སྡེ་དགེ་སྨན་རྩིས་ཁང་བཙུགས་ནས་ལོ་ངོ་དྲུག་ཅུ་འཁོར་བའི་རྟེན་འབྲེལ་མཛད་སྒོ་སྤེལ།
སྤེལ་བའི་དུས་ཚོད། : 2019-08-15 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཟླ་8ཚེས་13ཉིན་གྱི་སྔ་དྲོར། ཟུར་ལུགས་གསོ་རིག་རིག་གནས་གླེང་སྟེགས་གཙོ་བོ་དང་སྡེ་དགེ་རྫོང་སྨན་རྩིས་ཁང་བཙུགས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་བྱེད་སྒོ་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་དགེ་རྫོང་དུ་སྤེལ་བ་རེད།

ཚོགས་རའི་ཡུལ་དངོས།

རྒྱལ་ཁབ་ཀྲུང་ལུགས་གསོ་རིག་སྨན་རྫས་དོ་དམ་ཅུད་ཆེད་ལས་གསལ་འབྱེད་མཛུབ་ཁྲིད་ལྟེ་གནས་ཀྱི་དགེ་རྒན་ཆེ་མོ་བ། ཧ་ཧྥོ་སློབ་ཆེན་གྱི་འབུམ་རམས་པ་ཉི་ཝན་ཏུང་དང་། ཁྲེང་ཏུའུ་ཀྲུང་ལུགས་གསོ་རིག་སྨན་རྫས་སློབ་ཆེན་མི་རིགས་གསོ་རིག་སློབ་གླིང་གི་འགོ་གཙོ་ལུའེ་ཀོང་ཧྭ། བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་གི་དགེ་རྒན་ཆེ་མོ་བ་དང་འབུམ་རམས་པའི་དགེ་རྒན་བསོད་ནམས་འཆི་མེད། དཀར་མཛེས་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་གཅིག་ལྕོགས་འཆི་མེད། དཀར་མཛེས་འཕྲོད་བསྟེན་སློབ་གྲྭའི་སློབ་གཙོ་དབྱང་ཅན་ཅུན་སོགས་ཞིང་ཆེན་ཕྱི་ནང་གི་བོད་ལུགས་གསོ་རིག་དང་བོད་སྨན་གྱི་རིགས་གཅིག་མཁས་ཅན་དང་མཁས་དབང་། བོད་རིགས་ས་ཁུལ་ཁག་གི་མི་རིགས་དང་བོད་ལུགས་གསོ་རིག་སྐོར་གྱི་སྨན་པ་རྒན་གྲས། རིགས་གཅིག་མཁས་ཅན། དེ་བཞིན་ཁམས་པའི་རིག་གནས་མཐོ་རིམ་གླེང་སྟེགས་སུ་ཞུགས་གནང་བའི་འགོ་ཁྲིད་དང་ཆེད་མཁས་པ་སོགས་མི་སྣ་༢༠༠ལྷག་ཟུར་ལུགས་གསོ་རིག་གི་འབྱུང་གནས་ཏེ་སྡེ་དགེ་རུ་འཛོམས་ནས་བོད་ཀྱི་གསོ་རིག་དང་བོད་སྨན་གྱི་འབྱུང་འགྱུར་གོང་འཕེལ་ཐད་ཀྱི་རིག་ལམ་གསར་པ་དང་འཆར་འགོད་གསར་པ་ལྷུག་གླེང་གནང་ཡོད་པ་རེད།

ཚོགས་འདུར་ཞུགས་པའི་སྐུ་མགྲོན་རྣམས།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། དཀར་མཛེས་ཁུལ་བོད་སྨན་ཁང་གི་འགོ་གཙོ་གཞོན་པ་གཉའ་རྒྱལ་མཚན་དང་། སྡེ་དགེ་རྫོང་ཨུད་ཀྱི་རྒྱུད་ཨུད། བཟོ་ཚོགས་ཀྱི་ཀྲུའུ་ཞི་ཝང་ཡུང་ཕིང་གཉིས་ཀྱིས་གྲོས་ཚོགས་དང་རྟེན་འབྲེལ་བྱེད་སྒོ་ཁག་སོ་སོར་གཙོ་སྐྱོང་གནང་བ་རེད།

