༼བུ་མོ་དགེ་ལྷ༽ཞེས་པའི་གློག་བརྙན་ཞིག་ཕབ་སྐྲུན་བྱེད་འགོ་ཚུགས་འདུག
སྤེལ་བའི་དུས་ཚོད། : 2018-10-07 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

འདི་ནི་གློག་བརྙན་ལ་དུང་བ་ཡོད་མཁན་ཚོར་གནང་བའི་ལེགས་སྐྱེས་ཤིག་ཡིན།

གློག་བརྙན་ལ་མཉེས་པོ་གནང་མཁན་དང་དུང་བ་ཡོད་མཁན་ཞིག་ཡིན་ཚེ། ཉེ་དུས་དམིགས་བསལ་གློག་བརྙན་༼བུ་མོ་དགེ་ལྷ།༽ཞེས་པ་ཕབ་སྐྲུན་བྱེད་འགོ་ཚུགས་པར་ཚང་མས་དོ་སྣང་བྱུང་ཡོད་ཤས་ཆེ། འདི་ནི་ང་ཚོར་གནང་བའི་ལེགས་སྐྱེས་ཤིག་ཅི་ལ་མིན།

སྤྱི་ཟླ་༡༠པའི་ཚེས་༦ཉིན། ༼བུ་མོ་དགེ་ལྷ།༽ཞེས་པའི་གློག་བརྙན་འདི་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་དུ་ཕབ་སྐྲུན་བྱེད་འགོ་ཚུགས་ཡོད་ཅིང་། འདི་ནི་ལྟད་མོ་བ་མང་པོས་རེ་སྒུག་ཆེན་པོ་བྱེད་བཞིན་པའི་གློག་བརྙན་ཞིག་ཡིན།

ཕབ་སྐྲུན་བྱེད་འགོ་ཚུགས་པའི་མཛད་སྒོ།

གློག་བརྙན་དེའི་འཁྲབ་གཞུང་ནི་བོད་ཀྱི་རྩོམ་པ་པོ་གྲགས་ཅན་ཨ་ལའེ་ཡི་བརྩམས་སྒྲུང་《狗孩格拉》ཞེས་པའི་ནང་དོན་གཙོ་བོར་བཟུང་བ་དང་། བོད་ཀྱི་འཁྲབ་འཁྲིད་པ་བསྟན་འཛིན་དབང་རྒྱལ་ལགས་ཀྱིས་འཁྲབ་འཁྲིད་བྱ་རྒྱུ་རེད། ཐུན་མིན་གྱི་བརྗོད་དོན་ཡོངས་ལེགས་པར་མངོན་ཐུབ་པའི་རེ་བ་ཁེངས་པའི་གློག་བརྙན་འདི་ནི་དངོས་བཤུས་གློག་བརྙན་ཆེ་གྲས་༼ཤམ་བྷ་ལའི་ཞིང་ཁམས།༽ཞེས་པ་ཁོང་གིས་ཕབ་སྐྲུན་བྱས་རྗེས་ཀྱི་བརྩམས་ཆོས་གཉིས་པ་འགོ་ཚུགས་པ་ཞིག་རེད། བོད་ཀྱི་འཁྲབ་སྟོན་པ་དགེ་འདུན་ཕུན་ཚོགས་དང་། དབང་སྒྲོན་མཚོ་སོགས་ཀྱིས་གཙོ་འཁྲབ་བྱ་རྒྱུ་རེད་འདུག གློག་བརྙན་འདིའི་ནང་དོན་ཁྱད་པར་ཅན་ཞིག་རེད་ཟེར་དོན་ཅི་རེད་ཟེར་ན། དེ་སྔོན། བོད་ཀྱི་གློག་བརྙན་ནང་དུ་གཙོ་བོ་རིག་གནས་དང་། ཆོས་ལུགས། སྲོལ་རྒྱུན་དང་དེང་རབས་རིག་གནས་སོགས་ཟུང་དུ་སྦྲེལ་བའི་བརྗོད་དོན་གྱིས་གཞི་བྱས་ཡོད། ཐེངས་འདིའི༼བུ་མོ་དགེ་ལྷ།༽ཞེས་པའི་གློག་བརྙན་ནང་བོད་ཁུལ་གྱི་བུད་མེད་རིང་ལུགས་བརྗོད་དོན་གཙོ་བོར་བྱས་ནས་ཕབ་སྐྲུན་བྱ་རྒྱུ་ཡིན་པ་དང་། བོད་ཁུལ་གྱི་གྲོང་སྡེ་དཀྱུས་མ་ཞིག་གི་བུད་མེད་ཀྱི་སྲོལ་རྒྱུན་འཚོ་བའི་རྣམ་པ་དང་འདུ་ཤེས། རང་རྐྱ་འཕེལ་བའི་འཚོ་བའི་རྣམ་པ་དང་བསམ་བློའི་ཁ་ཕྱོགས་སོགས་བརྗོད་པའི་གཏམ་རྒྱུད་ཅིག་ཡིན་ལ། འདིས་བོད་ཁུལ་དུ་དེ་སྔ་བརྗོད་བྱ་འདི་རིགས་ཀྱི་གློག་བརྙན་མེད་པའི་སྟོང་ཆ་བསྐང་རྒྱུ། བུད་མེད་ཀྱི་འདུ་ཤེས་ཇེ་ཆེར་འཛིན་པའི་གློག་བརྙན་ཐོག་མ་དེ་ཕབ་སྐྲུན་བྱ་རྒྱུ་བཅས་ཡིན་པས། སྲོལ་རྒྱུན་དང་དེང་རབས་ཟུང་འབྲེལ་གྱིས་རིག་གནས་དར་སྤེལ་གཏོང་རྒྱུའི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད།

