བོད་ཀྱི་གཏམ་དཔེ་ཐོར་བུ།
སྤེལ་བའི་དུས་ཚོད། : 2019-02-08 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】



གྲོས་མི་ལ་དྲིས།།
ཐག་རང་གིས་ཆོད།།

ངན་པས་རང་བསྟོད།།
ཁྭ་ཏས་སྒྲོ་བསྟོད།།

ཁ་ཡིས་ཆོས་བཤད།།
ལག་གིས་མི་གསོད།།

སྟག་གཞན་གྱིས་བསད།།
གཏམ་རང་གིས་ཁྱེར།།

ཀ་ར་བཞིན་དུ་དྲང་དགོས།
ཀ་རྡོ་བཞིན་དུ་བརྟན་དགོས།།

ཁ་བུ་རམ་ལས་མངར་བ།།
གཏིང་སོལ་བ་ལས་གནག་པ།།

དགོང་མོར་མི་ཉལ་རྟ་དང་འདྲ།།
ཞོགས་པར་མི་ལངས་བ་དང་འདྲ།།

དགའ་མ་ཐག་ཏུ་འཛུམ་མ་སྟོན།།
ཁྲོས་མ་ཐག་ཏུ་བཞིན་མ་སྡུད།།

རྒྱུ་ཡོད་ན་ཨ་ཁུའི་ཚ་བོ་རེད།།
རྒྱུ་མེད་ན་ཨ་ཁུའི་གཡོག་པོ་རེད།།

རྟོགས་པ་ལྷ་དང་མཉམ་ཡང་།།
སྤྱོད་པ་མི་དང་མཐུན་དགོས།།

དྲང་པོ་བཤད་ན་མི་མི་དགའ།།
དབྱུག་པ་ཕྱར་ན་ཁྱི་མི་དགའ།།

ཁ་བཤད་དོན་ལ་གནས་དགོས།།
ཁབ་ཤུལ་སྐུད་པས་བཀང་དགོས།།

གྲོགས་ངན་དུག་གི་སྡོང་པོ་འདྲ།།
གྲོགས་བཟང་སྨན་གྱི་ལྗོན་ཤིང་འདྲ།།

གཏམ་དང་མདའ་མོ་དྲང་ན་དགའ།།
ལམ་དང་གཞུ་མོ་གུག་ན་དགའ།།

མཁས་པས་འཆུགས་ན་འདོམ་གང་།།
གླེན་པས་འཆུགས་ན་མཐོ་གང་།།

གོམ་གསུམ་སྤོས་ན་དོན་གསུམ་འགྲུབ།།
ཙོག་པུར་བསྡད་ན་མུ་གེས་འཆི།།

བཀོལ་མི་ཤེས་ཡོན་ཏན་ཕན་མེད་རེད།།
འདེབས་མི་ཤེས་ས་ཞིང་སྟོང་བ་རེད།།

གཏམ་ལ་ལན་མེད་ལྐུགས་པ་ཡིན།།
དགྲ་ལ་ལན་མེད་ཝ་མོ་ཡིན།།

གཏམ་བཤད་ན་མང་པོའི་དཀྱིལ་དུ་ཤོད།།
རྟ་རྒྱུགས་ན་བདེ་མོའི་ཐང་ལ་རྒྱུགས།།

དཀའ་བའི་དུས་སུ་གྲོགས་པོའི་བཟང་ངན་རྟོགས།།
འདམ་རྫབ་ནང་ནས་རྟ་ཕོའི་ཤེད་ཤུགས་ཤེས།།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
རྩོམ་སྒྲིག་པ། བསོད་ཚེ།