ཁ་ལོ་བའི་ཡིག་རྒྱུགས་དང་མོ་ཊའི་སྐོར་གྱི་གསར་འགྱུར་གལ་ཆེན་ཞིག
སྤེལ་བའི་དུས་ཚོད། : 2019-04-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཟླ་4པའི་ཚེས་10ཉིན་སྤྱི་བདེ་པུས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་སྤྱི་བདེ་པུས་“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་བྱེད་ཐབས་གསར་པ་དང་། དེ་བཞིན་2018ལོ་ཚུན་གྱི་འབྲེལ་ཡོད་སྒྱུར་བཅོས་བྱེད་ཐབས་དོན་འཁྱོལ་བྱས་ཚུལ་བརྡ་ཁྱབ་བཏང་བ་རེད།

སྤྱི་བདེ་པུའི་གསར་འགྱུར་མགྲིན་ཚབ་པ་ཀུའོ་ལིན་གྱིས་ཡོངས་བསྒྲགས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཁོང་གིས་འགྲིམ་འགྲུལ་དོ་དམ་ལས་དོན་དེ་ང་ཚོའི་ལས་ཀ་དང་འཚོ་བར་འབྲེལ་བ་དམ་ཟབ་ཡོད། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་འགྲིམ་འགྲུལ་འཕེལ་རྒྱས་མྱུར་བ་དང་མོ་ཊ་དེ་བས་མང་དུ་ཕྱིན་ཞིང་། ཟླ་3པའི་ཟླ་མཇུག་བར་རང་རྒྱལ་གྱི་འཕྲུལ་སྒུལ་འཁོར་རིགས་དང་ཁ་ལོ་བའི་བསྡོམས་འབོར་དང་འཕར་ཚད་ཚང་མ་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད། མང་ཚོགས་ཀྱིས་མོ་ཊ་ཉོས་ནས་འཁོར་རྟགས་བསྒར་བ་དང་མོ་ཊ་གཏོང་ཆོག་པའི་ལག་ཁྱེར་ལེན་མཁན་མུ་མཐུད་མང་དུ་ཕྱིན་ནས་སྤྱི་བདེའི་འགྲིམ་འགྲུལ་དོ་དམ་ལས་དོན་ལ་ཚོད་བགམ་དང་འགྲན་སློང་གསར་པ་འཕྲད་ཡོད། འདི་ལོ་སྤྱི་བདེ་པུས་སྒྱུར་བཅོས་ཀྱི་ཉམས་མྱོང་ཕྱོགས་བསྡོམས་བྱས་པའི་རྨང་གཞིའི་ཐོག མིག་སྔའི་འགྲིམ་འགྲུལ་དོ་དམ་ཞབས་ཞུའི་གནད་དོན་གསེད་བཀྲོལ་དང་། སྤྱི་ཚོགས་ཀྱི་ལས་རིགས་ཁག་གི་བསམ་འཆར་དང་གྲོས་འགོ་ཉན་པ། གཞི་རིམ་དུ་གཟབ་བསྐྱོད་ཀྱིས་གསར་གཏོད་ཀྱི་ཉམས་མྱོང་འཚོལ་ཞིབ་བཅས་བྱས་ཏེ་སྒྱུར་བཅོས་ཀྱི་བྱེད་ཐབས་གསར་པ་ཁག་10བཏོན་རྒྱུ་དང་། གཙོ་བོ་ཕྱོགས་གཉིས་ཀྱི་ཐད་སྒྱུར་བཅོས་མངོན་གསལ་དོད་པོ་ཡོང་བ་བྱ་རྒྱུ་སྟེ། ལས་སྒོ་རིགས་ལྔ“ཡུལ་གཞན་དུ་མཉམ་གཉེར”བྱེད་པ་དང་ཞབས་ཞུ་ཁག་ལྔ་“སྟབས་བདེ་མྱུར་སྒྲུབ”བྱས་ནས་འགྲིམ་འགྲུལ་དོ་དམ་གྱི་“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་བཏང་སྟེ། འགྲིམ་འགྲུལ་དོ་དམ་གྱི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་དང་། ཚད་གཞི་མཐོ་ཤོས་ཀྱི་ཐོག་ནས་མང་ཚོགས་འགྲོ་སྐྱོད་ཀྱི་ཁུར་པོ་ཡང་དུ་གཏོང་རྒྱུ་ཡིན་པ་བསྟན་ཡོད།

ད་ཐེངས་བཏོན་པའི་བསྒྱུར་བཅོས་ཀྱི་བྱེད་ཐབས་གསར་པ་ཁག་10དེ་ཟླ་6ཚེས་1ཉིན་ནས་བཟུང་ཁྱབ་སྤེལ་གཏོང་རྒྱུ་རེད།

