ང་ཚོའི་གཡས་གཡོན་ན་འབྱུང་སྲིད་པའི་མཚར་གཏམ་ཚན་པ་བརྒྱད།
སྤེལ་བའི་དུས་ཚོད། : 2018-10-09 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཁག་དང་པོ། རྒན་ཉི་མ་ལགས་ཀྱིས་སློབ་ཕྲུག་ཟླ་བ་ལ་ཡར་ལོངས་ཞེས་བཀའ་ཕབ། སློབ་མ་ཟླ་བ་ཡར་འགྲེང་པས་རྒན་ལགས་ཀྱིས་དེབ་གཉིས་ཀྱི་ཐོག་དེབ་བཞི་བསྣན་ན་དེབ་ག་ཚོད་ཆགས་ཀྱི་རེད་ཅེས་དྲིས། སློབ་མ་ཟླ་བ་ཡིས་དེབ་དྲུག་ཅེས་ལན་བཏབ། ཡང་བསྐྱར་རྒན་ཉི་མས་འོ་ན་དེབ་ས་ཡ་གཅིག་དང་བདུན་བརྒྱ་གོ་དགུ་ཐོག་དེབ་དྲུག་སྟོང་སོ་ལྔ་བསྣན་ན་དུ་རེད་ཅེས་དྲིས་པ་དང་སློབ་མ་ཟླ་བ་ལགས་ཀྱིས་ཀ་ཀོར་མེད་པར་དཔེ་མཛོད་ཆེན་པོ་ཞིག་རེད་ཅེས་ལན་བྱིན་པས་འཛིན་ཁང་དགོད་སྒྲས་ཁེངས་པ་རེད།

ཁག་གཉིས་པ། དེ་རིང་ང་ཚོའི་འཛིན་གྲྭའི་རྒན་ལགས་ཀྱིས་དྲི་བ་ཁག་ཅིས་དྲིས་རྗེས། དྲི་བ་མཐའ་མ་དེ་ལ་ལན་སུས་སྔོན་ལ་རྒྱག་ཐུབ་ན་ཁྱིམ་དུ་སྔོན་ལ་ལོག་ཆོག་ཅེས་ཟེར། དེ་མ་ཐག་འཛིན་གྲོགས་མཚོ་མོས་དཔེ་ཁུག་སྒེའུ་ཁུང་ནས་མར་གཡུགས་སོང་བས། རྒན་ལགས་ཀྱིས་ག་རེ་བྱས་སོང་ངམ། དཔེ་ཁུག་སྒེའུ་ཁུང་ནས་མར་གཡུགས་མཁན་སུ་རེད་ཅེས་དྲིས་པར། མཚོ་མོས་ང་ཡིན་ལགས་ང་ཡིན་ད་ང་ནང་ལ་ལོག་གི་ཡིན་ཟེར་ཞོར་ཕྱིན་སོང་།

ཁག་གསུམ་པ། སློབ་ཕྲུག་གཉིས་ཀྱིས་རྒན་ལགས་ལ། ང་ཚོ་འདྲ་བའི་ཕྲུ་གུ་ལ་མངལ་ཆགས་ཡག་ཡོད་ཨེ་རེད་ཅེས་དྲིས་པར། རྒན་ལགས་ཀྱིས་ག་བ་ཡོད་རེད་རྩ་བ་ནས་ཡོད་མ་རེད་ཅེས་ལན་བཏབས། དེ་མ་ཐག་སློབ་ཕྲུག་བུ་དེས་བུ་མོ་དེ་ལ་ངས་རང་ལ་ལབ་ཡིན་པ་ད་ཡིད་ཆེས་སོང་ངམ་མགྱོགས་པོ་འགྲོ་ཞེས་བཤད།

ཁག་བཞི་བ། ཁྱོ་བོས་ཆུང་མ་ལ་གལ་སྲིད་ང་ལ་རྒྱན་ཤོག་འཐོབ་ཚེ་ཁྱོད་ཀྱིས་ཅི་ཞིག་གནང་འདོད་ཡོད་ཅེས་དྲིས་པར། ཆུང་མས་ལན་དུ་གལ་སྲིད་ཁྱོད་ལ་རྒྱན་ཤོག་འཐོབ་ཚེ་དངུལ་སྒོར་ཕྱེད་ཀ་ངས་འཁྱེར་ཏེ་ཁྱོད་དང་ཁ་བྲལ་ནས་འགྲོ་རྒྱུ་ཡིན་ཞེས་ལན་བྱིན། དེའི་ལན་དུ་ཁྱོ་གས་འོ་ན་ང་ལ་སྒོར་མོ་བཅུ་གཉིས་ཐོབ་བྱུང་བས་དྲུག་དེ་ཁྱོད་རང་གི་ཡིན། ད་སོང་ཟེར་ཞོར་ཆུང་མ་ཁྱིམ་ནས་ཕུད་པ་རེད།

ཁག་ལྔ་བ། གཟའ་པ་སང་གི་དགོང་མོ་ཞིག་ལ། བསྟན་འཛིན་གྱིས་རང་གི་ཆུང་མ་ལ་ང་རང་གཉིས་གཟའ་མཇུག་ལྷོད་ལྷོད་ཅིག་བསྐྱལ་ན་ཨེ་འགྲིག་ཅེས་དྲིས་པས། ཆུང་མས་འགྲིག་དང་འགྲིག་ཅེས་ལན་བཏབ། དེ་ནས་བསྟན་འཛིན་གྱིས་འོ་ན་གཟའ་ཟླ་བ་ཉིན་ཐུག་ཡོང་ཞེས་ལབ་པས། ཆུང་མ་ཁོང་ཁྲོའི་རྣམ་འགྱུར་དང་བཅས་དྲན་མེད་དུ་བརྒྱལ་སོང་བ་རེད།

