དམུ་དགེའི་སྨད་པ་སློབ་ཆུང་གི་སྲོལ་རྒྱུན་ལག་ཤེས་འགྲན་སྡུར།
སྤེལ་བའི་དུས་ཚོད། : 2019-03-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  ཚན་རྩལ་རིག་གནས་གོང་དུ་འཕེལ་ཏེ་འགྲོ་འདུག་དང་འཚོ་བའི་ཆ་ཤས་སོ་སོར་ཚན་རིག་བཀོལ་ནས་སྟབས་བདེ་སྐྲུན་བཞིན་པའི་སྐབས་འདིར། མེས་པོ་གོང་མ་དག་གི་རྣམ་དཔྱོད་ཀྱི་རྩལ་ལས་འཁྲུངས་བའི་སྲོལ་རྒྱུན་གྱི་ཅ་དངོས་གང་མང་ཞིག་བེད་མེད་དུ་གྱུར་དང་འགྱུར་བཞིན་ཡོད་ལ། དེ་དང་ལྷན་དུ་སྲོལ་རྒྱུན་གྱི་ཅ་དངོས་དག་དང་འབྲེལ་བའི་རིག་གནས་གང་མང་ཞིག་ཀྱང་ཉམས་དམས་སུ་འགྲོ་བཞིན་ཡོད། གནས་ཚུལ་འདིའི་འོག་ཏུ། གཞོན་ནུ་ལོ་ཆུང་དག་གིས་སྲོལ་རྒྱུན་གྱི་ཅ་དངོས་དག་བེད་སྤྱོད་བྱེད་རྒྱུ་དང་དེའི་ལྟག་རྒྱབ་ཀྱི་རིག་གནས་དག་ཤེས་རྒྱུ་ཕར་ཞོག ཐ་ན་མིང་ཡང་མི་ཤེས་བའི་གནས་སུ་ལྷུང་ཡོད་པས། སློབ་མ་དག་ལ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ལ་ངེས་ཤེས་བསྐྱེད་ཆེད་དང་། སློབ་ཕྱིའི་ཤེས་བྱ་རྒྱ་བསྐྱེད་ཕྱིར། ཟླ་3པའི་ཚེས་8ཀྱི་ཉིན། ཟུང་ཆུ་རྫོང་དམུ་དགེ་སྨད་པ་སློབ་ཆུང་གིས་སློབ་མ་དག་ལ་རོང་འབྲོག་པའི་སྲོལ་རྒྱུན་གྱི་ལག་ཤེས་འགྲན་སྡུར་ཞིག་སྤེལ། འགྲན་སྡུར་འདི་ནི་སྨད་པ་སློབ་ཆུང་གིས་ཐོག་དང་པོར་ཁྱིམ་བདག་དང་སློབ་མ་མཉམ་འབྲེལ་གྱིས་སྤེལ་བ་ཞིག་ཡིན།

  ཟུང་ཆུ་རྫོང་དམུ་དགེའི་སྨད་པ་སློབ་ཆུང་ནི་རྫོང་མཁར་དང་བར་ཐག་སྤྱི་ལེ180ཡས་མས་ཀྱི་མཐའ་ཁུལ་ས་ཆར་ཆགས་ཤིང་། 2015ལོའི་སྤྱི་ཟླ་9བར་ཐབས་ལམ་དང་བོའི་སློབ་སྒྲུབ་ལམ་ལུགས་ལག་བསྟར་བྱས་པ་ཡིན་པས། སློབ་མ་ཚོའི་སྐད་ཡིག་གི་ཆུ་ཚད་སོགས་ནར་སོན་ཆེར་མེད་ཁར་སློབ་གྲྭ་ཡོངས་ལ་སྐད་ཡིག་དགེ་རྒན་གསུམ་ལས་མེད། ཡིན་ནའང་། ཁོང་ཅག་གིས་མི་རིགས་སློབ་གསོ་དང་སྒོས་སུ་སྐད་གཉིས་སློབ་གསོའི་ལམ་ལུགས་ལ་གཙིགས་མཐོང་དང་ཧུར་ཐག་འབད་ཐག་གིས་སློབ་མ་ཚོའི་སྐད་ཡིག་ཆུ་ཚད་མཐོར་འདེགས་དང་སྲོལ་རྒྱུན་རིག་གནས་དང་ཡུལ་སྲོལ་ངོ་སྤྲོད་སོགས་ལ་ལང་ཚོ་འབུལ་མུས་སུ་མཆིས།

  དཔྱད་འདེམས་དགེ་རྒན་དག་གིས་བརྩམས་ཆོས་གདམ་བཞིན་པ།

  འགྲན་སྡུར་འདིར་སློབ་མ་དག་གིས་སྲོལ་རྒྱུན་གྱི་རོང་འབྲོག་པའི་ཅ་དངོས་གང་མང་རེ་བཟོས་ཡོད་པས། སློབ་མ་དག་གིས་སྲོལ་རྒྱུན་གྱི་ཅ་དངོས་མི་ཉུང་བ་རེར་ངོས་ཟིན་ཐོབ་ཡོད། སྨད་པ་སློབ་ཆུང་གིས་ས་གནས་ཀྱི་རྒན་པོ་ཤེས་རྒྱ་ཅན་དང་སྲོལ་རྒྱུན་གྱི་ལག་ཤེས་བཟོ་ལས་པ་རེ་འགའ་གདན་དྲངས་ཏེ་དཔྱད་འདེམས་བྱེད་དུ་བཅུག་པ་དང་། ཁོ་ཚོས་སློབ་མ་དག་གིས་བཟོས་པའི་སྲོལ་རྒྱུན་གྱི་ཅ་དངོས་དག་ལས་བཟོས་པ་ལེགས་པའི་ཅ་དངོས་གདམས་ཏེ་བྱ་དགའ་གནང་།

  བྱ་དགའ་ཐོབ་པའི་ཁྱིམ་བདག་དང་སློབ་མར་བྱ་དགའ་གནང་བཞིན་པ།

  རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་བྱ་འགུལ་ནི་ཐོག་དང་པོ་ཡིན་པས། ཁྱིམ་བདག་དང་སློབ་མ་དག་གིས་བཟོས་པའི་ཅ་དངོས་དག་ལ་བསྐྱར་ཟློས་དང་རིགས་འདྲ་མང་པོ་ཡོད་མོད། ཡིན་ཡང་ཁོ་ཚོའི་ཐོག་མའི་དམིགས་འབེན་ལྟར་སློབ་མ་དག་གིས་སྲོལ་རྒྱུན་གྱི་ཅ་དངོས་མི་ཉུང་བ་རེར་ངོས་ཟིན་ཐོབ་ཅིང་། ཅ་དངོས་དེ་དག་དང་འབྲེལ་བའི་སྲོལ་རྒྱུན་གྱི་རིག་གནས་གང་མང་ཞིག་ཀྱང་ཁོང་དུ་ཆུད་ཡོད་པ་རེད། དེ་མིན། ཁོ་ཚོས་བྱ་འགུལ་འདི་མུ་ནས་མུ་རུ་སྤེལ་ཏེ། ཕུན་སུམ་ཇེ་ཚོགས་དང་ཁྱབ་རྒྱ་ཆེ་རུ་གཏོང་འཆར་ཡོད་པ་རེད།

  སློབ་མ་དག་གི་བརྩམས་ཆོས།

                                                                                                རྩོམ་སྒྲིག་པ། ཚེ་པེ།