བུ་བཅོལ་ཁང་གི་བོད་ཡིག་སློབ་དེབ་ཐོག་མ་པར་དུ་བསྐྲུན་པ།
སྤེལ་བའི་དུས་ཚོད། : 2018-07-08 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  ཉེ་ལམ། ཀན་སུའུ་མི་རིགས་དཔེ་སྐུན་ཁང་གིས་༼བོད་ཀྱི་བྱིས་སྙོར་ཁང་གི་བསླབ་དེབ་བྱིས་པའི་བློ་སྒོ་འབྱེད་པའི་ལྡེ་མིག༽ཅེས་པའི་བུ་བཅོལ་ཁང་གི་བོད་ཡིག་སློབ་དེབ་ལྔ་པར་དུ་བསྐྲུན་ཡོད་ཅིང་། འདིའང་བུ་བཅོལ་ཁང་གི་བོད་ཡིག་སློབ་དེབ་ཐོག་མའི་གྲས་ཡིན་པར་གྲགས།

  ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི་གླིང་གཙོ་རྒན་ཚེ་རིང་ཐར་ལགས་ནས་འདི་སྐད། བུ་བཅོལ་ཁང་གི་བྱིས་པའི་སློབ་གསོ་ནི་བོད་མི་རིགས་ཀྱི་སྲོལ་རྒྱུན་སློབ་གསོའི་སྟོང་ཆ་ཆེན་པོ་ཡིན་པ་མ་ཟད། དེང་སང་གི་སློབ་གྲྭའི་སློབ་གསོའི་མ་ལག་ནང་ནས་ཀྱང་མཐོང་ཆེན་མ་བྱས་ནས་ལུས་བསྡད་ཡོད་མོད། དོན་ཐོག་ནས་དེ་ནི་བོད་མི་རིགས་ཀྱི་སློབ་གསོའི་གཞི་རྩའི་ནང་གི་གཞི་རྩ་ཡིན་པས་གལ་འགངས་ཤིན་ཏུ་ཆེ་སྙམ། འདིར་བུ་བཅོལ་ཁང་གི་བྱིས་པ་ཚོར་སློབ་བསྟེན་བསྒྲིགས་ནས་པར་དུ་བསྐྲུན་པ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་ཞེས་གསུངས་འདུག

