ཕ་ཡར་འཕེལ་གྱི་མི་ལོ་བཞི་བཅུའི་ཀྱག་ཀྱོག་གི་རི་ལམ།
སྤེལ་བའི་དུས་ཚོད། : 2018-09-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

བཞི་གྲུ་བཞིའི་ཐབ་ཚང་ནག་ཁུང་དེའི་ནང་།ཁོས་འཛུམ་དམུལ་དམུལ་ངང་གཏམ་བཤད་སྤེལ་བྱུང་།མ་གཞི་འདིར་བཞུགས་མི་སྣའི་ཁྲོད་ཁོའི་གོང་རིམ་དབུ་ཁྲིད་ཡོད་ལ་ཆ་མེད་རྒྱུས་མེད་ཀྱི་མི་ཡང་གང་མང་མང་ཡོད་མོད།ཁོ་ལ་ནི་ཞེད་སྣང་དང་ཚེར་སྣང་སྤུ་ཙམ་ཡང་མེད་པར་སྐབས་སྐབས་ལ་རིག་པ་རྩེ་གཅིག་ཏུ་སྒྲིམ་བཞིན་མིག་གཉིས་རབ་རིབ་བཙུམ་ནས་གཏམ་བདུད་རྩིའི་ཐིགས་པ་ཐག་ཐག་ཏུ་ཕབ་ཅིང་།མཚམས་མཚམས་ལ་བསམ་པ་ཏིང་འཛིན་ལ་སོང་བ་ལྟར་མགོ་བོ་གཡོན་འཕྲེད་ལ་ཀྱོག་ནས་ཁ་མ་མཆུའི་མཆིལ་མ་ལྷེབ་ལྷེབ་ལ་གཏོར་ཡོང་།

ངས་ཁམས་སྐད་ཡག་པོ་ཞིག་མི་ཤེས་པས་ཁོས་ཅི་ཞིག་ཤོད་ཀྱིན་པ་གསལ་ཁ་མ་ཆོད།ཡིན་ཡང་འདིར་བཞུགས་ཚོགས་ཀྱི་གྲུང་རིལ་རིལ་གྱི་མིག་དང་ཁྲ་ཆིལ་ཆིལ་གྱི་སོ།རྒྱུན་ཆད་མེད་པའི་དགོད་སྒྲ་ལ་ཉན་ན་ཁོ་ནི་གཏམ་བཤད་མཁན་པོ་ཞིག་ཡིན་པ་ཨ་ཅང་བརྗོད་མེད་རེད།ཅིས་ཀྱང་ཕོ་རྩལ་སྣ་དགུ་ལས་ངག་གི་རྩལ་གསུམ་འཛོམས་པའི་ཕ་རྒན་བག་གྲོ་བ་ཞིག་ཡིན་འདུག

ཉིན་དེའི་ཞོགས་པ།ང་རང་ཆ་རྒྱུས་ཅི་ཡང་མེད་པའི་རི་རྩེའི་གྲོང་ཚོ་སྐྱིད་པོ་དེར་འབྱོར།ངས་དང་ཐོག་མར་ངོ་ཤེས་པ་ཁོ་ཡིན་ཏེ།ལྷད་མེད་པའི་འཛུམ་མདངས་དེ་དང་ལོ་ཟླས་གཉོར་བའི་སྐྱ་བག་བག་གི་ལག་ཟུང་དྲོན་མོ།ཁོ་ནི་གྲོང་ཚོ་འདི་པའི་ཏང་ཀྲི་པུའུ་ཧྲུའུ་ཅི་སྟེ།ཁྲོ་མཐིལ་སྒང་གྲོང་ཚོའི་དྲག་ཆར་རླུང་ཚུབ་ཁྲོད་ནམ་ཡང་འགྱིང་ངེར་གནས་པའི་སྡོང་རྒན་ཞིག་ལྟར་ལོ་ཟླའི་གཉེར་རིས་རིམ་པར་བརྩིགས་ཀྱང་ཉམ་ང་བའི་བཟོ་ཙམ་མེད་པར་ད་དུང་ལོ་རྒྱུས་ཀྱི་སྣུམ་ཞག་ཚིལ་ཚིལ་དུ་མཆིས།དགུང་གྲངས་རེ་གསུམ་ལ་ཐོན་པའི་རྒས་པོ་དེ་ཉིད་གྲོང་ཚོ་འདིའི་མི་མགོན་མེད་ཀྱི་མགོན་དང་།ནོར་བདག་མེད་ཀྱི་བདག་རེད་ཅེས་ཟེར་ན་འུད་ཤོབ་ཏུ་འགྲོ་མོད།ཁོས་དུད་ཚང་བརྒྱ་ལྷག་ལ་ཉེ་བའི་ཐེམ་པ་འགམས་པ་ཐེངས་གཅིག་གཉིས་མིན་ལ་རི་སུལ་ཞིང་སྣེ་ཀུན་པོར་རྐང་འགྲོས་ཀྱིས་མྱུལ་བའང་ཐེངས་རེ་གཉིས་མིན།སུ་ཚང་གི་བུ་མོ་མནའ་མར་འགྲོ་ན་སྐྱིད་སྡུག་ཁོ་ལ་འདྲི་ལ་སུ་ཚང་གི་བཟའ་ཚོ་གྱོད་ལ་ཐུག་ན་གྱོད་ཐག་ཁོ་ཡིས་གཅོད།

