོས་བརྒྱུད་གང་རུང་ནས་ཐོབ་པའི་འཚོ་བ་རང་མཚན་པ་ཞིག་གམ་བྱེ་བྲག་པ་ཞིག་ཡིན་དགོས།

མི་རྣམས་རྣམ་པ་ཀུན་ཏུ་སྤྱི་ཚོགས་འཚོ་བ་ལས་གོམ་གང་ཡང་ཁ་འབྲལ་ཐབས་མེད་ཀྱང་། རྩོམ་པ་པོས་སྤྱི་ཚོགས་འཚོ་བ་ལས་ཉམས་མྱོང་ལེན་པའི་འཚོ་བ་དེ་ནི་ང་ཚོས་སྤྱིར་བཏང་དུ་རོལ་བའི་འཚོ་བའི་ངོ་བོ་མ་ཡིན་པར་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་འཚོ་བའི་ཁྱད་པར་ཡིན། རྩོམ་པ་པོས་རྒྱུན་དུ་འཚོ་བར་བསམ་གཞིགས་བྱེད་པ་ནི་དེ་ལྟ་བུའི་སྤྱིར་བཏང་གི་འཚོ་བའི་གོ་རིམ་ཞིག་མ་ཡིན་པར་དམིགས་བསལ་གྱི་འཚོ་བའི་ཁྲོད་ནས་ཅི་ཞིག"གསར་རྙེད"འབྱུང་རྒྱུ་དེ་ཡིན། "གསར་རྙེད"ཅེས་པའི་དངོས་པོ་དེ་ནི་དོན་དུ་འཚོ་བའི་ངོ་བོར་འཐིམ་པའི་འཚོ་བའི་གནས་ལུགས་ཤིག་ཡིན་པས་རྩོམ་པ་པོ་གསར་རྩོམ་ལ་སྤྲོ་བའི་རྒྱུ་མཚན་ནི་གནས་ལུགས་དེ་བཤད་འདོད་པའི་རྐྱེན་ཡིན་པ་དང་། ཀློག་པ་པོ་བརྩམས་ཆོས་ལ་མོས་པའི་རྒྱུ་མཚན་ཡང་གནས་ལུགས་དེ་ཤེས་འདོད་པའི་རྐྱེན་ཡིན།

རྩོམ་པ་པོས་འཚོ་བའི་ཉམས་མྱོང་ལེན་ཚུལ་ནི་རྩོམ་པ་པོས་འབྲི་འདོད་པའི་ཕྱུགས་རྫི་དེའི་ཆེད་དུ་ཕྱུགས་འཚོ་རུ་འགྲོ་བ་དང་། འབྲི་འདོད་པའི་ཞིང་བ་དེའི་ཆེད་དུ་ཞིང་འདེབས་སུ་འགྲོ་བ་ལྟ་བུ་ཞིག་མི་དགོས་པར་འདོད་དེ། ཕྱུགས་འཚོས་པ་ཙམ་དང་ཞིང་བཏབ་པ་ཙམ་གྱིས་ཕྱུགས་རྫི་དང་ཞིང་བའི་སེམས་ཁམས་ཡོངས་སུ་རྟོགས་ཐབས་མེད། རང་གི་ཉམས་མྱོང་སྟེང་ནས་བཤད་ན། ཕ་རོལ་བའི(སྤྱི་ཚོགས་འཚོ་བའི་མི)སྟེང་ན་རང་ཉིད(རྩོམ་པ་པོ)ལ་སེམས་འགུལ་ཐེབས་ནུས་པའམ། ཡང་ན་འཆར་སྒོ་སློང་ནུས་པའི་སྤྱོད་སྟངས་གཉིས་ཡོད་དེ། གཅིག་ནི་ཕ་རོལ་བའི་སྐད་ཆ་དང་། ཅིག་ཤོས་ནི་ཕ་རོལ་བའི་བྱ་སྤྱོད་ཡིན། བསྡོམས་རྩིས་ཤིག་བརྒྱབ་ན། ང་རང་ཉིད་ཀྱི་བརྩམས་ཆོས་ལ་གནས་ཚུལ་དེ་གཉིས་ཀྱི་བརྒྱ་ཆའི་གྲངས་མང་པོ་ཟིན་འདུག དེ་བས་ང་རང་ལ་བསམ་བཞིན་དང་བསམ་བཞིན་མ་ཡིན་པ་གང་རུང་གི་སྒོ་ནས་དུས་རྒྱུན་ཕ་རོལ་བའི་སྐད་ཆ་དང་། ཕ་རོལ་བའི་བྱ་སྤྱོད་ལ་ཡིད་འཇོག་བྱེད་རྒྱུ་དེ་གོམས་གཤིས་སུ་ཆགས་ཡོད། འཚོ་བ་ནི་རྒྱ་མཚོ་ལྟ་བུ་རྒྱ་ཆེ་བ་ཞིག་ཡིན་པས་འཚོ་བའི་ཉམས་མྱོང་ལེན་པའི་ལས་དང་པོ་བ་ལ་མཚོན་ན། འཚོ་བར་ཟབ་ཞུགས་བྱས་ཏེ་འཚོ་བའི་ཉམས་མྱོང་ལེན་དུས་འགོ་གང་ཞིག་ནས་རྩོམ་དགོས་པ་མི་ཤེས་པའི་དཀའ་ངལ་ལ་འཕྲད་སྲིད། འགའ་ཞིག་གིས་འཚོ་བའི་ཉམས་མྱོང་ལེན་རྒྱུ་དེ་གཏམ་རྒྱུད་ཀྱི་རྒྱུ་ཆ་མང་པོ་བསྡུ་རུབ་བྱ་རྒྱུ་ཙམ་དུ་འདོད་མོད། རྒྱུ་ཆ་དེ་དག་གི་ཁྲོད་ན་ཀློག་པ་པོ་ལ་འཆད་རྒྱུའི་གནས་ལུགས་གསར་བ་ཞིག་མེད་ན་རྒྱུ་ཆ་དེ་དག་ནི་ཕུབ་མའི་ཕུང་པོ་ལྟར་བོངས་ཆེ་ཡང་སྙིང་བོས་སྟོང་བ་ཡིན། གལ་སྲིད་ཁྱོད་ལ་འཚོ་བའི་ཉམས་མྱོང་ལེན་པའི་མན་ངག་གསར་བ་གཞན་མེད་ན། གནས་སྐབས་སུ་ཕ་རོལ་བའི་སྐད་ཆ་དང་བྱ་སྤྱོད་གཉིས་ཁྱོད་རང་འཚོ་བར་ཟབ་འཇུག་བྱེད་པའི་ཐོག་མའི་འཇུག་སྒོ་བྱས་ཆོག

