ཁྱིམ་ཚང་སློབ་གསོའི་སྐོར་རགས་ཙམ་གླེང་བ།
སྤེལ་བའི་དུས་ཚོད། : 2018-04-14 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

གཅིག ཐབས་ལམ་སྣ་ཚོགས་སྤྱད་ནས་སློབ་མའི་ཁྱིམ་བདག་སློབ་གྲྭའི་སློབ་གསོ་བྱ་བར་ཟབ་ཞུགས་བྱེད་དུ་འཇུག་དགོས།

ཁྱིམ་བདག་རེ་རེས་སློབ་གྲྭའི་སློབ་གསོར་རྒྱུས་ལོན་དང་ཟབ་ཞུགས། ལྟ་སྐུལ་བཅས་བྱེད་ཐུབ་ན་ད་གཟོད་སློབ་གྲྭའི་བྱ་བ་སྣ་ཚོགས་ལེགས་འགྲུབ་འབྱུང་བ་དང་། སློབ་གསོའི་རྒྱུ་སྤུས་སྒོ་ཀུན་ནས་མཐོར་འདེགས་གཏོང་བར་སྐུལ་འདེད་ཆེན་པོ་ཐེབས་ངེས། དཔེར་ན། སློབ་སྐབས་གསར་བ་མགོ་རྩོམ་དུས་ཁྱིམ་བདག་ཚོགས་འདུ་བསྡུས་ཏེ་དགེ་རྒན་གྱིས་སློབ་གྲྭའི་རེ་བ་ལྟར་སློབ་སྐབས་རེ་རེའི་སློབ་སྟོན་འཆར་གཞི་སྣ་ཚོགས་དང་དེ་དག་གི་དམིགས་ཡུལ། རེ་འདུན། བྱ་འགུལ་བཀོད་སྒྲིག་སོགས་ཁྱིམ་བདག་ལ་མཚམས་སྦྱོར་དང་ངོ་སྤྲོད་བྱས་ཏེ་ཁྱིམ་བདག་གི་བསམ་འཆར་བསྡུ་ལེན་དང་ལེགས་སྒྲིག་བྱས་ན། ད་གཟོད་སློབ་ཁྲིད་བྱ་བའི་འཆར་གཞི་སྣ་ཚོགས་འཐུས་སྒོ་ཇེ་ཚང་དུ་འགྲོ་ཞིང་། ཁྱིམ་བདག་གིས་ཀྱང་སེམས་སུ་གྲ་སྒྲིག་ཡོད་པའི་སྒོ་ནས་སློབ་གསོ་བྱ་བར་རྒྱབ་སྐྱོར་དང་སྐུལ་འདེད་བྱེད་པར་ཕན་ཐོགས་ངེས་ཅན་ཡོད་པར་མ་ཟད། གོང་གི་འཆར་གཞི་ལག་བསྟར་བྱེད་པའི་གོ་རིམ་ནང་དུའང་ཁྱིམ་བདག་རེ་རེ་ཟབ་ཞུགས་བྱེད་དུ་འཇུག་དགོས། དེ་ལྟར་བྱས་ན་ཁྱིམ་བདག་གིས་རང་གི་བུ་བུ་མོའི་རྩལ་ནུས་དང་ཀུན་སྤྱོད། སྤོབས་པ་སོགས་ལ་སྔར་བས་རྒྱུས་ལོན་གསལ་རྟོགས་བྱེད་ཐུབ་པ་དང་།རང་གི་བྱིས་པའི་མི་འདང་ས་དང་། ལེགས་པའི་ཆ་སོགས་ལ་ངེས་ཤེས་ཡག་པོ་རྙེད་ནས་གང་ནུས་ཅི་ལྕོགས་ཀྱིས་ཡོད་པ་འཕེལ་རྒྱས་དང་མེད་པ་ཁ་སྐོང་གི་ཕྱོགས་ལ་འབད་འདོད་པའི་ཀུན་སློང་སྐྱེ་ངེས་པར་མ་ཟད། དུས་རྒྱུན་བྱིས་པར་སློབ་གསོ་གཏོང་ཐབས་ཕྱོགས་སུ་ཤུགས་བསྣན་དགོས་པ་གསལ་བོར་རྟོགས་ཐུབ།

གཉིས། སེམས་པ་རྣམ་དག་གིས་སློབ་མའི་ཁྱིམ་བདག་ལ་བརྩི་འཇོག་བྱས་ཏེ་བློ་སེམས་གཅིག་མཐུན་ཡོང་བ་བྱ་དགོས།

