ཁྲིམས་སྲོལ་གསར་པ་འདི་དག་ཟླ་༡༢པ་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།
སྤེལ་བའི་དུས་ཚོད། : 2018-11-30 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

དེ་རིང་། ༢༠༡༨ལོ་དང་༢༠༡༩ལོའི་བར་དུ་ཟླ་བ་གཅིག་གི་དུས་ཚོད་ལས་མེད། ཁྱེད་ཀྱིས་༢༠༡༨ལོའི་ལོ་མགོར་གཏན་འབེབས་བྱས་པའི་དམིགས་འབེན་ག་ཚོད་ད་དུང་མངོན་འགྱུར་བྱུང་མེད་དམ། སང་ཉིན་ནས་བཟུང་རྒྱལ་ཡོངས་སུ་ཁྲིམས་སྲོལ་གསར་པ་ཁག་ཅིག་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་ཏེ། རྒྱལ་ཡོངས་ཀྱི་གཞུང་ལམ་འགྲུལ་སྐྱེལ་གྱིས་དམག་མི་ལ་ཁྲིམས་ལྟར་དམིགས་བསལ་གྱི་ཞབས་འདེགས་འདོན་སྤྲོད་བྱ་རྒྱུ་དང་། “འཆལ་རྡུང་ལོག་སེལ་”གྱི་ཐེར་འདོན་བྱ་དགའ་མཐོ་ཤོས་སྒོར་ཁྲི་༦༠ཟིན་རྒྱུ། 《ཉེན་ཁ་ཆེ་བའི་དངོས་ཟོག་རྒྱ་ལམ་ཐོག་ནས་སྐྱེལ་འདྲེན་བྱེད་པའི་སྒྲིག་ལམ་》གསར་པ་ལག་བསྟར་བྱ་རྒྱུ་སོགས་མང་པོ་ཡོད།

རྒྱལ་ཡོངས་ཀྱི་གཞུང་ལམ་འགྲུལ་སྐྱེལ་གྱིས་དམག་མི་ལ་ཁྲིམས་ལྟར་དམིགས་བསལ་གྱི་ཞབས་འདེགས་འདོན་སྤྲོད་བྱ་རྒྱུ།

ཟླ་༡༢ཚེས་༡ཉིན་ནས་བཟུང་། རྒྱལ་ཡོངས་ཀྱི་རླངས་འཁོར་འགྲུལ་སྐྱེལ་ས་ཚིགས་དང་། གཞུང་ལམ་འགྲུལ་སྐྱེལ་རྒྱུན་ཚིགས་ལམ་ཐིག་གཉེར་སྐྱོང་བྱེད་མཁན་གྱིས་སྤ་སེ་ཉོ་བ་དང་། བདེ་བཤེར་བྱེད་པ། རླངས་འཁོར་ལ་སྒུག་པ། རླངས་འཁོར་དུ་སྡོད་པ་སོགས་ཀྱི་གོ་རིམ་ཁྲོད། དམག་མི་ལ་ཁྲིམས་ལྟར་དམིགས་བསལ་གྱི་ཞབས་འདེགས་འདོན་སྤྲོད་བྱ་རྒྱུ་ཡིན་པ་དང་། དམག་མི་དང་མཉམ་དུ་ཡོད་པའི་ནང་མིས་(རྩ་དོན་ཐོག་མི་གཉིས་ལས་བརྒལ་མི་རུང་བ་དང་། དམག་མིའི་བར་གྱི་འབྲེལ་བའི་དཔང་ཡིག་འདོན་སྤྲོད་བྱ་མི་དགོས། )ཀྱང་སྔོན་གྱི་དམིགས་བསལ་ཞབས་ཞུ་མཉམ་དུ་ལོངས་སྤྱོད་བྱ་ཐུབ།

