གཞན་དོན་ཆེད་གཅེས་པའི་ཚེ་སྲོག་ཤོར་བའི་དཔའ་བོ་ཀུན་སྐྱོང་ལཊ་ལ་མྱ་ངན་ཞུ།
སྤེལ་བའི་དུས་ཚོད། : 2019-08-22 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་20ཉིན་གྱི་ནམ་གུང་ཙམ་དུ། སི་ཁྲོན་རྔ་བ་ཁུལ་ཝུན་ཁྲོན་རྫོང་དུ་གློ་བུར་དྲག་ཆར་བབས་ནས་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཕོག་སྟེ་མི་མང་པོ་ཉེན་ཁའི་གནས་སུ་གྱར་བ་དང་། ཝུན་ཁྲོན་ཧྲུའེ་མོ་གྲོང་རྡལ་གྱི་ཆེད་ལས་མེ་ཟོན་རུ་ཁག་གི་རུ་མི་ཀུན་སྐྱོང་ལགས་ཉེན་སེལ་རོགས་སྐྱོབ་ཏུ་འགྲོ་བའི་ལམ་བར་དུ་སྟབས་མ་ལེགས་པར་ཆུ་ལོག་དང་འཕྲད་དེ་གཅེས་པའི་རང་སྲོག་ཤོར་ཡོད།

 

ཀུན་སྐྱོང་གི་ལས་རོགས་ཀྱིས་བཤད་པ་ལྟར་ན། ཉིན་འདི་དག་རིང་ཀུན་སྐྱོང་མ་གཞི་ཕ་ཡུལ་འཛམ་ཐང་དུ་ལོག་སྟེ་སྤོ་བོའི་འདས་མཆོད་ལ་ཞུགས་བཞིན་ཡོད་མོད། ཟླ་8ཚེས་19ཉིན་མེ་ཟོན་རུ་ཁག་ཡོངས་ལས་གནས་ཐོག་ལོག་སྟེ་བཀའ་སྒུག་དགོས་པའི་བརྡ་ཐོ་འབྱོར་བར་བརྟེན་མགྱོགས་པོ་ཝུན་ཁྲོན་དུ་ལོག་པ་ཡིན་འདུག

ལས་རོགས་ཡན་ཞའོ་ལིན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། ནམ་གུང་གི་ཆུ་ཚོད་2དང་སྐར་མ་40ཙམ་ཐོག མེ་ཟོན་རུ་ཁག་ལ་ཧྲུའེ་མོ་གྲོང་རྡལ་གྱི་ཉེན་རྟོག་པའི་ཁ་པར་འབྱོར་ཞིང་། གཙང་གསུམ་གྲོང་རྡལ་དུ་མང་ཚོགས་ཉེན་ཁར་འཕྲད་པས་རོགས་སྐྱོབ་བྱེད་དུ་འགྲོ་དགོས་པའི་བརྡ་ཐོན་རྗེས། ཀུན་སྐྱོང་དང་མེ་ཟོན་རུ་ཁག་གི་རུ་མི་འགའ་མགྱོགས་པོར་ལམ་ལ་ཆས་མོད། ཁོང་ཚོ་རྔ་བའི་དགེ་འོས་སློབ་གླིང་གི་སྒོ་ཆེན་ཁར་སླེབས་སྐབས་གཞུང་ལམ་ཐོག་གློ་བུར་ཆུ་ལོག་བྱུང་ཞིང་། རླངས་འཁོར་ཆུས་བསྣུབས་པ་དང་། རུ་མི་རྣམས་མགྱོགས་པོར་རླངས་འཁོར་ལས་ཕྱིར་བུད་དེ་རླངས་འཁོར་མགོ་ཐོག་ཏུ་བུད་མོད། ཅུང་མ་འགོར་བར་ཆུ་ཇེ་ཆེར་ཕྱིན་ཏེ་རླངས་འཁོར་ཡོངས་སུ་བསྣུབས་པ་མ་ཟད། རླངས་འཁོར་ཆུས་དེད་དེ་ཤིང་སྡོང་ཞིག་གི་འགྲམ་དུ་ཁུར། རུ་མི་རྣམས་དེ་མུར་ཤིང་སྡོང་ལ་འཐམ་ནས་བསྡད་མོད། ཆུ་ཤུགས་ཆེ་དྲགས་པས་ཀུན་སྐྱོང་སོགས་རུ་མི་གསུམ་གྱིས་ཤེད་ཤུགས་ཅི་ལྟར་བཀོལ་ཡང་མ་ཕན་པར་ཆུས་ཁྱེར། ཆུས་ཁྱེར་བའི་རུ་མི་གཞན་གཉིས་ཆུ་ཚོད་5དང་8ཐོག་རེ་རེ་བཞིན་རྙེད་ཅིང་སྐྱོབ་ཐུབ་པ་བྱུང་མོད། ཀུན་སྐྱོང་རྙེད་སྐབས་གཞི་ནས་སྲོག་ཤོར་ཡོད་པ་རེད།

