མཚོ་སྔོན་གཅན་ཚའི་ཡུལ་གྱི་དམར་ཟས་ལས་ཏོག་གེའི་ངོ་སྤྲོད་རགས་བསྡུས།
སྤེལ་བའི་དུས་ཚོད། : 2018-05-25 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

གཅིག ཏོག་གེའི་མིང་གི་ཐོགས་ཚུལ།

ཏོག་གེ་ནི་མདོ་སྨད་གཅན་ཚའི་ཡུལ་དུ་དགུན་ཁར་ནོར་གནག་དང་ལུག ཕག་སོགས་བཤས་རྗེས། ནང་ཁྲོལ་རྒྱུ་མ། ཁྲག་རྒྱུ། གཡོས། གཡོས་ཕྲུག་རྣམས་ལྡུགས་པ་དེ་དང་། བྲང་མགོའམ་སྐལ་གདན། གློ་བ། མཆིན་པ་བཅས་བཙོས་ཏེ་ཤ་ཉེ་དང་ཚོ་བ། སྡེ་བ་བོས་ནས་ཐུན་མོང་དུ་ཟ་བའམ་ཡང་ན་ཕན་ཚུན་ལ་ལེགས་སྐྱེས་ཀྱི་ཚུལ་དུ་སྣ་ཁ་བདུན་པོ་དེ་དག་ཏོག་ཙམ་རེ་དྲས་ཏེ་རྩི་ཤིང་ཐུར་མ་འདྲ་བའི་སྐེ་ལ་བརྒྱུས་ནས་ལོ་གཅིག་གི་ནང་དུ་ཐེངས་གཅིག་རེ་ཁྱེར་བའི་གཅན་ཚའི་ཡུལ་གྱི་དམངས་ཁྲོད་རང་བཞིན་གྱི་ལུགས་སྲོལ་ཞིག་ཡིན།

“ཏོག་གེ”ནི་ནོར་གནག་དང་ལུག ཕག་སོགས་བཤས་ནས་དེའི་ནང་ཁྲོལ་གཡོས་སྦྱོར་ལེགས་པོར་གྲུབ་རྗེས། བྲང་མགོའམ་སྐལ་གདན་དང་། གློ་བ། མཆིན་པ། རྒྱུ་མ། ཁྲག་རྒྱུ། གཡོས། གཡོས་ཕྲུག་བཅས་སོ་སོའི་སྟེང་ནས་ཕྲན་བུ་རེ་བཅད་དེ་གཞི་གཅིག་ཏུ་བཞག་སྟེ་ཏོག་ཙམ་གྲུབ་པ་དེར་བསྡོམས་པས་གྲངས་ཀ་བདུན་དུ་སྐལ་བཏོད་པའི་དམར་ཟས་ཆུང་ཆུང་དེ་ཚོར་གཅན་ཚའི་ཡུལ་སྐད་དུ“ཏོག་གེ”ཞེས་འབོད་པ་ཡིན། སྤྱིར“ཏོག” ནི་མིང་ཡིན་ལ་ཏོག་ཙམ་སྟེ་ཅུང་ཙམ་གྱི་དོན་དང་། གེ་ཞེས་པའང་ཨ་མདོའི་ཁ་སྐད་དུ་ཙ་ག་ཙིག་གེ་ཞེས་ཉུང་ངུའི་དོན་ཡིན། “ཏོག་གེ”དང་ཆ་འདྲ་བའི་མིང་ནི་ས་རྐོ་བྱེད་ཀྱི་འཇོར་ལ“ཏོག་ཙེ”ཞེས་འབོད་པ་ལྟ་བུ་རེད། “བཏོག” ནི་བྱེད་འབྲེལ་ལས་ཚིག་མ་འོངས་པ་ཡིན། དཔེར་ན། ཤིང་ཏོག་དང་མེ་ཏོག་སོགས་གཅོད་པ་སྟེ། མེ་ཏོག་བཏོག་པར་བྱ་ལྟ་བུ་ལ་མཚོན་ན། བྱ་བ་བྱེད་པའི་ནུས་པ་མ་གཏོགས་མིང་དུ་འགྱུར་མི་ཐུབ་པས“ཏོག་གེ”ཞེས་སྔོན་འཇུག་མེད་པའི་ཐ་སྙད་འདི་སྦྱོར་བ་ལས“བཏོག”འདི་བཀོལ་ན་འཚམ་པོ་མེད།