ཁ་ལོ་བའི་ཡིག་རྒྱུགས་དང་མོ་ཊ་ཐོ་འགོད་ཞིབ་དཔྱད་སོགས་ལས་སྒོ་ཁག་ལྔ་ས་ཆ་གཞན་དུ་གཉེར་ཆོག་པ།

གཅིག མོ་ཊ་ཆུང་གྲས་ཀྱི་ཁ་ལོ་བའི་ལག་ཁྱེར“རྒྱལ་ཡོངས་སུ་རྒྱུགས་གཏོང་”ཆོག་པ།

འདུན་ཞུ་བྱེད་མཁན་གྱིས་རང་ཉིད་ཀྱི་ཐོབ་ཐང་ལག་ཁྱེར་འཁྱེར་ནས་རྒྱལ་ཡོངས་ཀྱི་ས་གནས་གང་རུང་དུ་མོ་ཊ་ཆུང་གྲས་ཀྱི་ཁ་ལོ་བའི་ལག་ཁྱེར་ལེན་རྒྱུ་ཐད་ཀར་རེ་ཞུ་བྱེད་ཆོག་ཅིང་། གནས་སྡོད་ལག་ཁྱེར་མི་དགོས་པ་མ་ཟད། རྒྱལ་ཡོངས་སུ“ཐོབ་ཐང་ལག་ཁྱེར་གཅིག་གིས་རྒྱུགས་སྤྲོད་ཐུབ”པ།

གཉིས། རིག་ཚན་བགོས་ནས་ས་ཆ་གཞན་དུ་རྒྱུགས་ལེན་ཆོག་པ།

འདུན་ཞུ་བྱེད་མཁན་གྱིས་མོ་ཊ་ཆུང་གྲས་ཀྱི་ཁ་ལོ་བའི་ལག་ཁྱེར་གྱི་རྒྱུགས་སྤྲོད་སྐབས་རྒྱུགས་ཁག་གཅིག་འཕྲོད་རྗེས་ལས་ཀ་དང་། སློབ་སྦྱོང་། འཚོ་བ་སོགས་ཀྱི་རྐྱེན་པས་སྡོད་གནས་ལ་འགྱུར་ལྡོག་བྱུང་ཚེ་ས་ཆ་གཞན་དུ་མུ་མཐུད་རྒྱུགས་འཕྲོ་རྣམས་གཏོང་ཆོག་པས་ཕར་འགྲོ་ཚུར་འོང་གི་དཀའ་ལས་རྒྱག་དགོས་མེད།

གསུམ། མོ་ཊ་ཆེ་གྲས་ཀྱི་ཁ་ལོ་བའི་ལག་ཁྱེར་དེ་ཞིང་ཆེན་ནང་ཁུལ་གྱི་ས་ཆ་གང་རུང་དུ་རེ་ཞུ་བྱེད་ཆོག་པ།

ཞིང་ཆེན(རང་སྐྱོང་ལྗོངས)ནང་ཁུལ་དུ་འགྲུལ་སྐྱེལ་དང་ཟོག་འདྲེན་མོ་ཊ་ཆེ་འབྲིང་གི་ཁ་ལོ་བའི་ལག་ཁྱེར་འདུན་ཞུ་བྱེད་མཁན་གྱིས་ཡུལ་མིའི་ཐོབ་ཐང་ལག་ཁྱེར་ལ་བརྟེན་ནས་ཐད་ཀར་ཞིང་ཆེན(རང་སྐྱོང་ལྗོངས)ནང་ཁུལ་གྱི་ས་ཆ་གང་རུང་དུ་རེ་ཞུ་བྱེད་ཆོག་ཅིང་གནས་སྡོད་ལག་ཁྱེར་འཁྱེར་དགོས་མེད།

བཞི། མོ་ཊའི་ཐེམ་ཁོངས་ས་ཆ་གཞན་དུ་བསྒྱུར་ཆོག་པ།

མོ་ཊའི་ཐེམ་ཐོ་བསྒྱུར་བའི་ཆ་འཕྲིན་དྲ་བའི་ཐོག་བརྒྱུད་སྤྲོད་བྱེད་པའི་ཚོད་ལྟའི་གྲོང་ཁྱེར་15ནས་120བར་མང་དུ་གཏོང་རྒྱུ་དང་། ཚོད་ལྟའི་གྲོང་ཁྱེར་དབར་མོ་ཊའི་ཐེམ་ཐོ་བསྒྱུར་དགོས་རིགས་ཐད་ཀར་ཐེམ་ཐོ་བསྒྱུར་ཡུལ་དུ་རེ་ཞུ་བྱེད་ཆོག་པས་དེ་སྔའི་ཐེམ་ཐོ་གནས་ཡུལ་གྱི་འཁོར་རིགས་དོ་དམ་སུའོ་ནས་ཡིག་ཚགས་ལེན་པ་དང་མོ་ཊ་ཞིབ་བཤེར་བྱེད་མི་དགོས་པས་མང་ཚོགས་ལ་སྟབས་བདེ་བསྐྲུན་རྒྱུ།

