ལྷ་སར་རླངས་འཁོར་ལས་རྒྱུ་དངོས་རྐུ་མཁན་ཡོད་པས་གཟབ་རོགས།
སྤེལ་བའི་དུས་ཚོད། : 2019-01-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ལྷ་སའི་ཉེན་རྟོག་འཕྲིན་སྟེགས་སུ་སྤེལ་བའི་གནས་ཚུལ་ལྟར་ན། ཉེ་ལམ། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་གི་རུ་ཆེན་བཞི་པས་ཞིབ་བཤེར་ནན་ཏན་བྱས་པ་བརྒྱུད། རླངས་འཁོར་གྱི་སྒེའུ་ཁུང་བཅག་ནས་ནང་གི་རྒྱུ་དངོས་རྐུ་བའི་གྱོད་གཞི་ཞིག་རྕད་ཆོད་ཡོད་ཅིང་། ཉེས་གསོག་དོགས་ཡོད་པ་མའོ་ཆེ་གེ་མོ་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་ཡོད། བརྟག་དཔྱད་བྱས་ནས་ཤེས་རྟོགས་བྱུང་བ་ལྟར་ན། མའོ་ཆེ་གེ་མོས་ན་ནིང་གི་སྤྱི་ཟླ་11པ་ནས་བཟུང་ཁྱོན་ཐེངས་10ཙམ་ལ་བརྐུས་བྱས་ནས་མི་གཞན་པའི་རླངས་འཁོར་10ལྷག་ཙམ་གྱི་ཤེལ་སྒོ་བཅག་པ་དང་། བརྐུས་པའི་ཅ་ལག་སོགས་ཀྱི་རིན་ཐང་སྒོར་ཁྲི་2ཙམ་ཟིན་ཡོད།

ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་གི་ཉེན་རྟོག་པ་བློ་བཟང་དོན་གྲུབ་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན། ཉེས་བསགས་པ་མའོ་ཆེ་གེ་མོ་ད་ལོ་ལོ་23ཡིན་ཞིང་། ཁོ་རང་ལ་ལྷ་སར་ལས་ཀ་ཚུལ་མཐུན་ཞིག་མེད་པ་དང་། ཕ་མ་དང་འཁོན་འཛིང་བྱུང་ཞིང་ཁྱིམ་ལས་ཕྱི་ལ་འཁྱམ་སོང་བ་ཡིན་ཞིང་། དེའི་རིང་འཚོ་རྟེན་གྱི་དཔལ་འབྱོར་ཡོང་ཁུངས་གང་ཡང་མེད་པ་མ་ཟད། དྲ་རྩེད་ལ་མགོ་འཁོར་བས་རླངས་འཁོར་ནང་གི་རྒྱུ་དངོས་རྐུ་འཁྱེར་བྱེད་པའི་ཉེས་གསོག་གི་ལམ་ཁར་བསྐྱོད་པ་རེད། མའོ་ཆེ་གེ་མོས་ཕལ་ཆེར་ཉིན་བཞིན་སྐྱ་རེངས་དུས་སུ་གྲོང་མིའི་སྡོད་ཁུལ་དུ་རྐུ་བྱེད་པ་དང་། རླངས་འཁོར་གྱི་སྒེའུ་ཁུང་ལས་རླངས་འཁོར་དུ་ཁུག་མ་དང་དངུལ་སོགས་རྒྱུ་དངོས་ཡོད་མེད་ལ་ལྟ་བ་དང་། དེ་ཡོད་པ་ཤེས་རྗེས་རླངས་འཁོར་གྱི་ཤེལ་སྒོ་བཅག་ནས་རྒྱུ་དངོས་རྐུ་བ་དང་། བརྐུས་པའི་རྒྱུ་དངོས་ཚང་མ་བག་མེད་ལོངས་སྤྱོད་བྱེད་བཞིན་ཡོད།

བརྟག་ཞིབ་བྱས་པ་ལྟར་ན།ཉེས་གསོག་པ་མའོ་ཡིས་2011ལོའི་ཟླ་11པ་ནས་བཟུང་སྔ་རྗེས་སུ་ལྷ་སའི་ཁྲེང་ཀོན་ཆུས་ཀྱི་ས་ཆ་མང་པོ་ཞིག་ཏུ་རླངས་འཁོར་གྱི་སྒེའུ་ཁུང་བཅག་ནས་བརྐུས་ཐེངས་16བྱས་ཡོད་ཅིང་། བརྐུས་བྱས་པའི་སྒོར་དང་ཅ་ལག་སོགས་ཀྱི་རིན་ཐང་སྒོར་23800ལྷག་ཙམ་ཟིན་ཡོད།

ཉེན་རྟོག་པས་དྲན་སྐུལ་བྱས་དོན་ལ།

རླངས་འཁོར་གྱི་བདག་པོ་ཚོས་རླངས་འཁོར་འདུག་སྐབས་དང་སྒོ་རྒྱག་སྐབས། རླངས་འཁོར་ལས་མར་འབབ་སྐབས་སོགས་ལ་རླངས་འཁོར་དུ་ཁུག་མ་དང་ཁ་པར། ལག་དངུལ་སོགས་ཡོད་མེད་ལ་དོ་སྣང་བྱེད་དགོས་པ་མ་ཟད། རླངས་འཁོར་དུ་རིན་ཐང་མེད་པའི་དངོས་རྫས་ཀྱང་འཇོག་མི་རུང་སྟེ། དེ་དག་བཞག་ན་རྐུན་མ་ལ་ལས་སྒེའུ་ཁུང་ལས་ཤོག་ཁུག་དང་རས་ཁུག་སོགས་མཐོང་སྐབས་དེའི་ནང་རིན་ཐང་ལྡན་པའི་རྒྱུ་ནོར་ཡོད་ངེས་བསམ་ནས་རླངས་འཁོར་གྱི་ཤེལ་སྒོ་བཅག་སྟེ་དེ་དག་རྐུ་བཞིན་ཡོད། གལ་ཏེ་གྲོང་མི་ཚོའི་རྒྱུ་དངོས་རྐུན་ལ་ཤོར་ན། མྱུར་དུ་110 ལ་ཁ་པར་བརྒྱབ་ནས་ཉེན་བརྡ་གཏོང་དགོས།