ཁག་དྲུག་པ། སྨན་པས་ནད་པ་ལ་ཁྱོད་རང་གིས་ཉིན་ལྟར་ཉུང་མཐའ་ལའང་ཆུ་ཤེལ་ཕོར་བཅུ་རེ་འཐུང་དགོས་རེད་ཅེས་བཤད་པར། ནད་པ་དེས་དེ་ཡོང་ཡག་ཁོ་རང་ཡོད་མ་རེད་ཅེས་ཞུས། སྨན་པས་རྒྱུ་མཚན་དྲིས་པར་ནད་པ་དེས་ངེད་ཀྱི་ནང་དུ་ཤེལ་ཕོར་བཞི་ལས་མེད་ཅེས་ལན་བྱིན་པས་སྨན་ཁང་དགོད་སྒྲ་ཡིས་ཁེངས་པ་རེད།

ཁག་བདུན་པ། རྒན་སྒྲོལ་མ་ལགས་ཀྱིས་དེ་རིང་འུ་ཚོས་དུས་གསུམ་གྱི་དཔེ་བརྗོད་སྐོར་ཁ་བརྡ་བྱས་ན་ཅི་འདྲ་འདུག་ཅེས་བཀའ་གནང་བྱུང་བས། ང་ཚོ་སློབ་མ་མང་ཤོས་ཀྱིས་འཐད་པའི་བརྡ་ལ་མགོ་བོ་ནང་དུ་བཀུག དེ་ནས་རྒན་ལགས་ཀྱིས་(ང་རང་མཛེས་མ་ཡིན་) ཞེས་གསུངས་རྗེས། ཁོང་གིས་བཞག་པའི་དཔེ་བརྗོད་དེ་དུས་གསུམ་གང་རེད་ཅེས་བཀའ་འདྲི་གནང་མ་ཐག་སློབ་མ་ཚེ་རིང་གིས་ལམ་སེང་རྒན་ལགས་ཁྱོད་རང་མཛེས་མ་ཡིན་པའི་དུས་ནི་དུས་འདས་པ་རེད་ཅེས་ལན་ཕུལ་སོང་བས། འཛིན་ཁང་དགོད་སྒྲའི་ཁེངས་བཞག་ཐལ།

ཁག་བརྒྱད་པ། མི་ཞིག་ལམ་ཁ་ན་འགྲོ་བཞིན་པའི་སྐབས་ཤིག་ལ་ལམ་ཟུར་དུ་ཇ་ཁང་ཞིག་ཡོད་པ་དེའི་སྒོ་འགྲམ་ན་(སྐུད་མེད་དྲྭ་བ་རིན་མེད་ཡིན་) ཞེས་བྲིས་ཡོད་པར་མཐོང་། ཁོ་ལམ་སེང་ནང་དུ་འཛུལ་ནས་ཇ་ཁང་ཞབས་ཞུ་བར་སྐུད་མེད་དྲྭ་བའི་གསང་གྲངས་ཅི་རེད་ཅེས་དྲིས་པར། ཞབས་ཞུ་མ་དེས་ (སྔོན་ལ་བཏུང་བ་ཞིག་ཉོས་) ཞེས་ལབ་པ་རེད། མི་དེས་སྔོན་ལ་བཏུང་བ་ཞིག་ཉོ་དགོས་ཡིན་པ་འདྲ་སྙམ་ནས་བཏུང་བ་མངར་མོ་ཞིག་ཉོས་ནས་མགྱོག་པོ་འཐུངས་རྗེས། སླར་ཡང་གསང་གྲངས་ཅི་རེད་ཅེས་འདྲི་སར་ཕྱིན། ཞབས་ཞུ་མ་གཞན་ཞིག་སྒོ་འགྲམ་ན་ལངས་བསྡད་པ་དེར་སླར་ཡང་དྲིས་པས། མོས་ཀྱང་སྔར་བཞིན་ལན་བཏབ། ཁོ་པས་སླར་བཏུང་གཞན་ཞིག་ཉོས་ནས་བསྐྱར་དུ་གསང་གྲངས་སྐད་ཆ་དྲིས་དུས །ཞབས་མ་དེས་འཛུམ་ཙམ་གྱིས་ངས་ཁྱོད་ལ་ཞུས་ཟིན། (སྔོན་ལ་བཏུང་བ་ཞིག་ཉོས་) ཞེས་བཤད་པར་མི་དེས་ཁོང་ཁྲོ་ཆེན་པོས་ངས་བཏུང་བ་ཉོས་ཚར། ད་སྙད་མ་རྐོ་ཨ་ཟེར་ཞོར་ཁུ་ཚུར་གྱིས་ཅོག་ཙེ་སྒང་གཞུས་པས། ཞབས་ཞུ་མ་དེས་འཚབ་འཚུབ་ཀྱིས་རྒན་ལགས་དེ་འདྲ་མ་རེད། སྐུད་མེད་དྲྭ་བའི་གསང་གྲངས་ (སྔོན་ལ་བཏུང་བ་ཞིག་ཉོས་) རེད་ཅེས་ཟེར་ཞོར་གྱང་ངོས་ན་བཀར་ཡོད་པའི་གསང་གྲངས་ལ་མཛུབ་མོ་བཙུགས་པས། མི་དེས་ཁོ་རང་ནོར་ཡོད་པར་ཤེས་ནས་ངོ་ཚ་ཁ་སྐྱེངས་པར་གྱུར།

ཡོང་ཁུངས། གླིང་སྲས་བོད་ཡིག་འཕྲིན་སྟེགས།

རྩོམ་པ་པོ། གླང་དར་ཚ་བོ།