ཁྱིམ་བདག་གི་བརྩི་འཇོག་དང་རྒྱབ་སྐྱོར་ཐོབ་འདོད་ན་ཐོག་མར་ལྷག་བསམ་རྣམ་དག་གིས་སློབ་མའི་ཁྱིམ་བདག་ཚང་མར་བརྩི་བཀུར་བྱ་དགོས་ལ། དེ་ནི་ཁྱིམ་བདག་སོ་སོས་དགེ་རྒན་ལ་རམ་འདེགས་དམ་པོ་བྱེད་པའི་རྨང་གཞི་ཡིན་པས། དགེ་རྒན་སུ་ཞིག་ཡིན་ཡང་རང་ཉིད་སློབ་མའི་ཁྱིམ་ཚང་དུ་འགྲོ་བའམ་ཁྱིམ་བདག་ཚུར་བོས་ཏེ་ཁོའི་བུ་ཕྲུག་གི་གནས་ཚུལ་ངོ་སྤྲོད་བྱས་ཏེ་ཁྱིམ་བདག་གི་རྒྱབ་སྐྱོར་ཐོབ་པར་འདོད་ན། གཅིག་ནས་ཁོར་ཡུག་ལ་མཉམ་འཇོག་བྱ་དགོས་པ་སྟེ་ཁྱིམ་ཚང་དུ་མི་གཞན་པ་ཡོད་པའམ་ཁྱིམ་བདག་དང་མཉམ་དུ་མི་གཞན་ཡོད་ན་དུས་ཐོག་དེར་སློབ་མའི་གནས་བབ་གླེང་བར་གཟབ་དགོས་པའམ་མི་གླེང་བར་བྱ་དགོས། གཉིས་ནས་ཁོ་ཚོའི་བུ་ཕྲུག་གི་མི་འདང་ས་དང་ཞན་ཆའི་ཕྱོགས་ནས་ངོ་སྤྲོད་བྱེད་སྐབས་སྐད་ཆ་ཤོད་སྟངས་ལ་མཉམ་འཇོག་བྱ་དགོས་པ་སྟེ། སྔོན་ལ་བུ་ཕྲུག་དེའི་བཟང་ཆ་དང་ཐུན་མིན་གྱི་དགའ་ཕྱོགས་བདམས་ནས་བཤད་པ་དང་དེ་ནས་བུ་ཕྲུག་གི་མི་འདང་ས་དང་གནས་པའི་སྐྱོན་ཆའི་སྐོར་བརྗོད་དགོས་པ་དང་། མཇུག་མཐར་ཚིག་འཇམ་པོའི་སྒོ་ནས་ཁ་ཏ་སློབ་གསོ་བྱ་དགོས་པའི་རེ་འདུན་ཞུས་ན་ད་གཟོད་ཁྱིམ་བདག་གིས་ཁ་ཞེ་གཉིས་མེད་ཀྱིས་དགེ་རྒན་ལ་མོས་གུས་བྱེད་ཅིང་། དགེ་རྒན་ལ་གཞོགས་འདེགས་བྱས་ཏེ་མཉམ་དུ་བུ་ཕྲུག་ལ་སློབ་གསོ་གཏོང་རྒྱུ་སེམས་གཏིང་ནས་ཁས་ལེན་བྱེད་པ་ཡིན།

གསུམ། གང་ནུས་ཅི་ལྕོགས་ཀྱིས་ཁྱིམ་བདག་དང་འབྲེལ་འདྲིས་དམ་ཟབ་འཛུགས་པ་རྒྱུན་འཁྱོངས་བྱེད་དགོས།