“འཆལ་རྡུང་ལོག་སེལ་”གྱི་ཐེར་འདོན་བྱ་དགའ་མཐོ་ཤོས་སྒོར་ཁྲི་༦༠ཟིན་རྒྱུ།

རྒྱལ་ཡོངས་ཀྱི་“འཆལ་རྡུང་ལོག་སེལ་” ལས་དོན་ཚོགས་ཆུང་གཞུང་ལས་ཁང་སོགས་སྡེ་ཚན་གྱིས་《“འཆལ་རྡུང་ལོག་སེལ་”ལས་དོན་གྱི་ཐེར་འདོན་བྱེད་མཁན་ལ་བྱ་དགའ་སྤྲོད་ཐབས་》གསར་པ་ཁྱབ་བསྒྲགས་བྱས་ཤིང་། ཟླ་༡༢ཚེས་༡ཉིན་ནས་ལག་བསྟར་བྱ་རྒྱུ་ཡིན་པ་རེད། བྱེད་ཐབས་ཁྲོད་འབྲེལ་ཡོད་ཀྱི་བྱ་དགའི་ཚད་གཞི་མཐོ་རུ་བཏང་ཡོད་པ་དང་། ཁྲིམས་འགལ་པར་སྐྲུན་བྱ་སྤྱོད་ཐེར་འདོན་བྱེད་པར་བྱ་དགའ་མཐོ་ཤོས་སྒོར་ཁྲི་༦༠སྤྲོད་རྒྱུ་ཡིན་པ།

གློག་བརྙན་རྙིང་པ་བསྐྱར་དུ་སྟོན་པར་ཡང་བསྐྱར་པར་ཞིབ་བྱེད་དགོས།

རྒྱལ་ཁབ་གློག་བརྙན་ཅུས་ཀྱིས་ཟླ་༡༢ཚེས་༡ཉིན་ནས་བཟུང་། བསྐྱར་སྟོན་གློག་བརྙན་ལ་ངེས་པར་དུ་ནང་དོན་ཞིབ་བཤེར་དང་བསྐྱར་སྟོན་ཆོག་འཐུས་ལག་ཁྱེར་བསྐྱར་དུ་སྤྲོད་དགོས་པ་གཏན་འབེབས་བྱས་ཡོད། བརྙན་སྟོན་ཁྱབ་ཁོངས་ཧྲིལ་བོ་གློག་བརྙན་ཁང་༢༥༠༠ལས་བརྒལ་མི་ཆོག་པ་དང་། གློག་བརྙན་ཁང་རེས་བསྐྱར་སྟོན་གློག་བརྙན་གཅིག་སྟོན་པའི་བརྙན་ཁང་གཅིག་ལས་བརྒལ་མི་ཆོག་པ།

《ཉེན་ཁ་ཆེ་བའི་དངོས་ཟོག་རྒྱ་ལམ་ཐོག་ནས་སྐྱེལ་འདྲེན་བྱེད་པའི་སྒྲིག་ལམ་》གསར་པ་ལག་བསྟར་བྱ་རྒྱུ།

འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་ཡོངས་བསྒྲགས་བྱས་པའི་《ཉེན་ཁ་ཆེ་བའི་དངོས་ཟོག་རྒྱ་ལམ་ཐོག་ནས་སྐྱེལ་འདྲེན་བྱེད་པའི་སྒྲིག་ལམ་》(JT/T 617) ཟླ་༡༢ཚེས་༡ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་པ་དང་། སྒྲིག་སྲོལ་ནང་ཉེན་ཆེའི་དངོས་ཟོག་རིགས་དབྱེ་དང་། ཐུམ་སྒྲིལ། ཁ་བྱང་ཤོག་ལྷེ། མངགས་འདྲེན་གོ་རིམ་སོགས་ཀྱི་ཐད་གཏན་འབེབས་ཁ་གསལ་བྱས་ཡོད།