ཕ་རོལ་བའི་སྐད་ཆའི་ཁྲོད་ནས་སྐབས་རེར་རང་གི་འདས་དོན་དྲན་ནུས་པའི་སྐད་ཆ་ཐོས་རྒྱུ་ཡོད་ལ། སྐབས་རེར་མིག་ཆུ་འབྱིན་ཅིང་སེམས་འགུལ་ཐེབས་ནུས་པའི་སྐད་ཆ་ཐོས་རྒྱུའང་ཡོད། སྐད་ཆ་དེ་འདྲ་ནི་གཏམ་རྒྱུད་ཅིག་གི་ལྷུ་ཚིགས་ནས་ཐོན་པས་བྱུང་རིམ་གྱི་རྩི་འདྲེས་མེད་པ་མི་སྲིད་ནའང་། ཞིབ་ཏུ་བསམ་ན། དེ་འདྲའི་སྐད་ཆ་ལ་མ་གཞི་ནས་གནས་ལུགས་དང་བདེན་པས་ཕྱུག་ཡོད་པའི་རྐྱེན་ཡང་ཡིན། "སངས་རྒྱས་ཀྱི་བདེན་པ་དང་། ཆོས་ཀྱི་བདེན་པ་དང་། དགེ་འདུན་གྱི་བདེན་པ་དང་། དབང་པོའི་བདེན་པ་དང་། ཆུ་ལྷའི་བདེན་པས་ལྷ་མོ་ཆེན་མོ་དགུག་པར་བྱའོ།།གང་དག་འཇིག་རྟེན་ན་བདེན་པ་སྨྲ་བ་དེ་དག་གི་བདེན་པ་དང་། བདེན་པའི་ཚིག་གིས་ལྷ་མོ་ཆེན་མོ་དབྱངས་ཅན་དགུག་པར་བྱའོ།།"(གསེར་འོད་དམ་པ་ལས་དབྱངས་ཅན་གྱི་ལེའུ་ལས༥༣༠)ཞེས་པ་ལྟར། འདོད་པའི་འཇིག་རྟེན་འདི་གཡོ་དང་། རྐུན་དང་། རྫུན་དང་། རྩོད་པས་ཁེངས་ཡོད་ནའང་། དེ་ལ་ཁྱད་ཆོས་ཤིག་ཡོད་པ་ནི་བདེན་པ་ལ་རེ་སྨོན་བྱེད་དེ། གང་ཡང་འཇིག་རྟེན་ན་གང་ལ་བདེན་པ་མངའ་ན་དེ་ལ་སྟོབས་ཡོད་པ་དང་། གང་གིས་བདེན་པ་གསུངས་ན་དེས་ཀུན་གྱི་ཡིད་དབང་འགུགས་པར་ནུས་སོ།།དེ་བས་རང་རེས་འཚོ་བའི་ཉམས་མྱོང་ལེན་དུས་ཕ་རོལ་བའི་སྐད་ཆ་ལ་ཡིད་འཇོག་བྱེད་རྒྱུ་དེ་ཤིན་ཏུ་གལ་ཆེ་ཞིང་། བདེན་པ་ནི་ངག་དང་བརྗོད་པ་ལ་བརྟེན་ཡོད་པས་འཚོ་བའི་ཉམས་མྱོང་ལེན་དུས་ཕ་རོལ་བའི་བརྗོད་པ་ལ་མ་བརྟེན་པར་བདེན་པ་ཐོས་ཐབས་མེད། དེས་ན་འཚོ་བའི་ཉམས་མྱོང་ལེན་དུས་ཕ་རོལ་བའི་སྐད་ཆ་ལ་ཡིད་འཇོག་བྱེད་རྒྱུ་འདི་རང་གི་ཉམས་མྱོང་དང་པོ་ཡིན།

དེ་བཞིན་དུ་ཕ་རོལ་བའི་བྱ་སྤྱོད་ལ་བརྟག་རྒྱུ་དེ་ཡང་ཤིན་ཏུ་ནས་གལ་ཆེ་སྟེ། སྙན་རྩོམ་འགའ་ལས"སྐད་ཆ་བཤད་ཤེས་པའི་མིག"ལྟ་བུའི་ཚིག་བྱུང་བ་དེ་དོན་དངོས་སུ་སྤྱི་ཚོགས་འཚོ་བའི་ཁྲོད་ནས་མིའི་བྱ་སྤྱོད་ལ་བརྟགས་ཏེ་ཐོབ་པའི་འཚོ་བའི་ཉམས་མྱོང་ཡིན། སྒེག་པའི་ཉམས། དཔའ་བའི་ཉམས། མི་སྡུག་པའི་ཉམས་ཏེ་ལུས་ཀྱི་གསུམ་དང་། དྲག་ཤུལ་གྱི་ཉམས་དང་། བཞད་གད་ཀྱི་ཉམས། འཇིགས་རུང་གི་ཉམས་ཏེ་ངག་གི་གསུམ། སྙིང་རྗེའི་ཉམས་དང་། རྔམ་པའི་ཉམས། ཞི་བའི་ཉམས་ཏེ་ཡིད་གསུམ་བཅས་གར་གྱི་