སྡེ་དགེ་རྫོང་སྨན་རྩིས་ཁང་གི་འགོ་འཛིན་བྱང་དགའ།

སྡེ་དགེ་སྨན་རྩིས་ཁང་བཙུགས་ནས་ལོ་ངོ་དྲུག་ཅུ་འཁོར་བའི་རྟེན་འབྲེལ་མཛད་སྒོའི་ཐོག་སྡེ་དགེ་རྫོང་སྨན་རྩིས་ཁང་གི་འགོ་འཛིན་བྱང་དགའ་ཡིས་ཤིས་ཚིག་གསུངས་པ་དང་། ཁོང་གིས་སྡེ་དགེ་རྫོང་གིས་ལོ་དྲུག་ཅུའི་ཆར་རླུང་བརྒྱུད་ནད་ཐོག་སྨན་བཅོས་དང་། ཐོན་ལས་ཚན་ཞིབ། སློབ་ཁྲིད། བོད་ལུགས་གསོ་རིག་གི་ལུས་ཟུངས་གསོ་བ་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་རིམ་གཉིས་ཁ་པའི་བོད་སྨན་ཁང་ཞིག་ཏུ་གོང་འཕེལ་བྱུང་ཡོད་པ་དང་། གནའ་བོའི་སྨན་ཐོ་སྔོག་འདོན་ལེགས་སྒྲིག་དང་། ཚད་ལྡན་ཡིག་ཆ་ཞིབ་འཇུག་བེད་སྤྱོད། གྲགས་ཅན་བོད་སྨན་ཞིབ་འཇུག་སྦྱོར་སྡེབ། དེ་བཞིན་བཅོས་དཀའི་གཅོང་ནད་སྣ་ཚོགས་སྨན་བཅོས་སོགས་ཀྱི་ཐད་གཡུར་དུ་ཟ་བའི་གྲུབ་འབྲས་མང་པོ་ཐོབ་ཅིང་། བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་ཆེད་ལས་ལག་རྩལ་སོགས་ཀྱི་ཐད་གྲུབ་འབྲས་གཟེངས་སུ་ཐོན་པ་ཐོབ་ཡོད། སྡེ་དགེ་རྫོང་གིས་སྔ་རྗེས་སུ་མ་དངུལ་སྒོར་ཁྲི་5000བཏང་ནས་སྒོ་བསྟེན་སྨན་ཁང་གསར་པའི་ཐོག་བརྩེགས་ཁང་ཆེན་དང་། སྡོད་བཅོས་ཁང་། སྨན་རྫས་ལྟེ་གནས། བོད་ལུགས་གསོ་རིག་དང་བོད་སྨན་རིག་གནས་འགྲེམ་ཚོགས་ལྟེ་གནས་སོགས་འཛུགས་བསྐྲུན་བྱས་ནས་ཁྱབ་ཁོངས་ཁག་དང་རིག་ཚན་ཁག་ཏུ་མི་རིགས་ཀྱི་གསོ་རིག་དང་སྨན་རྫས་གྱི་རྒྱུན་འཛིན་དང་གསར་གཏོད་གོང་འཕེལ་ཐད་སྔ་ན་མེད་པའི་གྲུབ་འབྲས་གཏོད་ཡོད་ཅེས་གསུངས།

དཀར་མཛེས་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་གཅིག་ལྕོགས་འཆི་མེད་ཀྱིས་གསུང་བཤད་གནང་བཞིན་པ།

འཆི་མེད་ཀྱི་གསུང་བཤད་ནང་སྡེ་དགེ་སྨན་རྩིས་ཁང་ལ་རྟེན་འབྲེལ་གྱི་ཤིས་ཚིག་ཕུལ་ཏེ། སྨན་ཁང་བཙུགས་ནས་ལོ་ངོ་དྲུག་བཅུ་འཁོར་བ་དེ་གོ་སྐབས་སུ་བྱས་ནས། ཞབས་ཞུ་རྩེར་སོན་པ་དང་། ལག་རྩལ་བྱང་ཆུབ་པ། དོ་དམ་འཐུས་ཚང་བ། མང་ཚོགས་ཡིད་ཚིམ་པ་བཅས་ཀྱི་བོད་རིགས་ས་ཁུལ་གྱི་དཔེ་སྟོན་སྨན་ཁང་བཏོད་དེ་སྨན་ཁང་དེ་ཞི་མཐུན་དང་སྙིང་སྟོབས་ཆེར་སྐྱེད། འཇོན་ནུས་ལྡན་པ་བཅས་ཀྱི་དུས་རབས་གསར་པའི་སྨན་ཁང་ཞིག་ཏུ་བསྐྲུན་དགོས་ཞེས་གསུངས་འདུག