ལྔ། སྦག་སྦག་ཞིབ་བཤེར་བྱ་རྒྱུ་དེ“རྒྱལ་ཡོངས་སུ་ཞིབ་བཤེར་བྱེད་ཆོག”པ།

རྒྱལ་ཡོངས་ཀྱི་ས་ཆ་གང་སར་མོ་ཊ་ཞིབ་བཤེར་བྱེད་ཆོག་རྒྱུ་ཁྱབ་གདལ་བཏང་བའི་རྨང་གཞིའི་ཐོག སྦག་སྦག་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)བརྒལ་ནས་ས་ཆ་གཞན་དུ་ཞིབ་བཤེར་བྱ་རྒྱུ་སྔར་བས་ལྷུག་ཏུ་གཏོང་རྒྱུ་རེད། དེ་དང་ཆབས་ཅིག ཐོ་འགོད་བྱས་རྗེས་ལོ་6ནང་ཚུན་གྱི་སྦག་སྦག་ཞིབ་བཤེར་ཚན་པར་ཞིབ་བཤེར་བྱེད་མི་དགོས་པས་མང་ཚོགས་དང་། ལྷག་པར་དུ་གྲོང་གསེབ་ཀྱི་སྦག་སྦག་གི་འཁོར་བདག་ལ་ཞིབ་བཤེར་བྱེད་པའི་ཁུར་པོ་ཡང་དུ་བཏང་སྟེ་དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱ་རྒྱུ་རེད།

འཁོར་རིགས་གཏའ་འཇོག་ཐོ་འགོད་དང་གནས་སྐབས་འཁོར་རྟགས་སྤྲོད་པ་སོགས་ཀྱི་ཞབས་ཞུ་ཁག་ལྔ་“སྟབས་བདེ་མྱུར་སྒྲུབ”ཐུབ་རྒྱུ་རེད།

གཅིག གཏའ་འཇོག་ཐོ་འགོད་ཐད“སྟབས་བདེ་གཉིས་”ཁྱབ་གདལ་གཏོང་རྒྱུ།

ཡིག་ཆ་སྟབས་བདེ་རུ་གཏོང་བ། ཚོང་ལས་དངུལ་ཁང་དང་མོ་ཊ་དངུལ་རྩའི་ཀུང་སི་དེ་གཏའ་དབང་མཁན་ཡིན་པའི་ཆ་ནས་ཡང་བསྐྱར་ལས་གཉེར་ལག་ཁྱེར་གྱི་མ་ཡིག་སྤྲོད་མི་དགོས་པར་གཞུང་ཐེལ་བརྒྱབ་པའི་བསྐྱར་དཔར་སྤྲད་ན་འགྲིག་པ་དང་། གཏའ་འཇོག་གན་རྒྱར་གློག་རྡུལ་ཐེལ་ཙེ་བརྒྱབ་ཆོག་པ་མ་ཟད། གཏའ་འཇོག་ཆ་འཕྲིན་དྲ་ཐོག་ནས་ཞིབ་བཤེར་བྱེད་པར་སྐུལ་འདེད་ཧུར་ཐག་གཏོང་དགོས།

བརྒྱུད་རིམ་སྟབས་བདེ་རུ་གཏོང་བ། དངུལ་ཁང་སོགས་དངུལ་རྩའི་སྒྲིག་གཞིས་འཕྲུལ་སྒུལ་འཁོར་རིགས་གཏའ་འཇོག་ཐོ་འགོད་ཚབ་སྒྲུབ་བྱེད་པར་སྐུལ་འདེད་བཏང་ཏེ། དངུལ་བུན་གཡར་བ་དང་གཏའ་མ་འཇོག་པ། ཐོ་འགོད་བྱེད་པ་བཅས་ཀྱི་ཐད་གཅིག་འཐུས་རྣམ་པའི་ཞབས་ཞུ་མཁོ་འདོན་བྱས་ཏེ། མང་ཚོགས་རྣམས་མོ་ཊ་དོ་དམ་སོའོ་དང་དངུལ་རྩའི་ལས་ཁུངས་དབར་འགྲོ་འོང་བྱེད་མི་དགོས་པ་བྱ་རྒྱུ།