  ཡང་སློབ་དེབ་དེ་པར་དུ་བསྐྲུན་སྐོར་ལ་རྩོམ་སྒྲིག་པས་གཤམ་གསལ་ལྟར་གསུངས་འདུག་པ་སྟེ། སློབ་དེབ་ནི་བྱིས་པའི་སློབ་གསོའི་མ་ལག་ཁྲོད་ཀྱི་ཆེས་རྩ་བའམ་ཆེས་རྨང་གཞིར་གྱུར་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། ང་ཚོས་སྲིད་ཇུས་ཀྱི་ཉི་འོད་ཕྱོགས་མེད་འཕྲོ་བའི་གོ་སྐབས་བཟང་པོ་ལ་བརྟེན་ནས་བོད་རིགས་བྱིས་པ་དག་ལ་ཉེ་བར་མཁོ་ཞིང་སྤྲོ་བར་འདེགས་པའི་བསླབ་ཚན་ལྔ་བསྒྲིགས་ཡོད།ནང་དོན་གྱི་ཆ་ནས་ཡུལ་སྲོལ་རྨང་དང་།བྱིས་པ་གཞི།ཆོས་ཉིད་སྲོག་ཏུ་བཟུང་ནས།སྲོལ་བཟང་གི་ལམ་མ་བོར་ཞིང་དུས་རབས་ཀྱི་ཉམས་མ་ཤོར་བའི་ཁྱད་ཆོས་འབུར་དུ་ཐོན་ཡོད།ཁྱབ་ཁོངས་ཀྱི་ངོས་ནས་རྒྱལ་ཁབ་སློབ་གསོ་པུའུ་ཡིས་གཏན་ལ་ཕབ་པའི་ལོ་གསུམ་ནས་དྲུག་བར་གྱི་བྱིས་པའི་སློབ་སྦྱོང་དང་འཕེལ་རྒྱས་ཕྱོགས་སྟོན་ཞེས་པ་ལས་བསྟན་པའི་བདེ་ཐང་དང་།སྐད་ཆ།སྤྱི་ཚོགས།ཚན་རིག སྒྱུ་རྩལ་བཅས་སྔོན་འགྲོའི་སློབ་གསོའི་ཆོས་ཉིད་ནང་བཞིན་བོད་རང་ལ་ཡོད་པའི་བྱིས་པའི་བློ་རིག་སྦྱོང་བྱེད་ཀྱི་སྡོངས་གྲོགས་སམ་མན་ངག་དེ་ཁེད་དང་།གནའ་གཏམ།ལེགས་བཤད།གཏམ་དཔེ།བྱིས་གླུ་སོགས་རང་རེའི་བྱིས་སྙོར་ཁང་གི་བྱིས་པའི་ལུས་སེམས་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ཡོད།ལོ་རིམ་དབྱེ་སྟངས་ཐད་ནས་འཛིན་གྲྭ་ཆུང་བར་སློབ་དེབ་གཅིག་ལ་སྟོད་སྨད་ཆ་གཉིས་ཏེ་སློབ་སྐབས་དང་པོར་སྟོད་ཆ་ཁྲིད་ཚར་དགོས་པ་དང་སློབ་སྐབས་གཉིས་པར་སྨད་ཆ་ཁྲིད་ཚར་དགོས།འཛིན་གྲྭ་འབྲིང་བ་དང་།འཛིན་གྲྭ་ཆེ་བ།གྲ་སྒྲིག་འཛིན་གྲྭ་གསུམ་པོ་ཡང་དེ་བཞིན་ནོ༎

  ཉིན་རེའི་ཉམས་ལེན་ཞེས་པའི་དེབ་ཆུང་འདི་ནི།བྱིས་སྙོར་ཁང་གི་དགེ་སློབ་ཀྱི་ཉིན་གཅིག་གི་འགྲོ་འདུག་ཉལ་འཆག་གི་རྒྱུན་སྲོལ་དང་བོད་རང་གི་ཐུན་མོང་མ་ཡིན་པའི་བྱིས་པ་སྙོར་ཚུལ་ཟུང་དུ་འབྲེལ་ཞིང་བོད་སྐད་ཀྱི་ལམ་ནས་བྲིས་པ་ཡིན།ནང་དོན་གྱི་ཆ་ནས་བོད་རིགས་དགེ་རྒན་མི་ཉུང་བ་ཞིག་གིས་ཟུར་ལྟའི་དོ་དམ་དཔེ་དེབ་བཟང་པོ་ཞིག་གྱུར་ནས་བཀོལ་སྤྱོད་བྱེད་བཞིན་ཡོད།ཁྱད་པར་དུ་ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་གི་སློབ་དཔོན་ཆེན་མོ་དགེ་འདུན་རྒྱ་མཚོ་མཆོག་གིས་ཁུར་བརྒྱ་དང་དུ་བླངས་ནས་དག་བཅོས་དང་འཕྲི་སྣོན་ཡང་ཡང་བྱས་པས་ད་ལྟ་ཡོངས་སུ་གྲུབ་སོང་།གཞན་དཔེ་དེབ་བཞི་བོ་བོད་རང་གི་བྱིས་པའི་ན་ཚོད་ལྟར་བྱེད་སྒོ་ལ་སྦྱར་ནས་རྩོམ་བསྒྲིགས་བྱས་པ་ཡིན།

