ལྷ་སའི་ཁྲོམ་གཟིགས་སྒང་ཧ་གོ་མཁན་མང་ཡང་ལོ་རྒྱུས་ཤེས་མཁན་ཉུང་།
སྤེལ་བའི་དུས་ཚོད། : 2018-12-07 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ལྷ་ལྡན་གཙུག་ལག་ཁང་གི་བྱང་ངོས་སུ་ཁྲོམ་གཟིགས་སྒང་ཟེར་བ་ཞིག་ཡོད་པ་དེ་ནི་སྔར་བོད་བཞུགས་ཨམ་བན་གྱི་ལས་ཁུངས་ཡཱ་མོན་ཟེར་བའི་ཁང་ཆེན་སྤེན་བད་ཅན་ཞིག་ཡོད་པ་དང་། དེ་མིན་རྒྱལ་པོ་ལྷ་བཟང་ཁང་གི་ཕོ་བྲང་དང་། པུ་ལི་སི་དམག་སྒར། མི་དབང་ཕོ་ལྷ་བསོད་ནམས་སྟོབས་རྒྱལ་གྱི་ཕོ་བྲང་དགའ་ལྡན་ཁང་གསར་ཟེར་བ། རྒྱལ་པོ་དགའ་ལྡན་ཚེ་དབང་གི་ཕོ་བྲང་བདེ་ཆེན་རབ་བརྟན་བཅས་ཡོད། དེ་མིན་ད་དུང་འབྲུག་གཞུང་བོད་སྡོད་གཞུང་ཚབ་ཀྱི་གཟིམ་ཤག་ཅེས་པ་ནི་དེང་སང་ཁྲོམ་གཟིགས་སྒང་སྒོ་ར་ཤར་ཟེར་བ་དེ་ཡིན།

དེའི་ཉེ་འཁོར་གྱི་རྗེ་འབུམ་སྒང་ཟེར་བ་དེ་ནི་དུས་རབས་བཅོ་བརྒྱད་པའི་ནང་མི་དབང་ཕོ་ལྷ་བསོད་ནམས་སྟོབས་རྒྱལ་གཤེགས་རྗེས་ཁོང་གི་བུ་གཉིས་པ་འགྱུར་མེད་རྣམ་རྒྱལ་གྱིས་1747ལོར་ཕ་ཤུལ་བུ་འཛིན་གྱིས་བོད་ཀྱི་ཆབ་སྲིད་བསྐྱངས། 1750ལོ་ནས་བཟུང་འགྱུར་མེད་རྣམ་རྒྱལ་དང་བོད་སྡོད་ཨམ་བན་ཏྭ་ཞིན་གཉིས་དབར་རྒྱུ་རྐྱེན་སྣ་ཚོགས་དབང་གིས་འབྲེལ་བ་ཇེ་སྡུག་ཏུ་སོང་བས་ལོ་དེའི་ཧོར་ཟླ་བཅུ་པའི་ཚེས་བཅུ་གསུམ་ཉིན་བོད་སྡོད་ཨམ་བན་ཕུ་ཆེན་དང་ལབ་ཏུན་གཉིས་ཀྱིས་འགྱུར་མེད་རྣམ་རྒྱལ་ཁྲོམ་གཟིགས་སྒང་དུ་གསོལ་སྟོན་ལ་གདན་ཞུའི་ཟོལ་གྱིས་ངོ་གཡོག་གསུམ་བསད་པ་ཡང་འགྱུར་མེད་རྣམ་རྒྱལ་གྱི་མགྲོན་གཉེར་བློ་བཟང་བཀྲ་ཤིས་དང་ཡ་སོར་གཉིས་ཀྱིས་ཤེས་ཏེ་འཕྲལ་མར་དམག་མི་ཁྲིད་དེ་ཨམ་བན་གཉིས་དང་དེའི་ཞི་དྲག་མི་སྣ་བརྒྱ་ལྷག་ཙམ་དུས་གཅིག་ཏུ་རྐྱེན་ལམ་དུ་གཏོང་སའི་གནས་དེ་ཡིན་པར་གྲགས།

ལོ་ཟླའི་ཤུལ་ལམ་རིང་པོའི་ཐོག་ཁྲོམ་གཟིགས་སྒང་དུ་བོད་ཀྱི་ལོ་རྒྱུས་ཐོག་གི་དོན་ཆེན་མང་པོ་ཐོན་པ་དེ་དག་དུས་རབས་ཀྱི་འཆར་ནུབ་དང་འགྲོགས་ནས་མི་རྣམས་ཀྱི་འདྲེན་བྱེད་ཡུལ་ནས་རིམ་བཞིན་ཡལ་སྟབས། ད་ཆ་ཁྲོམ་གཟིགས་སྒང་ཞེས་འབོད་སྐབས་མི་ཚོའི་སྣང་ངོར་འཆར་བ་ནི་ཐོག་བརྩེགས་གསུམ་ལྡན་གྱི་ཚོང་ལས་ཐོག་ཁང་དེ་དང་དེར་བསྐོར་བའི་ཚོང་ཆུང་རྒྱག་མཁན་དེ་དག་ཡིན་ངེས་རེད། དེ་རང་རེད། ད་ཆ་ཚོང་ཁང་ཆེན་པོ་དེའི་སྟེང་ཤོད་བར་གསུམ་དུ་ཤ་མར་དང་། ཚལ་རིགས། ཤིང་ཏོག་སྣ་ཚོགས་སོགས་ཟས་རིགས་དང་། གྱོན་གོས་སྣ་འཛོམས། ཉེར་མཁོའི་སྤྱོད་ཆས་སྣ་ཚོགས་སོགས་བྱུར་བུར་ཁེངས་ནས་ལྷ་སའི་གྲོང་མི་དང་ཕྱོགས་བཞིའི་སྐུ་མགྲོན་ཚོའི་འཛད་སྤྱོད་ཀྱི་དགོས་པ་ཅི་དང་ཅི་ཡང་སྐོང་བཞིན་ཡོད།

ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།