ལས་ཁུངས་སུ་ཡོད་པའི་ཀུན་སྐྱོང་གི་གོས་སྒྲོམ།

 

ཀུན་སྐྱོང་ནི་སི་ཁྲོན་རྔ་བ་ཁུལ་གྱི་སྲིད་གཞུང་གི་ཆེད་ལས་མེ་ཟོན་རུ་ཁག་སྐོར་དང་པོའི་རུ་མི་ཡིན་ཞིང་། ཁོང་གིས་ཧྲུའེ་མོ་གྲོང་རྡལ་ཆེད་ལས་མེ་ཟོན་རུ་ཁག་གི་ཉེན་སེལ་རོགས་སྐྱོབ་འཛིན་གྲྭའི་འཛིན་དཔོན་གྱི་འགན་ཁུར་ཡོད་པ་དང་། མེ་ཟོན་ལས་གནས་ཐོག་ལས་ཀ་བྱས་ནས་ལོ་9ཕྱིན་ཡོད་ལ། ཁོང་ལས་ཀར་ཧུར་བརྩོན་ཆེ་ཞིང་རོགས་སྐྱོབ་ལས་དོན་ཁྲོད་ནམ་རྒྱུན་སྔོན་ལ་རྒྱུག་མཁན་གྱི་རུ་མི་བཟང་པོ་ཞིག་ཡིན་ཞིང་། 2013ལོའི་ཝུན་ཁྲོན་གྱི“7·10འདམ་རྡོའི་ཆུ་རུད་ཆེན་པོའི”རོགས་སྐྱོབ་སོགས་ཉེན་ཁ་ཆེ་བའི་རོགས་སྐྱོབ་ལས་དོན་མང་པོའི་ཁྲོད་ཞུགས་མྱོང་བ་དང་མི་མང་པོའི་སྲོག་བསྐྱབས་ཡོད།

ལས་རོགས་རྣམས་ཀྱིས་ཀུན་སྐྱོང་ལ་སྐྱེལ་མ་ཞུ་བ།

 

ཀུན་སྐྱོང་གི་ཕ་ཡུལ་ནི་འཛམ་ཐང་རྫོང་གྲོང་དང་བར་ཐག་སྤྱི་ལེ་བརྒྱ་ལྷག་ཡོད་པའི་རི་གྲོང་ཞིག་ཏུ་ཡོད་ཅིང་། ཁོང་ལ་གཅེན་པོ་གཅིག་དང་གཅུང་པོ་གཅིག གཅུང་མོ་གཅིག་བཅས་ཡོད་པའི་གཅེན་པོ་དེ་ལོ་ཤས་གོང་རྐྱེན་ལམ་དུ་ཤོར་བས། ཁྱིམ་ཚང་ལ་དཀའ་ངལ་ཅུང་ཡོད་པ་དང་། ནམ་རྒྱུན་ཁོང་གི་གླ་ཕོགས་ཁག་ཅིག་གཅུང་པོ་དང་གཅུང་མོའི་འཚོ་བའི་ཐད་བཀོལ་བཞིན་ཡོད།

ཁོང་གི་ལས་གྲོགས་ཀྱིས་བཤད་པ་ལྟར་ན། ཀུན་སྐྱོང་ནི་མི་གཤིས་བཟང་ཞིང་གྲོན་ཆུང་བསྲི་ཚགས་བྱེད་མཁན་ཞིག་ཡིན་ལ། ནམ་རྒྱུན་སྤོ་ལོ་རྩེ་བ་དང་བོད་ཀྱི་དམངས་གླུ་གྱེར་བར་དགའ་མཁན་ཞིག་ཀྱང་ཡིན།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ལྟ་སྐུལ། ཝང་ཧྥེ།
སྒྲིག་སྒྱུར། པད་མ།
ཞུ་དག བདེ་ལྷ་མོ།