ཏོག་གེ་ལས་པར་གྲ་སྒྲིག

སྣོད་དུ་བཞག་ནས་ཟ་ཚུལ།

ཁྲག་རྒྱུ།

གཉིས། ཏོག་གེ་ཇི་ལྟར་བྱུང་ཚུལ།

གདོད་མའི་སྤྱི་ཚོགས་ཀྱི་སྐབས་སུ། ཕོ་མོའི་ལས་བགོས་མི་འདྲ་བའི་དབང་གིས། ཕོ་རྣམས་ཀྱིས་རི་དྭགས་རྔོན་ནས་བསད་པའི་ཤ་དེ་ཚང་མས་མཉམ་དུ་ཟ་བའམ་ཐུན་མོང་དུ་བགོ་བཤའ་རྒྱག་པ་དང་མ་གསད་པའི་རི་དྭགས་འགའ་ཞིག་སྒོ་ཕྱུགས་སུ་བཀུག་པ་སྐམ་དང་། ར། ལུག ཕག་རྣམས་ཡིན་ལ་དེ་དག་བདག་སྐྱོང་ཡང་ཡང་བྱས་རྗེས། དགུན་ཁའམ་དགོས་མཁོ་ཆེ་བའི་སྐབས་སུ། བཤས་ནས་ཁ་ཟས་སུ་ལོངས་སྤྱོད་བཞིན་ཡོད། དེ་ལྟར་ལོ་གྲངས་མང་པོར་རང་བྱུང་ཁམས་དང་འཐབ་རྩོད་བྱས་ནས་བཤའ་ཟོག་དེ་དག་གི་ནང་ཁྲོལ་སྙིང་དང་མཆིན་པ། གློ་བ། མཚེར་བ་རྣམས་ཀྱང་ཟ་ཤེས་པར་གྱུར་བ་མ་ཟད། མི་རྣམས་ཀྱིས་རིག་པ་རིམ་བཞིན་ཇེ་གསལ་དུ་སོང་ནས་རྒྱུ་དཀར་རྒྱུ་ནག་ནང་དུ་རྩམ་པ་དང་ཕྱེ་བརྫངས་ཏེ་བཙོས་ནས་ཟ་པའི་ཉམས་མྱོང་ཡང་ཤེས་ཡོད། དེ་ལྟར་ཤ་ཉེ་དང་། ཚོ་བ། སྡེ་བ་བཅས་བྱུང་སྟེ། བཤའ་ཟོག་གི་ནང་ཁྲོལ་ཐུན་མོང་དུ་ཟ་བ་དང་། ཡང་ན་སྐལ་བཏོད་ནས་ཕན་ཚུན་ལ་སྟེར་བའམ་འཁྱེར་བའི་གོམས་སྲོལ་ཆགས་པ་དེའི་དམིགས་ཡུལ་ནི་མི་ནི་མ་གཞི་ནས་ལྟོ་ལ་ཆགས་སྲེད་ཆེ་བས་སྔོན་གྱི་དུས་སུ། ས་གནས་བཅད་བཟུང་གི་རྣམ་པ་ཡིན་ཞིང་གཅིག་ཁོངས་གཅིག་ཏུ་མི་འདུ་བས་སྤྱི་ཚོགས་བདེ་འཇགས་མིན་པར་ཤ་ཉེ་དང་ཚོ་བ། སྡེ་བ་ལ་བརྟེན་ནས་འཚོ་བ་རོལ་བ་ལས་ཁྱིམ་ཚང་གཅིག་པུ་གང་འདོད་ལྟར་མི་མེད་ས་སྟོང་དུ་འདུག་པའམ་དུད་ཚང་ཕ་རོལ་པོ་དང་འགལ་བ་སོགས་བྱུང་ན་སྡེ་བ་དང་ཚོ་བས་གྱོད་བཤད་དེ་ཁ་མཆུ་སྡུམ་དགོས་པས་དེ་དག་ལ་དྲིན་ལན་འཇལ་ཆེད་དང་བཀའ་དྲིན་ཞུ་བའི་ཚབ་ཏུ་ཁྱིམ་ཚང་གང་དེའི་ལོ་གཅིག་ལ་ཆ་རྐྱེན་གང་ཡོད་ཀྱི་སྒོ་ནས་གསོས་བ་མཐའ་མར་བཤས་ནས་དམར་ཟས་གལ་ཆེན་དུ་རྩི་བའི“ཏོག་གེ”འདི་སྟེར་བའི་ལུགས་སྲོལ་འདི་བྱུང་བ་རེད། དེའི་ཕྱིས་སུ་སྤྱི་ཚོགས་འཕེལ་རྒྱས་སུ་སོང་ནས་ཁྱིམ་ཚང་དང་ཚོ་བ། སྡེ་བ་ཕན་ཚུན་བར་དུ་སྐྱིད་སྡུག་དལ་རེས་ལ་རོགས་རམ་བྱེད་པའི་དགོས་མཁོའི་འབྲེལ་བ་ལ་བརྟེན་ནས་སྔོན་གྱི་ཏོག་གེ་རིག་གནས་དེ་ཡང་རིམ་བཞིན་འཕེལ་འགྱུར་བྱུང་ནས་ནང་དོན་དང་རྣམ་པ། མཚོན་བྱ། ཁྱེར་སྟངས་སོགས་འགྱུར་བ་མ་ཟད། ལྷག་པར་དུ་ཆོས་ལུགས་བྱུང་བ་དང་སྤྱི་ཚོགས་ཀྱི་གནས་བབ་བཅས་ལ་བསྟུན་ནས་སྐམ་ལུག་ཕག་སོགས་དགུན་ཁར་བཤས་ན། གཅིག་ནས་ཚ་བ་མི་ཆེ་བས་ཤ་རུལ་བའི་ཉེན་ཁ་མེད་པ་དང་། གཉིས་ནས་དགུན་ཁར་ལོ་གསར་ཐོན་ལ་ཉེ་བས་ཁྱིམ་མི་ཐམས་ཅད་ལྷན་དུ་འཛོམས་ནས་ཤ་མར་ཐུལ་གསུམ་ལ་རོལ་ཐུབ་པ། གསུམ་ནས་སངས་རྒྱས་ཆོས་ལུགས་ཀྱི་ཤན་ཤུགས་ཐེབས་ནས་ལུགས་རྙིང་གི་དུས་ཆེན་ཟླ་དགུ་བའི་ཚེས་ཉེར་གཉིས་འདས་པ་ནས་མགོ་བརྩམས་ཏེ་བཤའ་བ་དང་ལུགས་རྙིང་གི་ཟླ་བཅུ་བའི་ཚེས་བཅོ་ལྔའི་ཡར་སྔོན་དུ་བཤས་ནས་ཚར་དགོས་པས་གང་འདོད་དུ་སྲོག་གཅོད་མི་ཆོག་པ་རེད། མདོར་ན། ཏོག་གེ་ནི་གདོད་མའི་སྤྱི་ཚོགས་སུ་བྱུང་སྟེ་རིམ་བཞིན་ཤ་ཉེ་དང་། ཚོ་བ། ཚོ་དཔོན། སྡེ་བ་བཅས་ཀྱི་སྤྱི་ཚོགས་འབྲེལ་བ་དང་སྒྲིག་གཞིའི་བར་གསེང་། ཆོས་ལུགས་ཀྱི་ནང་བསམ་པའི་འཁྱེར་སོ་སོགས་ནས་གོ་རིམ་ཅན་དང་སྒྲིག་གཞི་ཅན། འཐུས་ཚང་ཅན། བྱེད་ནུས་ཅན་དུ་གྱུར་ཏེ་ད་ལྟའི་བར་དུ་གནས་ཡོད་པ་རེད།