ཉམས་དགུ་ཡང་བྱ་སྤྱོད་ལས་བྱུང་བ་ཡིན། བྱ་སྤྱོད་ཀྱི་ཁྲོད་ནས་ཕ་རོལ་བོར་སྨོན་པ་ཤོར་བའི་ཉམས་འགྱུར་མང་པོ་ཡོད་ལ། ཕ་རོལ་བར་བཞད་གད་སློང་བ་དང་། སྙིང་རྗེ་སྦྱིན་པ། ཟིལ་རྔམ་སྟེར་བ། འཇིགས་པ་སྦྱིན་པ་སོགས་མང་པོ་ཡོད་པས་དེ་འདྲའི་བྱ་སྤྱོད་ཀྱིས་རྩོམ་པ་པོའི་རྒྱུད་ལ་འཆར་སྒོ་གཞན་དག་སློང་ནུས་པའི་སྐབས་ཡོད་ལ། འདས་པའི་ལོ་རྒྱུས་དང་རྩོམ་པ་པོའི་ཚོར་ཤེས་འཕེལ་བའི་རྐྱེན་དུའང་འགྱུར་བ་ཡོད་པས་སྤྱི་ཚོགས་འཚོ་བའི་ཁྲོད་ནས་མིའི་བྱ་སྤྱོད་ལ་བརྟག་རྒྱུ་དེ་རང་གི་ཉམས་མྱོང་གཉིས་པ་ཡིན།

དུས་རྒྱུན་ཕ་རོལ་བའི་བྱ་སྤྱོད་ལ་བརྟག་པའི་གོམས་གཤིས་ཆགས་སུ་བཅུག་ན། དངོས་སུ་གསར་རྩོམ་གྱི་བྱ་བར་འཇུག་སྐབས་བྱུང་རིམ་ཕྲ་མོ་ཞིབ་འབྲི་བྱེད་པར་ཕན་སླེབས་ཡོད། སྒྲུང་གཏམ་ལྟ་བུ་ལ་མཚོན་ན། འཚོ་བ་དང་གསར་རྩོམ་བར་གྱི་འབྲེལ་མཐུད་བྱེད་ས་བྱུང་རིམ་ཕྲ་མོའི་ཁྲོད་ན་ཡོད་དེ། རྩོམ་པ་པོས་དམིགས་བསལ་གྱི་འཚོ་བ་བྱེ་བྲག་པ་དེ་བརྩམས་ཆོས་སུ་བསྒྱུར་དུས་བྱུང་རིམ་དང་བྱུང་རིམ་ཕྲ་མོར་མ་བརྟེན་པར་བསྒྱུར་ཐབས་ཡེ་ནས་མེད་ལ། བྱུང་རིམ་དང་བྱུང་རིམ་ཕྲ་མོ་ཞེས་པའང་དོན་དུ་སྒྲུང་གཏམ་གྱི་མི་སྣའི་བྱ་སྤྱོད་ཀྱིས་གྲུབ་ཡོད། དེའི་ཕྱིར། རྒྱུ་དམིགས་བསལ་གྱི་འཚོ་བ་དེ་རྐྱེན་རྩོམ་པ་པོ་ལ་བརྟེན་ནས་འབྲས་བུ་བརྩམས་ཆོས་བྱུང་བའི་གོ་རིམ་འདིའི་ཁྲོད་ནས་བཤད་ན། རྩོམ་པ་པོས་འཚོ་བ་དང་བརྩམས་ཆོས་ཀྱི་བར་དུ་བདག་རྐྱེན་གྱི་ནུས་པ་ཐོན་ཡོད། རྩོམ་པ་པོས་དམིགས་བསལ་གྱི་འཚོ་བ་དེ་བརྩམས་ཆོས་སུ་བསྒྱུར་སྐབས"སྤྱི་དང་གཙོ་བོ་དང་བྱེད་པོ"(གྲུབ་མཐའ་འདིའི་ལུགས་ལ་ཤེས་བྱ་ཐམས་ཅད་སྤྱི་དང་གཙོ་བོ་ལ་འདུས་པར་འདོད)ལྟར་རང་གི་བརྩམས་ཆོས་ལ་རྩོམ་པ་པོ་རང་གི་བསམ་པའི་འཁྱེར་སོ་ལྟར་གང་འདོད་དུ་ཁ་ལོ་བསྒྱུར་ཆོག་པ་ཞིག་མ་ཡིན་པར། དེ་ནི་སྒྲིག་གཞི་ཞིག་དང་ཚད་གཞི་ཞིག་གི་རེའུ་མིག་ལ་བརྟེན་ནས་འཚོ་བའི་རྒྱུ་རྐྱེན་ལྟར་གསར་རྩོམ་བྱེད་དགོས། གནད་དོན་འདི་འདྲའི་སྐབས་སུ"བསམ་བཀོད་ཀྱི་རང་དབང"(想像的自由)ཞེས་པའི་གསར་རྩོམ་གྱི་ཁ་དབྱངས་འདི་འདྲ་དྲན་སྲིད་མོད། ཡིན་ནའང་། གྲུབ་མཐའ་འདིས་འཚོ་བའི་རྒྱུ་རྐྱེན་ལ་བརྟེན་མི་དགོས་པའི་གནས་ལུགས་ཡེ་ནས་བཤད་མེད།