དགེ་རྒན་དང་སློབ་མའི་ཁྱིམ་བདག་བར་ཕན་ཚུན་འབྲེལ་གཏུག་དང་འབྲེལ་བ་འཛུགས་ཐབས་སྣ་ཚོགས་སྤྱད་ནས་དགེ་རྒན་གྱིས་སློབ་མ་རེ་རེའི་ཁྱིམ་བདག་ལ་འབྲེལ་འདྲིས་དང་རྒྱུས་ལོན་བྱ་དགོས་པར་མ་ཟད། ཁྱིམ་བདག་རེ་རེ་དགེ་རྒན་རང་ཉིད་ཀྱི་བློས་ཐུབ་གྲོགས་པོར་གྱུར་ནས་སློབ་གསོ་བྱ་བ་ལེགས་འགྲུབ་འབྱུང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་བསྒྱུར་བར་འབད་དགོས། དགེ་རྒན་གྱིས་རང་གི་འཛིན་གྲྭའི་སློབ་མའི་ཁྱིམ་བདག་རེ་རེར་འབྲེལ་གཏུག་བྱེད་པ་དང་། འབྲེལ་བ་འཛུགས་རྒྱུ་དེ་ལས་སླ་མོ་ཞིག་མིན་ཡང་དགེ་རྒན་རང་ཉིད་ཀྱི་དཔེ་ཁྲིད་མི་སྐྱོང་གི་འགན་ཁུར་འདུ་ཤེས་དྲག་པོར་ལྷོད་པ་མེད་པར་ངང་རྒྱུད་རིང་བ་དང་། ལྷག་བསམ་དག་པ། ཁ་དན་ཚིག་ལ་གནས་པའི་སྒོ་ནས་གང་ཐུབ་ཅི་ཐུབ་ཀྱིས་ཐབས་ལམ་སྣ་ཚོགས་དང་གོ་སྐབས་གསར་སྐྲུན་བྱས་ཏེ་སློབ་མའི་ཁྱིམ་བདག་ལ་འབྲེལ་གཏུག་དང་འབྲེལ་འདྲེས་དམ་ཟབ་འཛུགས་པ་རྒྱུན་འཁྱོངས་བྱས་ཏེ་སློབ་གྲྭའི་སློབ་གསོ་དང་ཁྱིམ་ཚང་སློབ་གསོ་མཉམ་འབྲེལ་སྒོས་མཐོར་འདེགས་གཏོང་བར་ཧུར་བརྩོན་བྱ་དགོས།

བཞི། བློ་ཁོག་ཡངས་པོས་ཁྱིམ་བདག་གི་བསམ་འཆར་ལ་མཉན་ནས་རང་སྐྱོན་བསྒྱུར་བཅོས་དང་འབྲེལ་བ་དམ་འཛིན་བྱ་དགོས།

དུས་རྒྱུན་གྱི་སློབ་གསོ་བྱ་བའི་ཁྲོད་དགེ་རྒན་རྣམ་པས་ཁྱིམ་བདག་དམན་པར་ལྟ་བ་དང་རང་ཉིད་མཆོག་འཛིན་གྱི་ཀུན་སློང་གིས་ཁྱིམ་བདག་སྣང་མེད་དུ་མི་འཇོག་པར་མ་ཟད། སློབ་མའི་ཞན་ཆ་དང་ནོར་འཁྲུལ་ཅི་ཡོད་ཁྱིམ་བདག་གི་མགོར་དེད་ནས་དེ་ལ་འཁང་ར་དང་སྡིག་མོ་བྱེད་པ། ཁ་ནས་ལབ་པ་མང་ཞིང་ལག་ལེན་དུ་གདབ་རྒྱུ་མེད་པའམ་ཉུང་བ།ཁྱིམ་བདག་ཚོགས་འདུ་སོགས་བརྒྱུད་ནས་བཏོན་པའི་བསམ་འཆར་དང་རེ་བ་དང་ལེན་མི་བྱེད་པ།མཐོ་སྡོད་གཤམ་གནོན་གྱི་རྣམ་འགྱུར་གྱིས་ཁྱིམ་བདག་ལ་ངོ་ནག་མཐོང་ཆུང་བྱེད་པ་སོགས་བྱ་སྤྱོད་ཀྱི་སྒོ་མོ་ཡོངས་སུ་གཏན་ནས། དུས་དང་རྣམ་པ་ཀུན་ཏུ་རང་གི་བྱ་བར་ཁྱིམ་བདག་སོ་སོར་ལྟ་སྐུལ་བྱེད་དུ་འཇུག་པ་དང་། ཁྱིམ་བདག་གི་ལྟ་སྐུལ་བརྒྱུད་ནས་ཐོབ་པའི་བསམ་འཆར་དང་རེ་བའི་སྐོར་སྦ་གསང་མེད་པར་ཞུ་བའི་རེ་བ་འདོན་པ། ཁྱིམ་བདག་གིས་བཏོན་པའི་བསམ་འཆར་དང་རེ་བར་སེམས་ཞིབ་མོ་དང་བློ་ཁོག་ཡངས་པོས་མཉན་ནས་དེ་ལས་བླང་དོར་གྱི་བྱ་བ་མ་ནོར་བ་བྱ་དགོས། འོན་ཀྱང་ཁྱིམ་བདག་གིས་བཏོན་པའི་བསམ་འཆར་དང་རེ་བར་ཡོ་བསྲང་བྱེད་སྐབས་རང་གི་བྱ་སྤྱོད་ལ་དོ་སྣང་བྱས་ཏེ་ཚིག་འཇམ་པོས་དེའི་རྒྱུ་མཚན་དང་གནས་ལུགས་ངོ་སྤྲོད་བྱས་ཏེ་ཁྱིམ་བདག་དང་བསམ་ཚུལ་གཅིག་འདྲ་ཡོང་བར་བྱ་དགོས་ཤིང་། ཁྱིམ་བདག་གི་བསམ་འཆར་གཞིར་བཟུང་ནས་རང་ཉིད་ཀྱི་སྤྱོད་ལམ་བཙོ་སྦྱང་ལེགས་པོ་བྱས་ན་ད་གཟོད་ཁྱིམ་བདག་གི་ཡིད་ཆེས་དང་རྒྱབ་སྐྱོར་ཐོབ་ནས་སློབ་མར་སློབ་གསོ་གཏོང་བའི་དཔུང་རོགས་གལ་ཆེན་ཞིག་ཏུ་འགྱུར་བར་གདོན་མི་ཟ།