  ཁྲིད་སྟངས་གསལ་འདེབས།

  མི་རིགས་སློབ་གསོ་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ནས།ང་ཚོས་སློབ་དེབ་ནི་སློབ་གསོའི་མ་ལག་གི་གྲུབ་ཆ་གལ་ཆེན་ཡིན་ཞེས་བསྟན་པ་ནང་བཞིན་བྱིས་པའི་རྩལ་ནུས་འཇོན་གསུམ་གྱི་དགོས་མཁོ་དང་།རང་རེའི་བྱིས་སྙོར་ཁང་གི་ལོ་རིམ་གྱི་དབྱེ་པ་ལ་དམིགས་ནས་སློབ་དེབ་བཞི་རྩོམ་སྒྲིག་བྱས་ཡོད་དེ།འཛིན་གྲྭ་ཆུང་བར་སློབ་དེབ་གཅིག་ལ་སྟོད་སྨད་ཆ་གཉིས་ཏེ་སློབ་སྐབས་དང་པོར་སྟོད་ཆ་ཁྲིད་ཚར་དགོས་པ་དང་སློབ་སྐབས་གཉིས་པར་སྨད་ཆ་ཁྲིད་ཚར་དགོས།འཛིན་གྲྭ་འབྲིང་བ་དང་།འཛིན་གྲྭ་ཆེ་བ།གྲ་སྒྲིག་འཛིན་གྲྭ་གསུམ་པོ་ཡང་དེ་བཞིན་ནོ༎

  སློབ་ཡུན་གྱི་ཆ་ནས་བགོས་ན།སློབ་སྐབས་གཅིག་ལ་གཟའ་འཁོར་ཉི་ཤུ་ཡིན།འཛིན་གྲྭ་ཆུང་བར་མཚོན་ན།བདེ་ཐང་གི་ལམ་ནས་སློབ་ཐུན་གཅིག་དང་།སྐད་ཡིག་གི་ལམ་ནས་སློབ་ཐུན་གཉིས།སྤྱི་ཚོགས་ཀྱི་ལམ་ནས་སློབ་ཐུན་གཅིག ཚན་རིག་གི་ལམ་ནས་སློབ་ཐུན་གཅིག སྒྱུ་རྩལ་གྱི་ལམ་ནས་སློབ་ཐུན་གཅིག་བཅས་གཟའ་འཁོར་རེ་ལ་སློབ་ཐུན་བདུན་རེ་ཁྲིད་དགོས།འཛིན་གྲྭ་འབྲིང་བར་གཟའ་འཁོར་རེ་ལ་སློབ་ཐུན་དགུ་རེ་དང་།འཛིན་གྲྭ་ཆེ་བར་གཟའ་འཁོར་རེ་ལ་སློབ་ཐུན་བཅུ་གཅིག་རེ། གྲ་སྒྲིག་འཛིན་གྲྭར་གཟའ་འཁོར་རེ་ལ་སློབ་ཐུན་བཅུ་གཉིས་རེ་ཁྲིད་དགོས་སོ༎

  དེ་བཞིན་སློབ་ཁྲིད་བྱེད་སྟངས་ཀྱི་ཆ་ནས་བཤད་ན།བྱིས་སྙོར་ཁང་གི་སློབ་ཁྲིད་ཀྱི་རྣམ་པ་གཙོ་བོ་རྩེད་འཇོ་ཡིན་པས།བྱིས་པའི་བློ་ཁམས་དང་བསྟུན་ཅིང་མཐུན་པའི་སློབ་ཁྲིད་བྱེད་ཐབས་ཤིག་ངེས་པར་དུ་རྙེད་དགོས་ཏེ།དེ་ནི་གཙོ་བོ་བྱེད་སྒོ་ལ་སྦྱར་ནས་ལས་ཞོར་སློབ་ཞོར་དང་སློབ་ཞོར་རྩེ་ཞོར་ཡིན་ལ།རྩེད་མོ་དང་།རི་མོ།གླུ་གར།ལག་ལེན་སོགས་ལ་བརྟེན་ནས་ཁ་གསལ་གོ་བདེའི་ལམ་ནས་སློབ་ཁྲིད་སྤེལ་རྒྱུ་ཤིན་ཏུ་གལ་ཆེ།

  མངགས་ཉོ་བྱེད་ས། དགེ་འདུན།

  འབྲེལ་གཏུག་ཨང་གྲངས། 138 9399 8677

  ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

  རྩོམ་སྒྲིག་པ། བདེ་ལྷ་མོ།