ཁ་པར་ནང་གི་ཐོབ་ཐང་ལག་ཁྱེར་གྱི་འདྲ་པར་ལམ་སེང་བསུབ་རོགས།
སྤེལ་བའི་དུས་ཚོད། : 2019-01-30 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

དྲ་རྒྱའི་འཕེལ་རྒྱས་དང་དེ་བཞིན་མིང་ངོ་མ་འགོད་པའི་ལམ་ལུགས་ཁྱབ་གདལ་དུ་སོང་བ་དང་བསྟུན་ནས། ང་ཚོས་Appརིགས་སྣ་ཚོགས་ནས་ལས་སྒོ་གཉེར་སྐབས་ཐོབ་ཐང་ལག་ཁྱེར་བེད་སྤྱོད་བྱ་དགོས་ས་ཇེ་མང་ནས་ཇེ་མང་རེད།

སྟབས་བདེ་བསྐྲུན་ཆེད། མི་མང་བོ་ཞིག་གིས་ཁ་པར་ནང་དུ་ཐོབ་ཐང་ལག་ཁྱེར་གྱི་འདྲ་པར་བཞག་སྟེ་མཁོ་བའི་དུས་ལ་སྤྱོད་བཞིན་ཡོད། དོན་དངོས་སུ་དེ་འདྲ་བྱས་ན་ཉེན་ཁ་ཆེན་པོ་འབྱུང་སྲིད།

ལག་ཁྱེར་ཁ་པར་ནང་དུ་ཐོབ་ཐང་ལག་ཁྱེར་གྱི་འདྲ་པར་བཞག་ན་ཉེན་ཁ་ཆེ།

ཕལ་ཆེར་མི་མང་པོ་ཞིག་གིས་དེ་འདྲའི་སྟབས་བདེའི་བྱ་སྤྱོད་ཅིག་གི་རྒྱབ་ཏུ་ཉེན་ཁ་ཆེན་པོ་དེ་འདྲ་གནས་པ་ཡིད་ལའང་ཤར་མེད་སྲིད།

ཀྲུང་གོ་སྒུལ་འཕྲིན་གྱིས་10086གི་གཞུང་ཕྱོགས་པོད་ཕྲན་ཐོག་ལག་ཁྱེར་ཁ་པར་ནང་ཐོབ་ཐང་ལག་ཁྱེར་གྱི་འདྲ་པར་འཇོག་པའི་ཉེན་ཁའི་རང་བཞིན་གྱི་ཚན་རིག་ཁྱབ་གདལ་བརྡ་འཕྲིན་ཞིག་བསྒྲགས་པ་དང་། དེ་ནི་ཉེ་དུས་བྱུང་བའི་ཁ་པར་ནང་གི་ཐོབ་ཐང་ལག་ཁྱེར་གྱི་འདྲ་པར་ལ་བརྟེན་ནས་བདག་པོའི་ཆ་འཕྲིན་ལ་བཟོ་བཅོས་བརྒྱབ་ཅིང་དེ་ནས་བདག་པོའི་བཅོལ་དངུལ་བརྐུས་པའི་གྱོད་དོན་རབ་དང་རིམ་པ་དང་འབྲེལ་བ་འདུག

ལི་ཆེ་གེ་མོས་ཀྲའོ་ཆེ་གེ་མོའི་ཁ་པར་རྙེད་རྗེས། ཁོའི་ཁ་པར་ནང་གི་འདྲ་པར་ཁྲོད་ནས་ཐོབ་ཐང་ལག་ཁྱེར་གྱི་འདྲ་པར་མཐོང་བ་དང་། ལི་ཆེ་གེ་མོས་ཐོབ་ཐང་ལག་ཁྱེར་གྱི་འདྲ་པར་དེ་སྤྱད་ནས་ཀྲའོ་ཆེ་གེ་མོའི་དངུལ་སྤྲོད་འབོ་ཡི་ཐོ་ཨང་བཟོ་བཅོས་བྱས་ཤིང་། དཀའ་ལས་ཅི་ཡང་མེད་པར་ཐོ་ཁོངས་ནང་གི་སྒོར་མོ་བརྒྱུད་ལེན་བྱས་པ་དང་། དུས་མཚུངས་སུ་དངུལ་སྤྲོད་འབོ་ཡི་དངུལ་གཡར་མ་ལག་ཐོག་ནས་དངུལ་མང་པོ་གཡར་བས། ཀྲའོ་ཆེ་གེ་མོར་གྱོང་གུན་ཆེན་པོ་བཟོས་པ་རེད།

ཐོབ་ཐང་ལག་ཁྱེར་ནི་དངུལ་སྤྲོད་appརིགས་ཀྱི་ཆེས་མཐའ་མའི་སྲུང་ཐིག་ཏུ་གྱུར་བ།

ཚང་མས་ཤེས་གསལ་ལྟར། དངུལ་སྨར་སྤྱོད་མཁན་ཇེ་ཉུང་ནས་ཇེ་ཉུང་དུ་འགྲོ་བཞིན་པའི་དེ་རིང་། ལག་ཁྱེར་ཁ་པར་ནི་མི་སྒེར་གྱི་རྒྱུན་ལྡན་གྱི་འབྲེལ་འདྲིས་ཡོ་བྱད་དང་དྲ་ཞུགས་ཡོ་བྱད་ཙམ་ལས་གཞན། མི་སྒེར་གྱི་རྒྱུ་ནོར་དང་འབྲེལ་བ་དམ་པོ་ཡོད། དཔེར་ན་དངུལ་སྤྲོད་འབོ་དང་སྐད་འཕྲིན་དངུལ་ཁུག་སོགས་དངུལ་སྤྲོད་appརིགས་ཀྱི་བཅོལ་དངུལ་ལྟ་བུ། གལ་ཏེ་དེ་དག་དངུལ་བྱང་དང་སྦྲེལ་ཡོད་ན་གནད་དོན་དེ་བས་ཆེ།