ལྔ། ཁྱིམ་བདག་གིས་བྱིས་པར་སློབ་གསོ་གཏོང་བར་ཡང་དག་པའི་འདུ་ཤེས་དང་བསམ་བློ་ཆགས་སུ་འཇུག་པར་རོགས་རམ་བྱེད་དགོས།

ང་ཚོའི་ཁྱིམ་བདག་མང་ཆེ་བ་ཞིག་གི་རིག་གནས་ཆུ་ཚད་དང་། ལས་རིགས་ཀྱི་ཁྱད་ཆོས། གཤིས་རྒྱུད། ཁྱིམ་ཚང་གི་གནས་བབ། ལྟ་རྒྱ་ཐོས་རྒྱ་སོགས་ཕྱི་ནང་གི་ཆ་རྐྱེན་མི་མཐུན་པའི་ཕྱིར། དོན་དངོས་ཐོག་ཁྱིམ་བདག་སོ་སོའི་ཁྱིམ་གྱི་སློབ་གསོའི་སློབ་སྟོན་དགོངས་པ་དང་བྱེད་ཐབས། དམིགས་ཡུལ། ཕན་འབྲས་ཀྱི་ཆ་ནས་ཀྱང་མི་མཐུན་པ་རེད། དཔེར་ན། ཁྱིམ་ཚང་རེ་འགའི་བྱིས་པ་སློབ་སྦྱོང་ལ་དགའ་བ་དང་། སློབ་གྲྭའི་སྒྲིག་ལམ་སྲུང་བ། ཁ་ལེན་ཚིག་བརྩི་བྱེད་པ། ཀུན་སྤྱོད་ལེགས་པ་དང་། ཡང་ཁྱིམ་ཚང་རེ་འགའི་བྱིས་པ་དེ་ལས་ལྡོག་སྟེ་སློབ་སྦྱོང་ལ་སུན་སྣང་གི་སེམས་པ་སྐྱེས་ཡོད་པ། དགེ་རྒན་གྱི་ཁ་ཏ་བསླབ་བྱར་མི་ཉན་པ། སློབ་གྲྭའི་སྒྲིག་ལམ་མི་བརྩི་བ་དང་། སློབ་བྱོལ་བྱེད་པ། དུས་རྒྱུན་མ་རབས་པྲ་ཚག་གི་ལས་བྱེད་པ་ལྟ་བུའོ།། སྤྱིར་ན་ཁྱིམ་བདག་རེ་རེས་རང་གི་བྱིས་པར་རིག་གནས་ཤེས་བྱ་འབྱོར་འདོད་ཀྱི་ཀུན་སློང་རྣམ་དག་ཡིན་ཡང་ཁྱིམ་བདག་རང་སྟེང་གི་རིག་གནས་ཤེས་བྱ་དང་སློབ་གསོའི་བློ་སྐྱེད་སྐོར་ནས་ཧ་ཅང་ཞན་པས་ཚན་རིག་དང་མཐུན་པའི་སློབ་གསོ་གཏོང་རྒྱུ་ཧ་ཅང་ཁག་པར་གྱུར་ཡོད་དེ། དཔེར་ན། ཁྱིམ་བདག་མང་པོ་ཞིག་གིས་བྱིས་པ་ཕན་ཚུན་བར་གྱི་བསླབ་འབྲས་སྐར་གྲངས་ཙམ་གྱི་མཐོ་དམའ་བསྡུར་གཤིབ་བྱས་ཏེ་བྱིས་པར་གཅར་རྡུང་བྱེད་པ་དང་། གཤེ་གཤེ་གཏོང་བ། ངོ་མཚང་འདྲི་བ། ཁྱོད་ཀྱིས་ཅི་ཡང་མི་ནུས་པ་དང་། ཁྱོད་གཞན་པ་སུ་ལས་ཀྱང་དམན་པའི་ནུས་མེད་བེམ་རོ་ལྟ་བུ་ཞིག་རེད་ཅེས་མཛུབ་མོ་བཙུགས་