གསར་རྩོམ་སྐབས་ང་ཚོས་རྒྱུན་དུ"འཚོ་བ་ནི་གསར་རྩོམ་གྱི་འབྱུང་ཁུངས་ཉག་ཅིག་ཡིན"ཞེས་པའི་སྡོམ་ཚིག་འདི་སྤྱོད་བཞིན་ཡོད། སྡོམ་ཚིག་འདི་ལ་ནོར་འཁྲུལ་མེད་ནའང་། འཚོ་བ་དང་གསར་རྩོམ་བར་གྱི་རྒྱུ་འབྲས་ཀྱི་འབྲེལ་བ་དེ་ཞོ་དང་འོ་མ་ལྟར་རྒྱུ་འོ་མ་དེ་ངོ་བོ་ཞོ་རུ་གྱུར་བའི་དངོས་རྒྱུའི་འབྲེལ་བ་ཞིག་མིན། དོན་དངོས་སུ་འཚོ་བ་དང་བརྩམས་ཆོས་བར་དུ་དངོས་རྒྱུའི་འབྲེལ་བ་ཅི་ཡང་མེད་དེ། བརྩམས་ཆོས་ནི་འཚོ་བའི་རྫས་རྒྱུན་ཕྱི་མ་དེས་བསྐྱེད་པ་མ་ཡིན་ཏེ། རྒྱུ་གསེར་ལས་འབྲས་བུ་གསེར་གྱི་བུམ་པ་བྱུང་བ་ལྟ་བུ་མ་ཡིན་པར་རྩོམ་པ་པོའི་བདག་རྐྱེན་ལ་བརྟེན་ནས་དམིགས་བསལ་གྱི་འཚོ་བ་དེ་རྩོམ་པ་པོའི་དབང་ལྔའི་ཤེས་པ་དང་། ཚོར་བ། དད་པ་བཅས་ལ་བརྟེན་ནས་གྲུབ་པ་ཡིན། སྤྱིར་བཏང་རྩོམ་པ་པོའི་བདག་རྐྱེན་ལ་བརྟེན་ནས་བརྩམས་ཆོས་ལེགས་འགྲུབ་འབྱུང་སྐབས་གཙོ་བོ་ཚོར་ཤེས་ལ་བརྟེན་བཞིན་ཡོད། དེ་ཡིན་པའི་རྒྱུ་མཚན་ནི་ཚོར་བ་དེ་ལ་མིག་གིས་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དང་། རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ། སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ། ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ། ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་སྟེ་དྲུག་ཡོད་ཀྱང་། དབང་ཤེས་ལྔ་མཇུག་མཐར་ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་བརྟེན་དགོས་ཤིང་། ཡིད་ཤེས་ལ་ཚོར་བ་བདེ་བ་དང་། ཚོར་བ་སྡུག་བསྔལ། ཚོར་བ་བཏང་སྙོམས་གསུམ་དུ་ཕྱེས་པ་ལས་རྩོམ་པའི་སྐབས་སུ་སྔ་མ་གཉིས་ལས་ཚོར་བ་ཕྱི་མ་གཙོ་བོ་མི་བྱེད། གསར་རྩོམ་སྐབས་སུ་ཚོར་བ་གཙོ་བོ་བྱེད་པའི་རྒྱུ་མཚན་གྱིས་སྙན་ངག་གི་མཚན་ཉིད་ཅིག་ཏུ། "སྙན་ངག་ནི་ཚོར་འདུ་དྲག་པོ་ཞིག་ཡིན"ཞེས་པའི་ཚིག་འདི་བྱུང་།

སྐད་ཡིག་གི་དབང་གིས་མི་རིགས་སོ་སོས་ཚོར་བ་ལ་གོ་བ་ལེན་ཚུལ་མི་འདྲ་སྟེ། རྒྱ་ནག་ལ་མཚོན་ན། ཚོར་བ་དང་འདུ་ཤེས་ནི་ཕུང་བོ་ཆེན་པོ་ཞིག་ཏུ་བཞག་སྟེ་དད་པ་དང་། མོས་པ་སོགས་ཀྱང་ཚོར་བའི་གྲས་སུ་བཞག་ཡོད་ཀྱང་། རང་རེས་རྩ་ཉོན། ཉེ་ཉོན། དགེ་བ། གཞན་འགྱུར་སོགས་ཀྱི་དབྱེ་བ་ཕྱེས་ཡོད། དེ་བས་དེ་ལས་ཐོན་པའི་རྩོམ་རིག་བརྩམས་ཆོས་ཀྱང་མི་འདྲ་སྟེ། ཚོར་བ་ལས་བྱུང་བའི་བརྩམས་ཆོས་དང་། དད་པ་ལས་བྱུང་བའི་བརྩམས་ཆོས་གཉིས་ཡོད། རྒྱ་ནག་ལ་དད་པ་ལས་བྱུང་བའི་བརྩམས་ཆོས་ཡོད་མེད་བརྩད་མ་བཅད་མོད། བོད་ཀྱི་གནའ་རབས་བརྩམས་ཆོས་ཕལ་ཆེ་བ་ཞིག་དད་པ་ལས་བྱུང་བའི་བརྩམས་ཆོས་ཡིན། རང་རེའི་ན་གཞོན་འགའ་རེས། "བོད་ལ་རྩོམ་རིག་དངོས་གནས་པ་བྱུང་མེད། རྩོམ་རིག་ནི་མི་རིག་པ་ཡིན་པས་མི་འབྲི་དགོས། བོད་ཀྱི་རྩོམ་རིག་བརྩམས་ཆོས་སུ་ལྷ་བྲིས་ཡོད་པས་མིའི་འཚོ་བ་དང་བར་ཐག་རིང"ཟེར། དེ་ལ་ལན་སྣ་ཁ་གཉིས་གདབ་དགོས། གཅིག