འཁྲབ་འཁྲིད་པ་བསྟན་འཛིན་དབང་རྒྱལ།

༼བུ་མོ་དགེ་ལྷ།༽ཞེས་པའི་གློག་བརྙན་འདི་ནི་དེང་རབས་ཀྱི་ཕབ་སྐྲུན་ལག་རྩལ་སྤྱད་ནས། བོད་ཁུལ་གྱི་སྔར་ཡོད་བརྗོད་བྱའི་རྨང་གཞིའི་ཐོག ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བའི་གློག་བརྙན་ཞིག་རེད། བརྗོད་བྱ་དེས་གློག་བརྙན་གྱི་ནང་དོན་ཐད་ཀུན་དང་མི་མཚུངས་པའི་ཁྱད་པར་མངོན་རྒྱུ་མ་ཟད། སྤྱི་ཚོགས་ཀྱི་རིག་གནས་འཕེལ་རྒྱས་ཐད་ལའང་དོན་སྙིང་གལ་ཆེན་ལྡན་ཡོད།

གློག་བརྙན་འདིའི་ཐུན་མོང་མ་ཡིན་པའི་བརྗོད་དོན་ཀུན་གྱི་སྤྱན་ལམ་དུ་ལེགས་པར་མངོན་ཐུབ་པ་བྱེད་པར་ལག་རྩལ་དང་ནང་དོན་སོགས་ཕྱོགས་གང་ཅིའི་ཐད་འཁྲབ་འཁྲིད་པ་དང་ཁྲབ་སྟོན་པ། དེ་ཡང་ཕབ་སྐྲུན་ཚོགས་པའི་ལས་མི་ཡོངས་ལ་དཀའ་ངལ་དང་གནོན་ཤུགས་ཆེན་པོ་འཕྲད་སྲིད་ནའང་ཁོང་ཚོས་དཀའ་ངལ་ཁྱད་བསད་ཀྱིས་མ་འོངས་པར་གློག་བརྙན་སྤུས་ལེགས་ཤིག་ཀུན་གྱིས་སྤྱན་ལམ་དུ་བཤམས་ཐུབ་རྒྱུར་ཡིད་ཆེས་དང་རེ་སྒུག་ཁྲོད་གནས་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

གསར་འགོད་པ། མཁའ་སྤྱོད་དབང་མོ།