ནས་སྡིག་དམོད་བྱེད་པ་དང་། རྗེས་ཕྱོགས་ཡིན་གཅིག་མིན་གཉིས་ཨང་དང་པོ་ལེན་དགོས་པ། དེ་ལྟར་མ་ཐུབ་ཚེ་ཡུལ་ལ་ཡོང་ས་མེད་ཚུལ་སོགས་བཤད་ནས་བྱིས་པའི་རང་བཀུར་གྱི་བསམ་པ་དང་སློབ་སྦྱོང་གི་སྤོབས་པ་ཉམས་སུ་འཇུག་པར་མ་ཟད། དུས་རབས་དང་སྤྱི་ཚོགགས་ཀྱི་གནས་བབ་ལ་བརྟག་དཔྱད་རྒྱུས་ལོན་མི་བྱེད་པར་ཁོ་ཚོ་རང་ཉིད་ཀྱི་བསམ་ཕྱོགས་དང་བསྟུན་ནས་བྱིས་པར་བགྲོད་ལམ་འདེམ་པ་དང་། བགྲོད་ལམ་དེའི་སྟེང་ནས་ངེས་པར་བགྲོད་དགོས་པ། ཁོ་ཚོས་བདམས་པའི་བགྲོད་ལམ་དེ་ལས་འཚོ་གནས་བྱེད་ཐུབ་པའི་ལམ་བུ་ཞིག་ལོགས་སུ་འཚོལ་རྒྱུ་མེད་པ་ལྟ་བུའི་ཐག་གཅོད་རང་བཞིན་དང་བཙན་ཚུགས་རང་བཞིན་གྱི་སློབ་གསོ་གཏོང་སྟངས་ཤིག་ཡོངས་ཁྱབ་ཏུ་གནས་ཤིང་། བྱིས་པ་མང་པོ་ཞིག་གི་ལྷན་སྐྱེས་སུ་གནས་པའི་འཇོན་ནུས་སྔོག་འདོན་བྱེད་པར་བཀག་རྒྱ་ཆེན་པོ་བཟོས་ཡོད་པས། བྱིས་པའི་ཤེས་བྱའི་རྨང་གཞི་དང་།ལོ་ནའི་ཁྱད་ཆོས། འཇོན་ནུས་སོགས་གནས་ཚུལ་དངོས་ལ་གཞིགས་ནས་དེའི་དགའ་ཁ་འཁྱེར་ཕྱོགས་ལྟར་དེ་ལ་རྒྱབ་སྐྱོར་དང་ཡར་སྐུལ། དེའི་ནུས་པ་སྔོག་འདོན་བྱེད་པའི་ཕྱོགས་ནས་ཁྱིམ་བདག་མང་པོ་ཞིག་གིས་ནུས་པ་ཐོན་གྱིན་མེད། གནས་ཚུལ་དེ་འདྲའི་འོག་ཏུ་དགེ་རྒན་རྣམས་ལ་སློབ་གསོའི་བསམ་བློ་དང་སློབ་གསོའི་བྱེད་ཐབས་དྲིལ་བསྒྲགས་བྱེད་པའི་འོས་འགན་ཡོད་ཅིང་། ཁྱིམ་གྱི་སློབ་གསོའི་ནང་གི་འོས་འཚམ་མིན་པ་དང་སྤྱི་ནས་སློབ་གསོའི་ཆོས་ཉིད་དང་སྒོས་སུ་དེང་རབས་སློབ་གསོའི་རྩ་དོན་དང་འགལ་བའི་སྤྱོད་ལམ་དང་བྱེད་སྟངས་ཡོ་བསྲང་བྱེད་དུ་འཇུག་དགོས།།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།
རྩོམ་པ་པོ། རྡོ་རྗེས་བསྒྲིགས།