རྩོམ་རིག་ཡིན་ན་དེ་ལས་ལྷ་བྲིས་ཀྱང་རུང་མི་བྲིས་ཀྱང་རུང་། ཐ་ན་སྲོག་ཆགས་ཀྱི་གཏམ་རྒྱུད་བྲིས་ཀྱང་རུང་། དོན་དུ་དེ་དག་གིས་མཚོན་ཐབས་མི་འདྲ་བའི་སྒོ་ནས་མི་མཚོན་གྱི་ཡོད། རྒྱུ་མཚན་རྩོམ་རིག་ཡིན་པ་དང་རྩོམ་རིག་ཁྲོད་ཀྱི་ལྷ་དང་སྲོག་ཆགས་ནི་མིས་སྤྲུལ་བ་ཡིན། གཉིས། རྩོམ་རིག་ནི་ཚོར་བ་ཁོ་ན་ལས་བྱུང་བ་ཞིག་མིན། བོད་ཀྱི་གནའ་རྩོམ་གསོལ་འདེབས། རྟོགས་བརྗོད། སྨོན་ལམ་དང་། ལྷག་པར་དུ་ལྟ་མགུར་སོགས་ནི་དད་པ་ལས་བྱུང་བའི་བརྩམས་ཆོས་ཡིན། ལྟ་མགུར་ནི་ལྟ་བའི་དཔྱད་པ་རྫོགས་པའམ། གང་ཟག་གམ་ཆོས་ཀྱི་བདག་མེད་ཀྱི་མྱོང་བ་ཐོབ་རྗེས་ཀྱི་རྩོམ་ཡིན་པས་འགའ་ཞིག་གིས་ལས་ཐམས་ཅད་ཀྱིས་རྩོམ་མི་ནུས། ཡིན་ནའང་། དེ་དག་གིས་ཆོས་ལ་ཞབས་འདེགས་ཞུ་ཡིན་ཡོད། ཆོས་ལ་ཞབས་འདེགས་ཞུ་བ། མི་དམངས་ལ་ཞབས་འདེགས་ཞུ་བ། འབྱོར་ལྡན་གྲལ་རིམ་ལ་ཞབས་འདེགས་ཞུ་བ། སྒྱུ་རྩལ་ལ་ཞབས་འདེགས་ཞུ་བ། འཚོ་བ་ལ་ཞབས་འདེགས་ཞུ། མི་ལ་ཞབས་འདེགས(མི་མཚོན་པ)ཞུ་བ་སོགས་རྩོམ་རིག་ལ་ནུས་པ་མང་པོ་ཡོད། རྩོམ་རིག་ནི་དུས་དང་བསྟུན་ཏེ་རང་ཉིད་ལ་ཞབས་འདེགས་ཞུ་བའི་ལག་ཆར་འགྱུར་ཐུབ་པས་སྲིད་དབང་འཛིན་མཁན་དང་། ཆོས་བྱེད་ཀྱི་སྡེ། ཚོགས་ཁག་སོགས་རྩོམ་རིག་ལ་དགའ་ཞིང་རྩོམ་རིག་བེད་སྤྱོད་གནང་བཞིན་པའི་རྒྱུ་མཚན་དེ་ལ་ཐུག་ཡོད། གལ་སྲིད་ང་ཚོས་དབང་གྲགས་ལ་བརྟེན་ཏེ་དད་པ་ལས་བྱུང་བའི་རྩོམ་རིག་དོར་ཏེ་ཚོར་བ་ལས་བྱུང་བའི་རྩོམ་རིག་གཅིག་པུར་བདག་གཅེས་བྱས་ན་རྩོམ་རིག་གི་ནུས་པ་གཞན་ཞིག་མེད་པར་བཟོས་པས་ནག་ཉེས་འདི་ང་ཚོས་ནམ་ཡང་འཁུར་དགོས་ཀྱི་འདུག འོ་ན། ཚོར་བའི་ཕུང་བོ་དང་། འདུ་ཤེས་ཀྱི་ཕུང་བོ་ཞེས་རང་རེས་ཀྱང་སེམས་བྱུང་ང་གཅིག་ལས་སེམས་བྱུང་ཡིན་པ་འདྲ་འདྲ་ལ། ཚོར་བ་དང་འདུ་ཤེས་ལོགས་སུ་ཕུང་བོར་བཞག་ཡོད་པས་ཚོར་འདུ་གཉིས་གཙོ་བོར་བྱེད་པ་མ་ཡིན་ནམ་ཞེ་ན། ཡིན་ཏེ། དེ་ལྟར་འཇོག་པའི་རྒྱུ་མཚན་ནི། གོང་གི<<སྙན་ངག་གི་བླ་སྲོག>>ཅེས་པ་ལས་ཏོག་ཙམ་གླེང་ལ། "རྩོད་པའི་རྩ་བར་གྱུར་བ་དང་།།འཁོར་བའི་རྒྱུར་ཕྱིར"ཞེས་པ་ལྟར། འདི་ནི་ཆོས་ཀྱི་དབང་དུ་བྱས་ཏེ་བཞག་པ་ལས། རྩོམ་གྱི་དབང་དུ་བྱས་ཏེ་བཞག་པ་མིན། ཚོར་བ་ནི་མི་ལ་ཐད་ཀར་བདེ་སྡུག་སྟེར་བའི་སེམས་བྱུང་ཞིག་ཡིན་པས་མི་རྣམས་ཚོར་བ་བདེ་བ་ལ་ཆགས་ཞེན་ཆེ་བས་ཚོར་བ་ནི་རྩོད་པའི་རྩ་བ་ཡིན་པ་འདི་གཙོ་བོ་འཇིག་རྟེན་པ་ལ་དམིགས་པ་ཡིན། རབ་བྱུང་བ་ནི་གཙོ་བོ་གྲུབ་མཐའི་ལྟ་བའི་དབང་གིས་ཆགས་སྡང་བསྐྱེད་པ་དང་། དེ་ནི་འདུ་ཤེས་ཀྱིས་བསྐྱེད་པའི་ཕྱིར་ན་སེམས་བྱུང་ལས་ལྷག་ཏུ་གནོད་ཚབས་ཆེ་བ་ཚོར་བ་དང་འདུ་ཤེས་ཀྱི་སེམས་བྱུང་འདི་གཉིས་ཕུང་བོའི་གྲས་སུ་བཞག་པ་ཡིན་ནོ།།