སྡེ་དགེ་རྫོང་རྫོང་ཨུད་ཧྲུའུ་ཅི་སྐལ་བཟང་གཡུང་དྲུང་གིས་གསུང་བཤད་གནང་བཞིན་པ།

སྡེ་དགེ་རྫོང་རྫོང་ཨུད་ཧྲུའུ་ཅི་སྐལ་བཟང་གཡུང་དྲུང་གིས་ཚོགས་ཆེན་ཐོག་སྡེ་དགེ་རྫོང་གིས་ཟུར་ལུགས་གསོ་རིག་གོང་འཕེལ་གཏོང་བའི་ལས་དོན་ཁྲོད་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གནང་སྐབས། ཁོང་གིས། ཉེ་བའི་ལོ་ཤས་རིང་། སྡེ་དགེ་རྫོང་གིས་ཟུར་ལུགས་གསོ་རིག་གི་འབྱུང་གནས་དང་། བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཤེས་ལྡན་པ་སྐོང་བསྡུ། དེ་བཞིན་བོད་ལུགས་གསོ་རིག་དང་བོད་སྨན་གྱི་དམིགས་བསལ་ཕན་ནུས་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་དང་། ཁམས་ཁུལ་སྨན་གྲོང་ཆེན་མོ་ཞེས་པའི་འཛུགས་སྐྲུན་གྱི་དམིགས་ཚད་ལ་གཞིགས་ནས། ཐོན་ཁུངས་བསྡུ་སྒྲིལ་དང་མ་དངུལ་བསྡུ་སྒྲིལ་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད་ཤེས་ལྡན་མི་སྣ་གསོ་སྐྱོང་དང་། ཐོན་ལས་བརྟན་འཛུགས། སློབ་སྦྱོང་དང་ཞིབ་འཇུག་མཉམ་སྤེལ་སོགས་ཀྱི་ཐད་ཤུགས་སྣོན་རྒྱག་པ་དང་། ནུས་ཤུགས་ཡོད་རྒུས་ཟུར་ལུགས་གསོ་རིག་སློབ་གྲྭར་བརྟེན་ནས་རང་ས་ནས་ཐོན་པའི་བོད་ལུགས་གསོ་རིག་གི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་ཤིང་། བོད་སྨན་ལ་བསྟེན་ན་སྡེ་དགེ་རུ་ཡོང་ཞེས་པའི་རིག་གནས་སྤུས་རྟགས་ཤིག་ཧུར་ཐག་སྒོས་གཏོད་དགོས་ཞེས་གསུངས།

རྟེན་འབྲེལ་མཛད་སྒོའི་ཐོག སྐུ་མགྲོན་རྣམས་ཀྱིས་གཅིག་བསྡུས་ཐོག་སྡེ་དགེ་རྫོང་སྨན་རྩིས་ཁང་བཙུགས་ནས་ལོ་ངོ་དྲུག་ཅུ་འཁོར་བའི་དྲིལ་བསྒྲགས་བརྙན་ཐུང་ལ་གཟིགས་ཡོད་པ་མ་ཟད། མཛད་སྒོ་གཙོ་གཉེར་སྡེ་ཁག་གིས་གསོ་རིག་སྐོར་གྱི་དཔེ་དེབ་གསུམ་དྲན་རྟེན་གྱི་ཚུལ་དུ་ཕུལ་འདུག

དེ་རྗེས། ཟུར་ལུགས་གསོ་རིག་གི་རིག་གནས་གླེང་སྟེགས་གཙོ་བོའི་ཐོག སྡེ་དགེ་རྫོང་སྨན་རྩིས་ཁང་གི་འགོ་འཛིན་གཞོན་པ་དང་། སྨན་པ་འབུམ་རམས་པ་ཨོ་རྒྱན་བསྟན་འཛིན་གྱིས་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་དང་། བོད་ལུགས་གསོ་རིག་དང་བོད་སྨན་ལ་རྒྱུན་འཛིན་དང་སྲུང་སྐྱོབ། གསར་གཏོད་བཅས་ཀྱི་ཐད་རིག་གཞུང་སྙན་སེང་ཞུས་པ་རེད། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་དང་འབུམ་རམས་པའི་སློབ་དཔོན་བསོད་ནམས་འཆི་མེད་དང་། ཁྲེང་ཏུའུ་ཀྲུང་ལུགས་གསོ་རིག་སྨན་རྫས་སློབ་ཆེན་མི་རིགས་གསོ་རིག་སློབ་གླིང་གི་འགོ་གཙོ་ལུའེ་ཀོང་ཧྭ་སོགས་ཀྱིས་སྔ་རྗེས་སུ་བོད་ལུགས་གསོ་རིག་དང་བོད་སྨན་གོང་འཕེལ་སོགས་ཀྱི་ཐད་བགྲོ་གླེང་དང་གྲོས་མོལ་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

གསར་འགོད་པ། བཀྲ་ཤིས་རྡོ་རྗེ།