བཅོལ་དངུལ་མེད་པའི་གནས་ཚུལ་འོག་ཡིད་རྟོན་བྱང་བུའི་དངུལ་ལེན་ཚད་སྒོར་ཁྲི་ལྔ་ལས་བརྒལ་ན་ཉེས་ཁྲིམས་ནང་འཇུག་རྒྱུ།

ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་མཉམ་འབྲེལ་གྱིས་ཐག་གཅོད་གནང་དོན། ཟླ་༡༢ཚེས་༡ཉིན་ནས་བཟུང་། བསམ་ངན་བཅངས་ནས་བཅོལ་དངུལ་མེད་པའི་གནས་ཚུལ་འོག་ཡིད་རྟོན་བྱང་བུའི་དངུལ་ལེན་ཚད་སྒོར་ཁྲི་ལྔ་ཡན་དང་འབུམ་ལྔ་མ་ལོངས་པ་ནི། ཉེས་ཁྲིམས་ནང་གཏན་འབེབས་བྱས་པའི་བསམ་ངན་བཅངས་ནས་ཡིད་རྟོན་བྱང་བུའི་བཅོལ་དངུལ་ལས་བརྒལ་བའི་དངུལ་ལེན་ཚད་ “གྲངས་འབོར་ཆེ་ཙམ་” ཡིན་པར་ངོས་འཛིན་བྱ་རྒྱུ་ཡིན་པ།

སྤྱི་བདེ་ལས་ཁུངས་ཀྱི་ཁྲིམས་འཛིན་ཡོངས་བསྒྲགས་བྱས་ཚུལ་དེ་དཔྱད་ཞིབ་གདེང་འཇོག་ནང་འཇུག་རྒྱུ།

སྤྱི་བདེ་པུས་གཏན་འབེབས་གསར་པ་བཏོན་ནས། སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་འཛིན་ཡོངས་བསྒྲགས་བྱས་ཚུལ་དེ་ཁྲིམས་འཛིན་རྒྱུ་སྤུས་ལ་དཔྱད་འཇོག་དང་ལས་འབྲས་དཔྱད་ཞིབ་བྱེད་ཁོངས་སུ་བཅུག་སྟེ། བྱ་དགའ་ཆད་གཅོད་ཀྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། ཟླ་༡༢ཚེས་༡ཉིན་ནས་ལག་བསྟར་བྱ་རྒྱུ་གཏན་འབེབས་བྱས་ཡོད།

ཕག་པ་སྐྱེལ་འདྲེན་རླངས་འཁོར་གྱིས་ཐོ་འགོད་སྙན་སེང་ཞུ་དགོས།

ཞིང་ལས་དང་གྲོང་གསེབ་པུའུ་ཡིས་སྤྱི་བསྒྲགས་སྤེལ་ཏེ། ཟླ་༡༢ཚེས་༡ཉིན་ནས་བཟུང་ཕག་པ་སྐྱེལ་འདྲེན་བྱེད་པའི་འཁོར་ལོའི་རིགས་ལ་ཐོ་འགོད་སྙན་སེང་འབུལ་བ་དང་ལྟ་སྐུལ་དོ་དམ་བྱེད་པའི་ལམ་སྲོལ་ཁྱོན་ཡོངས་ནས་ལག་བསྟར་བྱ་རྒྱུ་དང་། སྐྱེལ་འདྲེན་བྱེད་སྐབས་ཟུར་འཇོག་དང་བར་སྟོང་འཇོག་ཚད་བླང་བྱ་དང་མཐུན་དགོས་པ་མ་ཟད་། སྐྱེལ་འདྲེན་བྱེད་འགན་འཁུར་མཁན་གྱིས་ས་གནས་དེ་གའི་རྫོང་རིམ་པའི་ཕྱུགས་ལས་དང་ཕྱུགས་ནད་སྨན་བཅོས་གཙོ་གཉེར་སྡེ་ཁག་ལ་ཐོ་འགོད་སྙན་སེང་ཞུ་དགོས་པའི་བླང་བྱ་བཏོན་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།