འཚོ་བ་དང་གསར་རྩོམ་གཉིས་ཀྱི་བར་དུ་རྩོམ་པ་པོས་བདག་རྐྱེན་བྱས་པས་བརྩམས་ཆོས་བྱུང་བ་ནང་བཞིན། མི་དང་གསར་རྩོམ་བར་དུའང་རྩོམ་པ་པོས་བདག་རྐྱེན་བྱས་པས་བརྩམས་ཆོས་བྱུང་བ་རེད། རྩོམ་རིག་གིས་མི་མཚོན་པའི་རྩོམ་རིག་ལྟ་བ་དང་། རྩོམ་རིག་གིས་སྤྱི་ཚོགས་འཚོ་བ་མཚོན་པའི་རྩོམ་རིག་ལྟ་བ་གང་ཡིན་ཀྱང་། རྩོམ་པ་པོའི་བདག་རྐྱེན་ལ་བརྟེན་ཏེ་བརྩམས་ཆོས་བྱུང་བའི་རིམ་པ་འདིར་སུན་འབྱིན་བྱེད་མི་འོས།

དེས་ན་རྩོམ་པ་པོས་བདག་རྐྱེན་བྱེད་ཚུལ་ནི་ཡུལ་གྱི་བདེན་པ་དང་སྒྱུ་རྩལ་གྱི་བདེན་པ་གཉིས་མཚམས་སྦྱོར་བ་དེ་ཡིན། ཡུལ་གྱི་བདེན་པ་ནི་སྤྱི་ཚོགས་འཚོ་བའམ་མི་ཡིན། ཡུལ་གྱི་བདེན་པ་ལ་ཕྱི་རོལ་ཡུལ་གྱི་བདེན་པ་ཞེས་ཀྱང་བརྗོད་ཆོག་ལ། རྩོམ་རིག་གི་བརྗོད་བྱ་ཞེས་ཀྱང་བརྗོད་ཆོག གོང་དུ་རྩོམ་རིག་གི་འཇིག་རྟེན( མི་དང་འཇིག་རྟེན) གཉིས་བཀོད་པ་དེ་ནི་འདིར་སྨྲས་པའི"ཡུལ"དང་། ཕྱི་རོལ་ཡུལ་ལམ། རྩོམ་རིག་གི་བརྗོད་བྱ་ཞེས་པ་དེ་ཡིན། "བདེན་པ"ལ་གོ་བ་ལེན་ཚུལ་མང་པོ་ཞིག་ཡོད་དེ། རང་རེའི་གཞུང་དུ་བདེན་པ་གཉིས་སུ་བསྡུས་ཡོད། འདི་དང་སྒྱུ་རྩལ་གྱི་བདེན་པ་གཉིས་ཚིག་འདྲ་ཡང་དོན་མི་འདྲ་སྟེ། སྔ་མ་ནི་བྱ་དངོས་ཐམས་ཅད་ལ་བརྡ་དང་རྟོག་པས་བཏགས་པའི་ཚུལ་གྱིས་བདེན་པའི་ཆ་ཞིག་དང་། བརྡ་དང་རྟོག་པ་བསལ་བའི་བྱ་དངོས་རང་སྟེང་གི་གནས་ལུགས་ངོ་མ་ལ་གོ་བ་དེ་གཉིས་ཡིན། སྒྱུ་རྩལ་གྱི་བདེན་པ་ནི་གཞི་འཚོ་བའི་སྟེང་དུ་བཏིངས་པའི་བདེན་པ་ཞིག་ཡིན། ཐོག་མར་འཚོ་བའི་བདེན་པ་མེད་ན་སྒྱུ་རྩལ་གྱི་བདེན་པ་གླེང་ཐབས་མེད་དེ། རང་རེའི་གཞུང་དུ། "སྒྱུ་མ་ནི་ཡུལ་ན་མི་གནས། ཕྱོགས་ན་མི་གནས... ..."(<<ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་བ>>)ཞེས་བཀོད་ཡོད་པ་ལྟར། སྤྱིར་སྒྱུ་རྩལ་ནི་རྩོམ་རིག་དང་། གླུ་དབྱངས། བྲོ་གར། རི་མོ། གློག་བརྙན་སོགས་ལ་གནས་ཏེ་གསོན་ཤུགས་བསྐྱེད་པ་ལས་རང་རྐྱ་ཐུབ་པའི་སྒྱུ་རྩལ་ཞིག་མེད། རང་རེས་སྒྱུ་རྩལ་དྲུག་ཅུ་རེ་བཞི་ཟེར་བ་ཡང་བཟོ་རིག་གི་སྒྱུ་རྩལ་སུམ་ཅུ་དང་། རོལ་མོའི་སྒྱུ་རྩལ་བཅོ་བརྒྱད། དབྱངས་ཀྱི་ངེས་པ་བདུན། གར་གྱི་ཆ་བྱད་དགུ་བཅས་བཟོ་དང་། རོལ་མོ། དབྱངས། གར་བཅས་ལ་མ་བརྟེན་པར་སྒྱུ་རྩལ་ཟུར་བ་ཞིག་མེད། དེ་བཞིན་དུ་འདོད་པའི་སྒྱུ་རྩལ་དྲུག་ཅུ་རེ་བཞི་ལ་མཚོན་ནའང་འཁྱུད་པ་སོགས་ལས་སྒྱུ་རྩལ་ཟུར་བ་མེད་པ་བཞིན་ནོ།།