བེད་སྤྱོད་བྱེད་མཁན་གྱི་མ་དངུལ་ལ་འགན་སྲུང་བྱ་ཆེད། appདེ་དག་ཚང་མར་བདེ་འཇགས་སྲུང་སྐྱོབ་ཀྱི་བཀོད་སྒྲིག་སྣ་ཚོགས་བྱས་ཡོད། བདེ་འཇགས་སྲུང་སྐྱོབ་བཀོད་སྒྲིག་ཁྲོད་དུ་བྱ་ཐབས་སྣ་ཚོགས་བརྒྱུད་ནས་བེད་སྤྱོད་བྱེད་མཁན་དེ་ཁ་པར་གྱི་བདག་པོ་དངོས་ཡིན་མིན་ར་སྤྲོད་བྱེད་དུ་འཇུག་གི་ཡོད་མོད། ཡིན་ནའང་བདེ་འཇགས་བཀོད་སྒྲིག་དེ་དག་གི་ཆེས་མཐའ་མའི་སྲུང་ཐིག་ནི་ཐོབ་ཐང་ལག་ཁྱེར་ཡིན། ཁ་པར་བེད་སྤྱོད་བྱེད་མཁན་གྱིས་ཐོ་ཨང་དང་གཅིག་མཚུངས་ཡིན་པའི་ཐོབ་ཐང་ལག་ཁྱེར་སྟོན་ཐུབ་ན། བདེ་འཇགས་སྲུང་སྐྱོབ་ཀྱི་བཀོད་སྒྲིག་དེ་དག་རྣམ་པ་ཙམ་རེད།

ཁ་པར་ནང་གི་ཐོབ་ཐང་ལག་ཁྱེར་གྱི་འདྲ་པར་རྐུ་འཁྱེར་བྱེད་པ་དེ་ཁྲིམས་འགལ་གྱི་ཐོན་ལས་འཁོར་འབྲེལ་ཞིག་ཏུ་ཆགས་ཡོད།

དེ་མིན་ལས་རིགས་ནང་གི་མི་སྣས་བཤད་རྒྱུར། རྒྱལ་ཡོངས་ས་གནས་ཚང་མར་ཧ་ཅང་འཐུས་ཚང་ཡིན་པའི་ཁྲིམས་འགལ་ཐོན་ལས་འཁོར་འབྲེལ་ཞིག་གྲུབ་ཡོད་པ་དང་། ཁོ་ཚོས་ཆེད་དུ་བོར་བརླག་བྱུང་བའི་ཁ་པར་དེ་དག་ལ་དམིགས་ཤིང་། ཐ་ན་ཆེད་དུ་ཁ་པར་བརྐུ་བཞིན་ཡོད་པ་རེད། ཁོ་ཚོའི་དམིགས་ཡུལ་ནི་ཁ་པར་དངུལ་ལ་བརྗེ་རྒྱུ་དེ་མ་ཡིན་པར། དམིགས་ཡུལ་གཙོ་བོ་ནི་ཁ་པར་ནང་གི་དངུལ་འབོར་ཆེན་ལེན་ཆེད་ཡིན།

དེ་སྔོན་མི་ལ་ལས་ཁ་པར་བོར་བརླག་བྱུང་བ་དང་། ཁ་པར་ནང་དུ་ཐོབ་ཐང་ལག་ཁྱེར་གྱི་འདྲ་པར་ཡང་བཞག་ཡོད་པས། དངུལ་སྤྲོད་འབོ་ནང་གི་དངུལ་གཡར་མ་ལག་ནས་སྒོར་མོ་ཁྲི་༡༠ལྷག་བླངས་ཟིན་པ་རེད། དངུལ་གྲངས་དེ་ནི་ཁ་པར་གྱི་རིན་ཐང་ལས་ཆེས་ཆེར་བརྒལ་ཡོད།

ཁྱེད་རང་ནས་ཁ་པར་ནང་དུ་བཞག་པའི་ཐོབ་ཐང་ལག་ཁྱེར་གྱི་འདྲ་པར་དང་མི་སྒེར་གྱི་ཆ་འཕྲིན་རིགས་ཀྱི་འདྲ་པར་ངེས་པར་དུ་བསུབ་དགོས།

དེར་བརྟེན་ཆག་སྒོ་ཉིས་བརྩེགས་མི་འབྱུང་བའི་ཆེད་དུ། རང་ཉིད་ཀྱི་ཁ་པར་ནང་གི་ཐོབ་ཐང་ལག་ཁྱེར་གྱི་འདྲ་པར་དང་མི་སྒེར་གྱི་ཆ་འཕྲིན་ཡོད་པའི་འདྲ་པར་རིགས་བེད་སྤྱོད་བྱས་རྗེས་དེ་མ་ཐག་བསུབ་ན་ལེགས། དཔེར་ན་གཤམ་གྱི་མི་སྒེར་གྱི་གསང་བའི་ཆ་འཕྲིན་དེ་རིགས་སྲུང་སྐྱོབ་ཡག་པོ་བྱ་དགོས།

ཐོབ་ཐང་ལག་ཁྱེར།

ཐོ་ཨང་དང་གསང་གྲངས།

ཁ་པར་གྱི་ར་སྤྲོད་ཨང་གྲངས།

Apple ID/གསང་གྲངས།

འཛིན་ཡིག་སྣ་ཚོགས།

གནས་ངེས་ཆ་འཕྲིན་སོགས།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།