བྲང་འགོའམ་སྐལ་གདན།

བཟའ་མི་གང་པོར་ཁྱེར་བའི་ཏོག་གེ

གསུམ། ཏོག་གེའི་གྲུབ་ཆའི་སྐོར།

ཏོག་གེ་བཟོ་སྐབས་ཀྱི་མིང་གི་རྣམ་གྲངས་ལ་ཕལ་ཆེར་བདུན་ཡོད་པ་ནི་བྲང་མགོ་འམ་སྐལ་གདན་དང་། གློ་བ། མཆིན་པ། རྒྱུ་མ། ཁྲག་རྒྱུ། གཡོས། གཡོས་ཕྲུག་བཅས་ཡིན། དེ་ལས་བྲང་མགོ་ནི་སྐམ་ལུག་ཕག་སོགས་ཀྱི་ལུས་ཀྱི་མདུན་ངོས་སྐེ་ཚིགས་མན་དང་ལྟོ་བའི་ཡན་གྱི་ཁག་ལ་བྲང་མགོ་ཟེར་ཞིང་། སྐལ་བཏོད་པའི་ནང་དུ་མ་གདན་ཡིན་པའི་ཆ་ནས་སྐལ་གདན་ཡང་ཟེར། དོན་ལྔ་སྣོད་དྲུག་ནང་གསེས་སྙིང་དང་། གློ་བ། མཆིན་པ། མཚེར་བ་བཅས་ལ་མཁལ་མཚེར་ཟེར། ཕག་གི་ཁྲག་རྒྱུ་ནི་ཕོ་ཚིལ[ ཕོ་ཚིལ་ནི་ཕག་གི་ཕོ་བའི་ཐོག་ཏུ་ཡོད་ཅིང་། སྣུམ་ཧ་ཅང་མང་བ་ཞིག་རེད།]དང་ནང་ཤ[ ནང་ཤ་ནི་ཕག་གི་སྒལ་ཚིགས་ཐོག་གི་ཤ་གནད་དེར་ཟེར།]གཉིས་འཐག་ནས་ཞིབ་མོར་བཏང་རྗེས་ཁྲག་གི་ནང་དུ་བསྲེས་ཤིང་། དེ་དང་མཉམ་དུ་ཚྭ་དང་ཡེར་མ་བཏབ་ནས་རྒྱུ་མའི་ནང་ལྡུགས་པ་ལ་རྒྱུ་ནག་ཅེས་ཀྱང་ཟེར། རྒྱུ་མ་ནི་ཚིལ་འཐག་པ་དེ་རྩམ་པའམ་ཕྱེ་བརྔོས་པ་གང་རུང་གཅིག་བསྲེས་ནས་ཆུ་ཁོལ་བླུགས་ཏེ་ཚྭ་དང་ཡེར་མ་བཏབ་ནས་རྒྱུ་མའི་ནང་དུ་ལྡུགས་ལ་རྒྱུ་དཀར་ཞེས་ཀྱང་འབོད། ཕག་གི་གཡོས་སྦོམ་ནི་མཁལ་ཚིལ་དང་བྲང་ཚིལ་གཉིས་འཐག་ནས་ཞིབ་མོར་བཏང་བ་དེའི་ནང་དུ་ཆུ་ཁོལ་ཉུང་ཙམ་བླུགས་ནས་ཕྱེ་བརྔོས་པ་དང་མཉམ་དུ་བརྫིས་ཤིང་ཚྭ་ཅུང་ཙམ་བསྲེས་ཡོད། གཡོས་ཕྲུག་ནི་རྒྱུ་མའི་སྦོམ་ཕྲའི་ཁྱད་པར་མ་གཏོགས་ནང་དུ་བརྫང་བའི་རྒྱུ་ནི་གཅིག་ཡིན། སྐམ་ལུག་གི་གཡོས་སྦོམ་དང་གཡོས་ཕྲུག་ཏུ་མཁལ་ཚིལ་དང་རྒྱུ་ཚིལ་གཉིས་ཞིབ་མོར་འཐག་པ་ཆུ་ཁོལ་ཉུང་ཙམ་བླུགས་ནས་རྩམ་པའམ་ཕྱེ་བརྔོས་པ་གང་རུང་གཅིག་དང་མཉམ་དུ་བརྫིས་ཤིང་ཚྭ་དང་ཡེར་མའང་བསྲེས་ཡོད། སྐམ་ལུག་གི་ཁྲག་རྒྱུ་ནི་ཁྲག་གི་ནང་དུ་མཁལ་ཚིལ་ཞིབ་མོར་འཐག་པ་ཚྭ་དང་ཡེར་མ་བཏབ་ནས་རྒྱུ་མའི་ནང་དུ་ལྡུགས་ལ་རྒྱུ་ནག་ཞེས་ཀྱང་འབོད། རྒྱུ་མ་ནི་ཚིལ་འཐག་པ་དེ་རྩམ་པའམ་ཕྱེ་བརྔོས་པ་གང་རུང་གཅིག་བསྲེས་ནས་ཆུ་ཁོལ་བླུགས་ཏེ་ཚྭ་དང་ཡེར་མ་བཏབ་ནས་རྒྱུ་མའི་ནང་དུ་ལྡུགས་ལ་རྒྱུ་དཀར་ཞེས་ཀྱང་འབོད། ཚིལ་དཀྲིས་ནི་མཆིན་པ་ཞིབ་མོར་འཐག་པ་དང་། རྩམ་པ། ཚིལ་ཅུང་ཙམ་བཅས་བསྲེས་ནས་ཆུ་ཁོལ་གྱིས་བརྫིས་ཏེ་གྲོད་པུ་ཚིལ་ནང་དུ་བཏིམས་ནས་རས་སྐུད་ཀྱིས་བསྡམས་ཏེ་བཙོས་པ་ཡིན།