འོ་ན། འཚོ་བའི་བདེན་པ་ཞེས་པ་ཅི་འདྲ་ཞིག་ཡིན་སྙམ་ན། འཚོ་བའི་ལམ་སྲོལ་ཙམ་ལ་འཚོ་བའི་བདེན་པ་ཞེས་མིང་བཏགས་པ་ཡིན། རྩོམ་པ་པོས་འཚོ་བ་དང་གསར་རྩོམ་ལ་བདག་རྐྱེན་བྱེད་དུས་འཚོ་བའི་ལམ་སྲོལ་ཁོང་དུ་ཆུད་རྒྱུ་དེ་གནད་འགག་ཡིན། འཚོ་བའི་ལམ་སྲོལ་ཁོང་དུ་མ་ཆུད་ན་རང་གི་བརྩམས་ཆོས་ལ་སྐྱོན་མང་པོ་འབྱུང་གི་ཡིན། དེས་ན་འཚོ་བའི་བདེན་པ་ཡོད་མེད་དེ་ཐད་ཀར་འཚོ་བའི་ལམ་སྲོལ་ལ་རྒྱུས་ལོན་ག་འདྲ་བྱས་ཡོད་པར་འབྲེལ་ཡོད། འཚོ་བའི་ལམ་སྲོལ་དེ་མི་རིགས་སོ་སོ་ལ་རང་གི་གོམས་གཤིས་སུ་གྱུར་བའི་ལམ་སྲོལ་ཡོད་པ་ལས་རྩོམ་རིག་གི་སྐབས་འདིར་དེ་ཁོ་ན་ཉིད་ཀྱི་ལམ་སྲོལ་ཞེས་པ་མེད། བོད་དུ་མཚོན་ནའང་། ཆེ་བ་ཆོལ་ཁ་གསུམ། འབྲིང་བ་ས་ཁུལ་སོ་སོ། ཆུང་བ་ལུང་བ་རེ་རེ་ནའང་འཚོ་བའི་ལམ་སྲོལ་མི་འདྲ་བ་མང་པོ་ཡོད། དེ་དག་ནི་ཆེ་ས་ནས་བོད་ཀྱི་འཚོ་བའི་ལམ་སྲོལ་དང་མཐུན་ཡང་ཆུང་ས་ནས་ཡོངས་སུ་མཐུན་པ་ཞིག་མིན། དེ་དག་ཇི་ལྟར་མཐུན་ཐབས་བྱ་རྒྱུ་དང་། དེ་ལས་འཚོ་བའི་བདེན་པ་ཇི་ལྟར་སྟོན་རྒྱུ་སོགས་ནི་རྩོམ་པ་པོའི་ཆ་རྐྱེན་ལ་རག་ལས་ཡོད།

གོང་དུ<<རྩོམ་པ་པོའི་ཆ་རྐྱེན>>ཞེས་པའི་ཚན་པ་ལས་རྩོམ་པ་པོའི་ཆ་རྐྱེན་དེ་མཆོད་རྟེན་གྱི་བང་རིམ་ལ་དཔེར་བཞག་པ་ལས་བང་རིམ་དྲུག་པས་གནད་དོན་འདི་འདྲ་སྟོན་བཞིན་ཡོད། འཚོ་བའི་ལམ་སྲོལ་ཞེས་པ་དཔེ་བཞག་ན། འཚོ་བ་ནི་རེའུ་མིག་ཅིག་ཡིན་ཞེས་པ་དང་མཚུངས། འཚོ་བ་ཡར་རྒྱས་ཡོད་ཀྱང་འཚོ་བ་གསར་གཏོད་བྱེད་མི་ནུས། འཚོ་བ་ནི་འཚོ་བ་སྟེ། ཉིན་གྱི་ཇ་ཐུན་གསུམ་ཉིན་མོའི་རེའུ་མིག་དང་། སྐྱེ་རྒ་ན་འཆི་ཚེ་ཡི་རེའུ་མིག སྲིད་པའི་འཁོར་ལོ་འཁོར་བའི་རེའུ་མིག་ཡིན། ཡིན་ནའང་། དེ་འདྲའི་འཚོ་བ་ནི་འཕེལ་མེད་རྟག་བརྟན་ཞིག་མ་ཡིན་པར་རྟག་ཏུ་འགྱུར་ལྡོག་གི་ངོ་བོར་གནས་པ་ཞིག་ཡིན། མི་ཚོས་དེ་ལ་ལོངས་སྤྱོད་སྐབས་རྣམ་པ་སྲ་བརྟན་དུ་གྱུར་བ་ལ་ངོ་བོ་འགྱུར་ལྡོག་གི་རང་བཞིན་དུ་གནས་པའི་ལམ་སྲོལ་ཞིག་ལ་བརྟེན་ནས་ལོངས་སྤྱོད་བཞིན་ཡོད། རྩོམ་པ་པོས་དེ་ལྟའི་འཚོ་བའི་བདེན་པ་དེ་རྩོམ་རིག་གི་ལམ་ནས་མཚོན་དུས་ད་གཟོད་སྒྱུ་རྩལ་གྱི་བདེན་པ་འདི་བེད་སྤྱོད་གནང་དགོས། བརྩམས་ཆོས་དེ་ལ་འཚོ་བའི་བདེན་པ་ག་འདྲ་ཤུགས་ཆེ་ན་དེ་ལ་སྒྱུ་རྩལ་གྱི་བདེན་པ་དེ་འདྲས་ཤུགས་དྲག་ལ། བརྩམས་ཆོས་དེར་འཚོ་བའི་བདེན་པ་ཅི་འདྲ་མེད་ན། དེ་ལ་སྒྱུ་རྩལ་གྱི་བདེན་པའང་གླེང་ཐབས་མེད་པས་སྒྱུ་རྩལ་གྱི་བདེན་པ་ཞེས་པ་ནི་རྩོམ་པ་པོའི་ཐབས་ལམ་ཞིག་ཡིན། དེ་ནི་རྩོམ་པ་པོས་འཚོ་བ་མཚོན་དུས་འཚོ་བའི་བདེན་པ་ཞུན་བརྡར་དང་། ལས་སྣོན། ཕྱོགས་བསྡུས། གསར་གཏོད་བཅས་བྱེད་པའི་ཐབས་ལམ་དེ་ཡིན། སོ་ན་གནས་པའི་འཚོ་བ་དེ་ལ་སྒྱུ་རྩལ་གྱི་བདེན་པ་སྤྱད་ན་ད་གཟོད་འཚོ་བ་དེ་ལ་གསོན་ཤུགས་རྒྱས་ཐུབ། གོ་སླ་བས་བརྗོད་ན། བརྗོད་བྱའི་འཚོ་བ་དེ་རྗོད་ཐབས་ཁྱད་པར་བ་གཞན་ཞིག་སྤྱད་དེ་བརྗོད་ན་སྒྱུ་རྩལ་གྱིས་ཕྱུག་པ་ཞེས་ཟེར་ལ། ཇི་ལྟར་བརྗོད་པ་དེ་བཞིན་འཚོ་བའི་ལམ་སྲོལ་དང་མཐུན་ན་འཚོ་བའི་བདེན་པ་དང་སྒྱུ་རྩལ་གྱི་བདེན་པ་གཉིས་ཀས་ཕྱུག་པ་ཡིན། འདི་ནི"རྩོམ་རིག་གིས་སྤྱི་ཚོགས་འཚོ་བ་མཚོན"ཞེས་པའི་གླེང་བསླངས་ཙམ་ཡིན།

"རྩོམ་རིག་གིས་མི་མཚོན་པའི"ལྟ་བ་འདི་ལ་མངོན་སུམ་དུ"བདེན་པ"ཞེས་པའི་ཁ་དབྱངས་སྒྲོགས་ཀྱིན་མེད། རྩོམ་རིག་གིས་མི་མཚོན་ཚུལ་ནི"རྩོམ་རིག་གིས་སྤྱི་ཚོགས་འཚོ་བ་མཚོན"ཚུལ་ལས་ཅུང་ཀུ་ཡངས་ཅན་ནམ་རང་དབང་ཅན་དུ་གནས་ཡོད། རྒྱུ་མཚན་ནི་མི་ནི་རྙོག་འཛིང་ཆེ་ལ་རང་དབང་ཡང་ཆེ་བ་དང་། ལྷག་པར་དུ་མིའི་སེམས་ཁམས་ལ་སུས་ཀྱང་ཚད་གཟུང་དུ་མེད་པས་རྩོམ་རིག་ནི་མི་རིག་པ་ཡིན་པའི་ལྟ་བ་ནན་དུ་འཛིན་མཁན་ལ་སྒྱུ་རྩལ་མཚོན་ཐབས་མང་དུ་གསར་གཏོད་བྱེད་པའི་མཐོང་སྒོ་ཕྱེས་ཡོད། དེ་བས་རྩོམ་རིག་གིས་རྙོག་འཛིང་ཆེ་བའི་མི་མཚོན་པ་ལ་ངེས་པར་མཚོན་ཐབས་ཁྱད་པར་བ་ཞིག་མཁོ་བ་དང་དང་། མཚོན་ཐབས་དེ་ལས་གཞན་པའི་མཚོན་ཐབས་ཕུང་སུམ་པ་ཞིག་མེད། མཚོན་ཐབས་དེ་ལ་ང་ཚོས"སྒྱུ་རྩལ"ཟེར། སྒྱུ་རྩལ་ནི་རྩོམ་རིག་གི"ལྷ"དང་། "དབང་བོ"དང་། "བྱེད་པ་པོ"དང་། "བཀོད་པ་པོའི"ཁྲི་ལ་བཀོད་དྲགས་པས་དུས་སྐབས་ཤིག་ལ"བརྗོད་བྱ"ལས་བྲལ་བའི་སྣང་ཚུལ་མངོན་ཡོད་ལ། དེ་ལྟར་སྒྱུ་རྩལ་གྱི་བདེན་པ་ལ་ནན་ཏན་བྱས་དྲགས་པས"སྒྱུ་རྩལ་གྱི་ཆེད་དུ་སྒྱུ་རྩལ"ཞེས་པའི་རྩོམ་རིག་ལོ་རྒྱུས་ཁྲོད་ཀྱི་སྣང་ཚུལ་འདི་བྱུང་བ་རེད།

ང་ཚོས་གསར་རྩོམ་བྱེད་སྐབས"ཅིག་ཤོས་ཡིན་ན་ཅིག་ཤོས་སྤངས་པའི"སྤྱོད་སྟངས་དེ་ངེས་པར་སེལ་དགོས། དེ་ལྟར་མིན་ན་རྩོམ་རིག་གི་ནུས་པ་ཅིག་ཤོས་ཤིག་ཤོར་འགྲོ་བར་མ་ཟད། གསར་རྩོམ་གྱི་ཐབས་ལམ་ཅིག་ཤོས་ཤིག་ཀྱང་ཤོར་འགྲོ། དེ་བས་ང་ཚོས་རྩོམ་རིག་གི་ནུས་པ་སླར་གསོ་བྱེད་པ་ནང་བཞིན་གསར་རྩོམ་གྱི་ནུས་པ་ཡང་སླར་གསོ་བྱས་ན་མིའི་རིགས་ཀྱི་རྒྱགས་ཕྱེ་རྩོམ་རིག་འདི་འཇིག་རྟེན་དུ་སྔར་ལས་ལྷག་པའི་གསོན་ཤུགས་རྒྱས་ཐུབ་བོ། །

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།
རྩོམ་སྒྲིག་པ། བསོད་ཚེ།