ཀོང་པོའི་ཤུག་པ་དེ་ལོ་རྒྱུས་རིང་ཤོས་ཀྱི་ཤུག་སྡོང་ལ་དངོས་སུ་བདམས་པ།
སྤེལ་བའི་དུས་ཚོད། : 2019-08-07 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཉེ་ཆར། ཉིང་ཁྲིའི་འཛམ་བུ་གླིང་གི་ཤུག་སྡོང་རྒྱལ་པོའི་མཛེས་ལྗོངས་ཁུལ་དུ་འཛམ་བུ་གླིང་གི་ཟིན་ཐོ་བཀོད་པའི་དཔང་ཡིག་སྤྲོད་པའི་མཛད་སྒོ་ཞིག་སྤེལ་ཞིང་། དེའང་མཛེས་ལྗོངས་ཁུལ་གྱི་ལོ་ངོ་3200ལྷག་གི་ལོ་རྒྱུས་ལྡན་པའི་ཤུག་སྡོང་ཆེ་ཤོས(ལྷ་ཤིང་ཤུག་པ)དེ་འཛམ་གླིང་ཟིན་ཐོའི་བདེན་དཔང་ལས་ཁུངས(WRCA)ཀྱིས“འཛམ་བུ་གླིང་གི་ལོ་རྒྱུས་རིང་ཤོས་ལྡན་པའི་ཤུག་སྡོང”ལ་ངོས་འཛིན་བྱས་འདུག

གསར་འགོད་པར་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་རིག་གནས་ཡུལ་སྐོར་ཅུས་ནས་ཤེས་རྟོགས་བྱུང་བར། “འཛམ་བུ་གླིང་གི་ལོ་རྒྱུས་རིང་ཤོས་ལྡན་པའི་ཤུག་སྡོང”འདི་ནི་ཡར་ཀླུང་གཙང་པོའི་རྒྱུད་ཀྱི་གནའ་ཤིང་ཤུག་པའི་གྲས་ཤིག་ཡིན་ལ་རང་རྒྱལ་གྱི་དམིགས་བསལ་གྱི་ཤུག་པ་རྩ་ཆེན་གྱི་གྲས་ཤིག་ཀྱང་ཡིན་པ་རེད། ཤུག་པ་དེའི་སྦོམ་ཚད་ལ་སྨི་14.8དང་། མཐོ་ཚད་ལ་སྨི་57 ཤུག་པའི་ཡལ་འདབ་ཀྱི་གྲིབ་སོ་ས་ལ་བབས་པའི་རྒྱ་ཁྱོན་ལ་མུའུ་1ལྷག་ཙམ་ཡོད།

ཤེས་རྟོགས་བྱུང་བར། “འཛམ་བུ་གླིང་གི་ལོ་རྒྱུས་རིང་ཤོས་ལྡན་པའི་ཤུག་སྡོང”དེའི་རྒྱབ་ཏུ་ཤུག་སྡོང་གི་ཚལ་ཞིག་ཡོད་པ་དང་། དེར་ཤུག་སྡོང་1000ལྷག་ཡོད་ལ། རྒྱ་ཁྱོན་ལ་སྨི་ངོས་གྲུ་ཁྲི་10ཙམ་ཡོད་པ་དེ་རྐང་རྩེད་སྤོ་ལོའི་ཐང་ཆེན་14ཙམ་གྱི་རྒྱ་ཁྱོན་དང་མཚུངས་ཤིང་། དེ་ནི་མིག་སྔར་བོད་ནས་ཤེས་རྟོགས་བྱུང་བའི་གཞི་རྒྱ་ཆེ་ཤོས་ཀྱི་ཤུག་པའི་ཚལ་ཞིག་ཡིན་པ་རེད།

རི་སྐྱེས་ཤུག་སྡོང་ནི་རང་བྱུང་ཁམས་ཀྱིས་མི་རྣམས་ལ་སྤྱིན་པའི་རྩ་ཆེའི་རྒྱུ་ནོར་ཞིག་ཡིན་ཞིང་། ད་ཐེངས་འཛམ་གླིང་གི་ཟིན་ཐོ་བཀོད་པའི་བདེན་དཔང་དེས“ཤུག་སྡོང་རྒྱལ་པོ”འཛམ་གླིང་རིམ་པའི་མིང་ཐོར་དངོས་སུ་ཚུད་ཡོད་པ་མཚོན་ཡོད། དེས་སྔར་ལས་ལྷག་པའི་སྒོ་ནས་ཉིང་ཁྲིའི་འཛམ་གླིང་ཤུག་སྡོང་རྒྱལ་པོའི་ཚལ་དུ་ཡུལ་སྐོར་བྱ་ཡུལ་ཕུལ་སུམ་ཚོགས་སུ་ཕྱིན་ཡོད་ལ། མཛེས་ལྗོངས་ཁུལ་དེ་རྒྱལ་ནང་ཙམ་མ་ཟད་རྒྱལ་སྤྱིར་མིང་གྲགས་ཀྱང་ཆེ་རུ་ཕྱིན་ཡོད།

ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།