རིན་གོང་སྒོར་2000མན་གྱི་5Gཁ་པར་ག་དུས་ཉོ་ཐུབ་བམ།
སྤེལ་བའི་དུས་ཚོད། : 2019-08-06 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

5Gཚོང་སྤྱོད་འཁོར་བྱང་དངོས་སུ་ཁྱབ་བསྒྲགས་བྱས་ནས་ཟླ་བ་གཉིས་ཟིན་གྲབས་ཡོད་པ་དང་། ཉེ་ཆར་5Gལག་ཁྱེར་ཁ་པར་ཡང་གཅིག་རྗེས་གཉིས་མཐུད་ངང་ཁྲོམ་རར་བཏོན་པས། མི་མང་པོ་ཞིག་ཚོད་ལྟ་བྱེད་འདོད་ཆེན་པོ་སྐྱེས་ཡོད། 4Gནས་5Gརུ་འཕར་བར་གནད་དོན་གང་དག་ལ་དོ་སྣང་བྱེད་དགོས་སམ། གྲོན་དངུལ་4Gལས་མཐོ་འམ།

5Gལག་ཁྱེར་ཁ་པར་ཁྲོམ་རར་འདོན་པའི་ཚ་རླབས་ཐོན་ལ་ཉེ་བས། ཁ་པར་བརྗེ་བའི་དགོས་ཡང་མང་དུ་འགྲོ་སྲིད།

ཉིན་ཁ་ཤས་གོང་། ཀྲུང་ཤིང་ཐེན་ཅིའི་10 Pro 5Gཔར་གཞི་དངོས་སུ་སྔོན་མངག་བྱེད་འགོ་ཚུགས་པ་དང་། དེ་ཡང་རྒྱལ་ནང་གི་ཚོང་བསྒྲགས་བྱས་པའི་5Gལག་ཁྱེར་ཁ་པར་ཐོག་མ་དེར་གྱུར་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་ཤིང་ཕུད། མིག་སྔར་ཧྭ་ཝུའེ་དང་vivoསོགས་ལག་ཁྱེར་ཁ་པར་གྱི་5Gཔར་གཞིར་ཕྱིར་ཚོང་ཆོག་འཐུས་ཐོབ་པ་མ་ཟད། ཟླ་བདུན་པའི་ཟླ་མཇུག་ནས་བཟུང་གཅིག་རྗེས་གཉིས་མཐུད་ངང་ཁྲོམ་རར་བཏོན་ཡོད།

རྒྱལ་ནང་གི་རིག་ནུས་ལག་ཁྱེར་ཁ་པར་ཁྲོམ་ར་དེ་ལོ་ཤས་རིང་མགྱོགས་མྱུར་གོང་འཕེལ་ཕྱིན་རྗེས། ཁྲོམ་རའི་སྤྱི་ཡོངས་ནས་ཚོང་ཟོག་འདོན་ཚད་2017ལོ་ནས་བཟུང་ཆག་པའི་རྣམ་པ་མངོན་ཡོད། 5Gལག་ཁྱེར་ཁ་པར་གྱིས་རྒྱལ་ནང་གི་རིག་ནུས་ལག་ཁྱེར་ཁ་པར་ལས་རིགས་གོ་སྐབས་གསར་པ་སྦྱིན་རྒྱུ་རེད། རིགས་གཅིག་མཁས་ཅན་གྱིས་སྔོན་དཔག་བྱས་པར་གཞིགས་ན། 5Gཚོང་སྤྱོད་ཀྱིས་ཁ་པར་བརྗེ་བའི་དགོས་མཁོ་གསར་པར་སྐུལ་ཁྲིད་བྱེད་སྲིད་པ་རེད།

རིགས་གཅིག་མཁས་ཅན་གྱིས་ད་དུང་5Gཡི་ལག་རྩལ་ཚད་གཞི་4Gལས་མཐོ་བ་དང་ཁྲོམ་རའི་འགྲན་རྩོད་ཁྲོད་ཀྱི་ལག་རྩལ་གྱི་གནས་བབ་སླར་ཡང་མངོན་གསལ་དོད་དུ་ཕྱིན་ནས་ལག་ཁྱེར་ཁ་པར་གྱི་བཟོ་གྲྭ་དང་ཚོང་པའི་རྣམ་པར་འགྱུར་ལྡོག་འགྲོ་རྒྱུ་རེད་ཅེས་བཤད་པ་རེད།

5Gཁ་པར་བརྗེ་བར་འཛད་སྤྱོད་པས་གནད་དོན་གང་དག་ལ་བསམ་བློ་གཏོང་དགོས།

5Gདངོས་སུ་ཚོང་སྤྱོད་བྱས་ཟིན་མོད། འོན་ཀྱང་5Gལག་ཁྱེར་ཁ་པར་ཁྱོན་ཡོངས་ནས་ཁྱབ་གདལ་གཏོང་བར་ད་དུང་དུས་ཚོད་ངེས་ཅན་ཞིག་དགོས་ཀྱི་ཡོད། 5Gལག་ཁྱེར་ཁ་པར་གྱི་འཛད་སྤྱོད་པས་ལག་ཁྱེར་ཁ་པར་གྱི་རིན་གོང་དང་། 5Gབརྡ་རྟགས་ཁྱབ་ཚད། གྲོན་དངུལ་སོགས་ཀྱི་གནད་དོན་རབ་དང་རིམ་པར་བསམ་བློ་གཏོང་དགོས།