རྒྱུ་མ།

མཆིན་པ།

བཞི། ཏོག་གེ་རིག་གནས་ཁྲོད་ཀྱི་མཐུན་སྒྲིལ།

མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན། གལ་ཏེ་མཐུན་སྒྲིལ་མེད་ན་བྱ་བ་ཅི་ཞིག་བསྒྲུབ་ཀྱང་འགྲུབ་ཐབས་བྲལ་བ་རེད། ཏོག་གེ་ལ་བྲང་མགོའམ་སྐལ་གདན་དང་། གློ་བ། མཆིན་པ། རྒྱུ་མ། ཁྲག་རྒྱུ། གཡོས། གཡོས་ཕྲུག་བཅས་སྣ་ཁ་བདུན་འཛོམས་པ་དེ་རྩི་ཤིང་མཁན་པ་དང་། རྩི་ཏོ། སྐུད་པ་བཅས་ལ་བརྒྱུས་ནས་སྟེར་བའི་བརྡ་རྟགས་འདི་ལས་མཐུན་སྒྲིལ་གྱི་མཚོན་རྟགས་ཤིག་ཡིན་པ་ཤེས། གང་ལ་ཟེར་ན། མི་དང་སྤྱི་ཚོགས་བར་དང་། ཚོ་བ་དང་ཚོ་བའི་བར། སྡེ་བ་དང་སྡེ་བའི་བར། ཡང་ན་སྡེ་བ་དང་ཚོ་བའི་བར། བླ་མ་དང་དཔོན་པོའི་བར་སོགས་གང་ཡིན་ཡང་མཐུན་སྒྲིལ་མ་བྱས་ཚེ་བྱ་བ་ཆེན་པོ་འགྲུབ་དཀའ་བས་ཏོག་གེ་སྟེར་བའི་ལུགས་སྲོལ་འདི་ལ་བརྟེན་ནས་ཁྱིམ་ཚང་ཕན་ཚུན་བར་དུ་འགྲོ་འོང་མང་པོ་བྱེད་ཅིང་། རང་གཞན་གྱི་ཁྱད་པར་ཕྱེས་ཏེ“འབུད་ན་སྒང་གཅིག་དང་། ལྷུང་ན་ཁུག་གཅིག”བྱེད་ཟེར་བའི་དཔེ་བཞིན་དུ་སྐྱིད་སྡུག་དལ་རེས་གང་བྱུང་རུང་ཕན་ཚུན་ལ་རོགས་རམ་བྱས་ཏེ་མཐུན་སྒྲིལ་གྱི་ལག་ཟུང་དམ་པོར་བཟུང་ནས་རྒྱུན་འཁྱོངས་བྱེད་བཞིན་ཡོད།

