གེ་སར་སྒྲུང་ཡིག་ཆེན་མོ་དཔེ་སྐྲུན་འགྲེམ་སྤེལ་དང་ཞལ་འདེབས་འབུལ་བའི་མཛད་སྒོ་པེ་ཅིན་དུ་སྤེལ་བ།
སྤེལ་བའི་དུས་ཚོད། : 2019-04-01 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

༼གེ་སར་སྒྲུང་ཡིག་ཆེན་མོ༽དཔེ་སྐྲུན་འགྲེམ་སྤེལ་དང་ཞལ་འདེབས་འབུལ་བའི་མཛད་སྒོ་དེ་སྤྱི་ཚེས29ཉིན་པེ་ཅིན་དུ་སྤེལ་བ་རེད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དཔའ་ཐེར་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གནང་བ་རེད།

དཔའ་ཐེར་གྱིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་རྒྱུར་མཐོང་ཆེན་པོ་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གླིང་སྒྲུང་སོགས་གྲངས་ཉུང་མི་རིགས་ཀྱི་ལོ་རྒྱུས་སྙན་ངག་སྐོར་ཐེངས་མང་གླེང་གནང་ཡོད་པ་དང་། གྲངས་ཉུང་མི་རིགས་ཀྱི་རིག་གནས་ཚུད་པའི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གསར་གཏོད་རང་བཞིན་གྱི་བརྗེ་བསྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་གནང་ཡོད་ཅེས་བསྟན་འདུག

དཔའ་ཐེར་གྱིས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་མཛུབ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས། ཀྲུང་ཧྭའི་རིག་གནས་ཀྱི་ལང་ཕྱོགས་བརྟན་སྲུང་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ། རིག་གནས་ཀྱི་བློ་སྤོབས་བརྟན་གཏོང་། རིག་གནས་ཀྱི་ངེས་ཤེས་ཆེར་གཏོང་བཅས་བྱས་ནས། མི་རིགས་ཁག་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་སྐྲུན་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུ་ཤེས་བརྟན་འཛུགས་དང་། ཀྲུང་ཧྭ་མི་རིགས་ཁྱིམ་གཅིག་ལྟར་བརྩེ་བ་དང་། ཀུན་སེམས་གཅིག་སྒྲིལ་གྱིས་ཀྲུང་གོའི་ཕུགས་འདུན་གཏོད་རྒྱུར་སྐུལ་འདེད་ཀྱིས། གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོག་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་བསུ་བ་ཞུ་དགོས་ཞེས་ནན་སྟོན་གནང་འདུག

ད་ཐེངས་འགྲེམ་སྤེལ་བྱས་པའི་༼གེ་སར་སྒྲུང་ཡིག་ཆེན་མོ༽དེ་ནི་བོད་རིགས་དང་། སོག་རིགས། ཧོར་རིགས། ཡུས་ཀུ་རིགས་བཅས་ཀྱི་སྐད་ཡིག་དང་རྒྱ་ཡིག་ཤན་སྦྱར་ཡིན་པ་དང་། དེར་པོད་30དང་ཁྱོན་བསྡོམས་ཡིག་འབྲུ་ཁྲི2500ཙམ་ཡོད་པ་དང་། དེ་དག་ནི་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་མཁས་པ་མི་རབས་འགའ་ཡིས་ལོ་ངོ་ཉི་ཤུ་ལྷག་ཙམ་རིང་དཀའ་སྤྱད་འབད་བརྩོན་གྱིས་འཚོལ་བསྡུ་དང་། ལེགས་སྒྲིག ཡིག་སྒྱུར། ཞིབ་འཇུག་བཅས་བྱས་ནས་པར་དུ་སྐྲུན་པ་ཞིག་ཡིན་ཞིང་། དེས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུ་ཤེས་འཛུགས་པའི་རིག་གནས་ནང་དོན་དང་། མི་རིགས་ཁག་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་བསྐྲུན་རྒྱུར་དེང་རབས་ཀྱི་རིན་ཐང་ལྡན་པའི་རིག་གནས་གསུང་རབ་མཁོ་འདོན་བྱས་ཡོད།

མཛད་སྒོའི་ཐོག་དཔའ་ཐེར་གྱིས་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་དང་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་ཚབ་ཞུས་ནས། རྒྱལ་ཁབ་དཔེ་མཛོད་ཁང་དང་། མི་རིགས་རིག་གནས་ཕོ་བྲང་། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་མི་རིགས་རྩོམ་རིག་ཞིབ་འཇུག་སོའོ། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་། མཚོ་སྔོན་ཞིང་ཆེན་གེ་སར་ཞིབ་འཇུག་ཁང་། ནང་སོག་རང་སྐྱོང་ལྗོངས་གེ་སར་ལས་དོན་གཞུང་ལས་ཁང་སོགས་ལ་༼གེ་སར་སྒྲུང་ཡིག་ཆེན་མོ༽ཞལ་འདེབས་སུ་ཕུལ་བ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།