གཉིས། དེ་སྔའི་འཁོར་རྟགས་སྤྱོད་པར“སྟབས་བདེ་གཉིས”གསར་སྣོན་བྱ་རྒྱུ།

འཁོར་རྟགས་ཀྱི་ཨང་གྲངས་བརྗེ་པོ་བརྒྱབ་ཆོག་པ། འཁོར་བདག་གཅིག་གི་མིང་འོག་གི་འཁོར་རྟགས་རིགས་གཅིག་པའི་སྐྱེལ་འདྲེན་མོ་ཊ་མ་ཡིན་པའི་འཁོར་རྟགས་བརྗེ་རེས་ཐེངས་གཅིག་བྱས་ནས་མང་ཚོགས་དང་ལས་ཁུངས་ཀྱི་དགོས་མཁོ་སྐོང་རྒྱུ།

དེ་སྔའི་འཁོར་རྟགས་སོར་འཇོག་གི་དུས་བཀག་རིང་དུ་གཏོང་རྒྱུ། དེ་སྔའི་མོ་ཊ་ཐོ་ཁོངས་ནས་བསུབ་པའམ་ཐེམ་ཐོ་སྤོས་རྗེས། དེ་སྔའི་འཁོར་རྟགས་སོར་འཇོག་བྱེད་པའི་དུས་ཡུན་ལོ་གཅིག་ནས་ད་ཆ་ལོ་གཉིས་བར་ལེགས་སྒྲིག་བྱ་རྒྱུ།

གསུམ། གནས་སྐབས་འཁོར་རྟགས་ “4Sཚོང་ཁང་གིས་ཚབ་སྤྲོད”བྱེད་རྒྱུ།

4Sཚོང་ཁང་གིས་གནས་སྐབས་འཁོར་རྟགས་ཚབ་སྤྲོད་བྱེད་རྒྱུ་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་སྟེ། མང་ཚོགས་ཚོས་ས་གནས་ས་ཐོག་ཏུ་མོ་ཊ་ཉོ་བ་དང་གནས་སྐབས་འཁོར་རྟགས་ལེན་ཆོག་པས་མང་ཚོགས་རྣམས་མོ་ཊ་ཉོས་ནས་ཐོ་འགོད་བྱས་རྗེས་ཐད་ཀར་བཏང་ཆོག

བཞི། མོ་ཊ་ཉོས་པའི་དཔྱ་ཁྲལ་གྱི་ཆ་འཕྲིན“དྲ་ཐོག་ཞིབ་བཤེར”བྱ་རྒྱུ་ལག་བསྟར་བྱེད་རྒྱུ།

ཁྲལ་དོན་སྡེ་ཚན་གྱིས་ཆ་འཕྲིན་དྲ་སྦྲེལ་ལ་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་སྟེ། མོ་ཊ་ཉོས་པའི་དཔྱ་ཁྲལ་གྱི་ཆ་འཕྲིན་དྲ་ཐོག་ཏུ་བརྒྱུད་སྤྲོད་དང་དྲ་ཐོག་ནས་ཞིབ་དཔྱད་ཐུབ་པ་བྱས་ཏེ་མང་ཚོགས་ཀྱིས་འཁོར་རིགས་ཐོ་འགོད་བྱེད་སྐབས་ཁྲལ་འཇལ་དཔང་ཡིག་སྤྲོད་མི་དགོས་པར་འགྲོ་ལུགས་ཉུང་དུ་གཏོང་བ་དང་། ལས་ཕྱོད་ཆེ་རུ་གཏོང་བ། ཁུར་པོ་ཡངས་དུ་གཏོང་བ་བཅས་བྱེད་རྒྱུ།

ལྔ། འགྲིམ་འགྲུལ་དོ་དམ་གྱི་སྐད་བརྡའི་ཞབས་ཞུའི་ཐད་སྦྲེལ་ཁ་པར་ཁྱབ་གདལ་གཏོང་རྒྱུ།

རྒྱལ་ཡོངས་སུ་གཅིག་གྱུར་གྱི་འགྲིམ་འགྲུལ་དོ་དམ་གྱི་ཞབས་ཞུའི་ཁ་པར་ཨང་གྲངས་“12123”རིམ་བཞིན་ཁྱབ་གདལ་བཏང་ནས་མང་ཚོགས་ལ་འགྲིམ་འགྲུལ་དོ་དམ་གྱི་ལས་སྒོ་བློ་འདྲི་དང་། ཆ་འཕྲིན་འདྲི་རྩད། ལས་སྒོ་བདག་སྤྲོད་སོགས་ཀྱི་ཞབས་ཞུ་མཁོ་འདོན་དང་དྲ་ངོས་དང་། འཕྲིན་ཐུང་། ལག་ཐོགས་ཁ་པར་གྱི་APP སྐད་བརྡ་བཅས་“ཕྱོགས་བཞི་གཞི་གཅིག་”གི་འགྲིམ་འགྲུལ་དོ་དམ་ཆ་འཕྲིན་ཅན་གྱི་ཞབས་ཞུའི་མ་ལག་ཅིག་གཏོད་རྒྱུ།

ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།