ཁ་པར་གྱི་རིན་གོང་།

ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་ཀྲུང་ཤིན་དང་ཧྭ་ཝུའེ་ཡི་5Gལག་ཁྱེར་ཁ་པར་གྱི་རིན་གོང་ཚང་མ་ཡོངས་བསྒྲགས་བྱས་ཡོད་པ་རེད། རྒྱལ་ནང་ནས་ཐོན་པའི་5Gལག་ཁྱེར་ཁ་པར་རིགས་གཉིས་ཀྱི་རིན་གོང་དེ་ཚོད་དཔག་བྱས་པ་ལས་ཉུང་དུ་ཕྱིན་ཡོད་ནའང་། ཚད་གཞིའི་ངོས་ནས་བརྗོད་ན་སྔར་བཞིན་རྩེར་སོན་གྱི་གྲས་སུ་ཚུད་ཡོད།

ཀྲུང་ཤིན་འཕྲིན་གཏོང་གི་མཐོ་རིམ་སྤྱི་ཁྱབ་འགོ་འཛིན་གཞོན་པ་དང་མཐའ་སྣེའི་བྱ་གཞག་པུའི་སྤྱི་ཁྱབ་འགོ་འཛིན་ཞུས་ཧྥེང་ན་རེ།

ཐོག་མའི་དུས་ཀྱི་ཐོན་ལས་འཁོར་འབྲེལ་ཧྲིལ་པོ་ད་དུང་གནད་སྨིན་འཐུས་ཚང་བྱུང་མེད་པས་མ་གནས་ད་དུང་མི་ཉུང་བ་ཞིག་འཕར་རྒྱུ་རེད། ཐོན་ལས་སྦྲེལ་ཐག་འཐུས་ཚང་དུ་ཕྱིན་པ་དང་བསྟུན་ནས་རིམ་གྱིས་འབྲིང་མཐའ་རིམ་པའི་ལག་ཁྱེར་ཁ་པར་འཚོལ་ཞིབ་ཐུབ་རྒྱུ་ཡིན་པ་དང་། ང་ཚོས་སྔོན་དཔག་བྱས་ན་སང་ལོའི་ལོ་སྨད་དུ་ཕལ་ཆེར་སྒོར་2000མན་ཅན་འཚོལ་ཐུབ་རྒྱུ་རེད།

བརྡ་རྟགས་ཁྱབ་ཚད།

མིག་སྔར་ཀྲུང་གོའི་སྒུལ་འཕྲིན་དང་། ཀྲུང་གོ་གློག་འཕྲིན། ཀྲུང་གོ་ལེའན་ཐུང་བཅས་ཀྱིས་5Gདྲ་རྒྱའི་གཙོ་གནད་ས་ཁོངས་ཞིང་ཆེན་ལྟེ་གནས་དང་ཐད་གཏོགས་གྲོང་ཁྱེར་སོགས་གྲོང་ཁྱེར་40ནས་50ཙམ་བར་གཅིག་སྡུད་བྱས་ཏེ་སང་ལོའི་5Gསྦྲེལ་ཚུགས་དེ་ས་ཁུལ་རིམ་པ་ཡན་གྱི་གྲོང་ཁྱེར་ཚང་མར་ཁྱབ་པ་བྱ་རྒྱུ་རེད།

མིག་སྔར་ཞིང་ཆེན་དང་གྲོང་ཁྱེར་མང་པོ་ཞིག་གིས་ས་གནས་ཀྱི་5Gའཕེལ་རྒྱས་འཆར་འགོད་ཁྱབ་བསྒྲགས་བྱས་ཡོད།

བཞུར་ཚད་གྲོན་དངུལ།

5Gདྲ་རྒྱའི་བརྡ་རྟགས་ཀྱི་གནད་དོན་ཕུད་གྲོན་དངུལ་ནི་འཛད་སྤྱོད་པས་ཡོངས་ཁྱབ་ངང་དོ་ཁུར་བྱེད་པའི་གནད་དོན་ཞིག་རེད། ལས་རིགས་ནང་ཁུལ་གྱི་མི་སྣས་5Gདེ་4Gལས་གོང་ཁེ་བ་ཡོད་མོད། འོན་ཀྱང་5Gའཕེལ་རྒྱས་ཀྱི་དུས་འགོར་དྲ་རྒྱ་ཧ་ཅང་མགྱོགས་པའི་རྐྱེན་གྱིས་5Gའཛད་སྤྱོད་ཀྱི་ཚད་གཞི་སྔར་བཞིན་མཐོ་པོ་ཡོད་ཅེས་བཤད་ཡོད།

ཀྲུང་གོ་ལེའན་ཐུང་གི་ཅིན་ཧྭ་ཧྲེང་འཕྲིན་གཏོང་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ལས་འཛིན་གཞོན་པ་ཁྲེན་ཧྥེང་ཝུའེ་ན་རེ།

དེ་སྔའི་ཟླ་གཅིག་རིང་20Gཡི་འཛད་སྤྱོད་བྱེད་ཚད་དེ་འབྱུང་འགྱུར་གྱི་འཛད་སྤྱོད་བྱེད་ཚད་G40དང་G50བར་མང་དུ་འགྲོ་སྲིད། དེའི་རྐྱེན་གྱིས་དེ་ལས་གོང་ཁེ་ནའང་སྤྱིའི་འགྲོ་སོང་ཡང་ཇེ་མཐོར་འགྲོ་སྲིད། ཡིན་ནའང་རིན་གོང་རྐྱང་པར་བརྩིས་ན་ཏན་ཏན་ཁེ་རུ་འགྲོ་གི་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།