གློ་བ།

གཡོས།

ལྔ། ཏོག་གེ་རིག་གནས་ཁྲོད་ཀྱི་བརྩི་བཀུར།

བོད་ཀྱི་མི་ཆོས་སུ་བརྩི་བཀུར་བྱེད་པའི་རྣམ་གྲངས་བགྲང་གིས་མི་ལངས་བ་ཡོད་མོད། འདིར་ཏོག་གེ་རིག་གནས་ཀྱི་ངོས་ཐད་ནས་ཅུང་གླེང་ན། སྤྱིར་མི་ནི་ཟས་བཅུད་ལ་རོལ་རྒྱུ་དགའ་ཞིང་། ཚོ་དཔོན་དང་སྡེ་དཔོན་ནི་མི་ཆེན་ཡིན་པས་དབང་ཆའི་ཕྱུག་པ་དེ་ལ་བརྩི་བཀུར་བྱེད་པའི་ཆེད་དུ་ཏོག་གེ་ཁྱེར་པ་དང་། ཆོས་ལུགས་ཀྱི་མིའི་སེམས་ཁམས་དྭངས་པར་བྱེད་པའི་ནུས་པ་ཡོད་པས་བླ་མ་དང་ཨ་མཆོད་ཀྱི་ཡོན་ཏན་ལ་བཀུར་བསྟི་བྱེད་པ། དེ་བཞིན་དུ་ལོ་ལོན་དང་། ནད་པ། ཤ་ཉེ། ཕ་མ། དགེ་རྒན། ལག་ཤེས་བཟོ་ལས་པ་སོགས་ལ་ཐོག་མར་རང་ཉིད་ཀྱིས་ཁོང་ཚོར་བཀུར་ན་མཐའ་མར་རང་ཉིད་བཀུར་བའི་ཆོས་ཉིད་རྟོགས་ཡོད་པ་དང་། གལ་ཏེ་དེ་དག་ལ་ཏོག་གེ་མ་ཁྱེར་ཚེ་ཤ་ཉེ་དང་ཚོ་དཔོན། སྡེ་དཔོན་གྱི་གྲས་སུ་མ་བརྩི་བར་མར་ཕུད་པ་དང་འདྲ་བར“དམར་སྐལ་བཅད་སོང་།”ཞེས་བསམ་འཆར་ཆེ་ཞིང་ལོ་གཅིག་ནས་གཉིས་ལ་འབྲེལ་བ་མི་བྱེད་པ་མ་ཟད། ལྐོག་ནས་མཚང་བཤད་རྒྱུ་མང་པོས་ཏོག་གེ་ནི་ཕན་ཚུན་ལ་བརྩི་བཀུར་བྱེད་པའི་སྦྲེལ་ཐག་ལྟ་བུ་ཞིག་ཡིན།

གཡོས་ཕྲུག

ཏོག་གེ་དང་ཤིང་ཐུར་བརྒྱུས་སྤྱད།

དྲུག ཏོག་གེ་རིག་གནས་ཁྲོད་ཀྱི་འདྲ་མཉམ།

ཏོག་གེ་རིག་གནས་ཁྲོད་ཀྱི་འདྲ་མཉམ་ནི་དཔོན་པོ་དང་དཔོན་པོའི་བར། བླ་མ་དང་བླ་མའི་བར། དེ་བཞིན་དུ་ཨ་མཆོད། རྒན་བསམ། ཚོ་བའི་ཁྱིམ་ཚང་དང་ཁྱིམ་ཚང་གི་བར་གང་ཡིན་ཡང་རང་ལས་མཐོ་བ་དཔོན་པོ་དང་བླ་མ་ལ་ཏོག་གེ་དེ་སྐལ་ཆེ་བར་བཏོད་ཅིང་རང་དང་མཉམ་པ་ལ་སྐལ་ཅུང་ཆུང་བར་བྱས་པ་མདོར་ན་རང་ལས་མཐོ་བ་ཐམས་ཅད་ལ་སྐལ་ཆེ་བར་བཏོད་དེ་ཆེ་ཆུང་ཚང་མ་འདྲ་མཉམ་ཡིན་པ་རེད། རང་དང་མཉམ་པ་ཐམས་ཅད་ལ་སྐལ་ཆུང་བར་བཏོད་དེ་ཆེ་ཆུང་ཚང་མ་འདྲ་མཉམ་ཡིན། གཞན་ཡང་རང་དང་མཉམ་པའི་ཁྱིམ་ཚང་ཕན་ཚུན་ལ་སྐལ་བཏོད་ཚེ་བླ་མ་དང་དཔོན་པོའི་སྐལ་ལས་ཅུང་ཆུང་བར་བཏོད་ཀྱང་ཆེ་ཆུང་ནི་འདྲ་མཚུངས་ཡིན་པས་ཕན་ཚུན་ལ་བསམ་འཆར་འདོན་རྒྱུ་མེད། གལ་ཏེ་ཏོག་གེ་བགོ་སྟངས་ལ་ཆེ་ཆུང་ཤོར་ཚེ་རྗེས་བཤད་ཤིན་ཏུ་མང་བས་སྔོན་གྱི་དུས་སུ་ཚད་འཇལ་བྱེད་ཀྱི་རྒྱ་མ་ལྟ་བུ་ནི་མེད་པས་རྩི་ཏོ་སོགས་ལ་ཚད་ཐིག་བླངས་ཏེ་རྒྱུ་དཀར་ནག་དང་གཡོས། གཡོས་ཕྲུག་གི་ཚད་འཇལ་ཏེ་ནན་ཏན་གྱིས་ཏོག་སྐལ་བཟོས་ཏེ། ཁམ་གང་གིས་ཡང་ལྗིད་ཀྱང་མི་ཤོར་བར་བཟའ་དཔོན་སོགས་ཀྱི་ཞིབ་ཚགས་སུ་ལེན་དགོས་པས་ཏོག་གེའི་སྐལ་བགོ་ཕྱོགས་ཀྱི་ཀུན་སློང་ནི་ཧ་ཅང་དྲང་བདེན་དང་འདྲ་མཉམ་ཡིན་པ་ཤེས་ཐུབ།

ཏོག་གེ

ཏོག་གེ་ལ་མཐུན་སྒྲིལ་གྱི་མཚོན་རྟགས་ཡོད་པ།

མདོར་ན། ཏོག་གེ་རིག་གནས་ཀྱིས་ཁྱིམ་ཚང་དང་། ཚོ་བ། སྡེ་བ་སོ་སོའི་བར་དུ་ཕན་ཚུན་འབྲེལ་འདྲིས་མང་དུ་བྱེད་ཐུབ་པས་མཐུན་སྒྲིལ་དང་། བརྩི་བཀུར། འཆམ་མཐུན། བདེ་འཇགས། གོ་རིམ་ཅན་གྱི་ཕྱོགས་སུ་འགྲོ་ཐུབ་པ་ཡིན། ཡིན་ནའང་དེང་གི་དུས་འདིར་ཕྱོགས་གཅིག་ནས་དཔལ་འབྱོར་འགྲན་རྩོད་ཤུགས་ཆེ་བས་ཏོག་གེའི་འཁྱེར་བའི་གོམས་སྲོལ་དེ་རིམ་བཞིན་མེད་པར་འགྲོ་བཞིན་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་ས་གནས་ཀྱི་བླ་མ་འགའ་རེས་ཆོས་ལུགས་ཀྱི་སློབ་གསོ་བེད་སྤྱད་ནས་སེམས་ཅན་གཞན་གྱི་སྲོག་བཅད་དེ་ཤ་བཟོས་ན་ཉེས་པ་ཆེ་ཚུལ་གྱི་བསམ་བློས་ཤུགས་རྐྱེན་འོག་ཏུ་བཤའ་ཟོག་གསོད་པ་ཇེ་ཉུང་དུ་འགྲོ་བ་དང་། གཞན་ཡང་སྒོར་མོ་བཙལ་བའི་ཆེད་དུ་སྒོ་ཕྱི་རུ་འགྲོ་དགོས་པ་དང་ཆབས་ཅིག ཡུལ་དུ་ལོ་ལོན་དང་བྱིས་པ་མ་གཏོགས་མི་འདུག་པར་བརྟེན་ནས་བཤའ་ཟོག་གསོ་སྐྱོང་བྱེད་མི་ཐུབ་པ་སོགས་ལ་རྐྱེན་བྱས་ཏེ་ཁྱིམ་ཚང་ལ་ལར་ཏོག་གེ་ཁྱེར་རྒྱུ་ཡོད་མེད་ཀྱི་སྣང་ཚུལ་བྱུང་སྟེ་ཁྱིམ་ཚང་དང་། ཚོ་བ། སྡེ་བའི་བར་དུ་རང་བཞིན་གྱིས་འབྲེལ་འདྲིས། མཐུན་སྒྲིལ། བརྩི་བཀུར་སོགས་མེད་པར་རང་ཁོ་ན་བསམ་པ་ལས་སྤྱི་སེམས་ཀྱི་བསམ་བློ་དེ་མེད་པར་ཆགས་འགྲོ་ཞིང་། སྤྱི་སེམས་དེ་མེད་ན་སྤྱི་ཚོགས་སྒྲིག་གཞིའི་རྒྱུ་མང་པོ་ཉམས་འགྲོ། རྒྱུ་མང་པོ་དེ་ཉམས་ན་མི་དང་རང་བྱུང་ཁམས། མི་དང་སྤྱི་ཚོགས་བར་དུ་འགལ་ཟླ་མང་པོ་བསླངས་ཡོང་། དེར་བརྟེན། ཏོག་གེ་རིག་གནས་ནི་བལྟས་ན་ཧ་ཅང་ཆུང་ཡང་། དེའི་ནང་དུ་དངོས་པོའི་རིག་གནས་དང་། ལམ་ལུགས་རིག་གནས། བསམ་པའི་རིག་གནས་བཅས་འདུས་པའི་རིག་གནས་ཀྱི་ཁྱིམ་ར་ཆུང་ཆུང་ཞིག་ཡིན་མོད། དེ་རྒྱུན་འཛིན་མ་བྱས་པར་ཉམས་ཚེ་བརྩེ་སེམས་ཀྱི་སྒོ་ནས་སྤྱི་ཚོགས་ལ་རྩ་འཛུགས་བྱེད་པའི་རིག་གནས་ཞིག་ཉམས་རྒུད་དུ་འགྲོ་བཞིན་ཡོད་པས་ཡང་བསྐྱར་སྤེལ་ན་རང་མི་རིགས་ཀྱིས་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་ལ་ཕན་པ་མ་ཟད། འཆམ་མཐུན་སྤྱི་ཚོགས་ལའང་ཕན་པ་རྒྱ་ཆེན་ཐོན་ཐུབ་སྙམ།

ཡོང་ཁུངས། གངས་ལྗོངས་ཉི་གཞོན།
རྩོམ་པ་པོ། རྡོ་རྗེས་བསྒྲིགས།