ཡར་འཕེལ།ཆེས་མཐོང་མང་བའི་མིང་ཚིག་འབྲུ་གཉིས་ཀྱི་མདུན་ངོས་སུ་༼ཕ་༽ཞེས་བཀུར་བསྟིའི་ཚིག་འབྲུ་གཅིག་བསྣན་པ་གྲོང་ཚོ་འདི་དང་ཉེ་འབྲེལ་གྲོང་ཚོ་རྣམས་ཀྱི་རྒན་དར་གཞོན་གསུམ་ཚོས་ཁོང་ལ་ཕུལ་བའི་གཏང་རག་གི་མཆོད་པ་རེད་ལ་མི་ལོ་བཞི་བཅུའི་རིང་གྲོང་ཚོའི་མདུན་ལམ་ལ་དམིགས་ནས་ས་རྒྱུགས་རྡོ་རྒྱུགས་བྱས་པར་མོས་གུས་དང་ལེན་ཐོབ་པའི་དན་རྟགས་རེད།

རང་གི་བློ་ངོར་ཕ་ཞེས་པ་ནི་རི་རྒྱལ་ལྷུན་པོ་ལྟར་རྔམ་ཞིང་བརྗིད་ལ་མཐའ་ཡས་རྩྭ་ཐང་བཞིན་དཀྱེལ་ཡངས་ཆེ་དགོས།གནམ་སའི་མཚམས་འདིར་ཟླ་ཤས་སྡོད་རིང་།སྨག་རུམ་མུན་པའི་ཀློང་ནས་ཕ་ཡར་འཕེལ་ཟླ་འོད་དང་འགྲོགས་ནས་ནགས་གསེབ་དང་དུད་ཁྱིམ་བར་དུ་བདེ་འཇགས་སྐོར་སྐྱོད་ལ་ཕྱིན་པའི་རྒྱབ་གཟུགས་འཆར་ཡོང་།ལེ་དབར་ཉི་ཤུའི་ཀྱག་ཀྱོག་རི་ལམ་སྟེང་ནས་ཕ་ཡར་འཕེལ་སྦག་སྦག་ལ་བཞོན་ཏེ་ཐལ་རྡུལ་དང་ཉེན་ཁའི་ཁྲོད་ནས་མང་ཚོགས་ཀྱི་བདེ་སྡུག་གླེང་སའི་ཚོགས་འདུར་འགྲོ་བའི་དུང་བརྡ་གྲགས་ཡོང་།ད་དུང་།རྐང་ཆུང་ཕྲ་མོས་བརྫིས་པའི་མི་ལོ་བཞི་བཅུའི་སྒལ་ཚིགས་རེ་རེའི་ཐོགཉི་ཟླའི་འགྲོས་ཀྱིས་འཐེན་པའི་ལོ་ཟླའི་ཀྱོག་མཚམས་རེ་རེའི་ནང་།ཕ་ཡར་འཕེལ་གྱི་ངོ་གདོང་སྐྱ་བོ་དགུང་ནམ་མཁའི་མེ་ལོང་ནས་རབ་རིབ་གསལ་ཡོང་ལ་གཞན་ཕན་ལྷག་བསམ་དཀར་པོའི་ཁ་བརྡ་དང་བསླབ་བྱ་རི་མཐུག་པོའི་བྲག་ཅར་འདྲེས་ནས་སིང་སིང་འཁོར་ཡོང་།

རྣམ་ཀུན་གྱི་ཁ་བརྡ་གླེང་མོལ་ཁྲོད།ཁོས་རྟག་ཏུ་གྲོང་ཚོ་འདི་པའི་འདས་སོང་ལ་ཕྱིར་བལྟས་བྱེད་ཞོར་མ་འོངས་མདུན་ལམ་ཡངས་མོར་རྒྱང་བལྟ་དང་རེ་སྒུག་ཡང་ཡང་བྱེད།དུས་རྒྱུན་གྱི་ཚོགས་འདུའི་ཐོགཁོས་མང་ཚོགས་རྣམས་ལ་དབུལ་སྒྲོལ་གྱི་ཚ་རླབས་ཇི་ལྟར་འཕྱུར་ཞིང་འབྱོར་འབྲིང་གི་བསིལ་རླུང་ཇི་ལྟར་ལྡང་ཚུལ་ཤོད་ལ་གུ་དོག་པའི་བསམ་བློར་བཅིངས་འགྲོལ་གང་འདྲ་གཏོང་དགོས་རྒྱུ་དང་ཤེས་རིག་གིས་དབེན་པའི་རྨོངས་མུན་གང་ལྟར་སེལ་དགོས་རྒྱུ་ཤོད།

ལོ་འདི་དག་རིང་།ཁོས་ལས་དོན་རུ་ཁག་ལ་གྲོང་ཚོར་ཕན་པའི་རྣམ་གྲངས་རེ་ཨེ་ལོན་གྱི་འབྲེལ་ཡོད་སྙན་ཞུ་ཐེངས་མང་བྲི་རོགས་བཅོལ་མྱོང་།ལོ་འདི་དག་རིང་།ཁོས་གོང་རིམ་དབུ་ཁྲིད་ཀྱི་ཕྱག་ནས་བཟུང་སྟེ་གྲོང་ཚོའི་བདེ་སྡུག་གི་ལས་དོན་སྙན་ཞུ་ཕུལ་བ་ཉུང་ཉུང་གཏན་ནས་མིན།མི་ལོ་བཞི་བཅུ་ལྷག་རིང་།ཁོས་ཕ་རྒན་གཅིག་གི་ལས་བྱས་ཤིང་མ་རྒན་གཅིག་གི་བློས་བླངས་ཏེ་གྲོང་ཚོ་འདིའི་ཆེ་ཆུང་ངེས་མེད་ཀྱི་རྙོག་དྲ་ཡོད་ཚད་རང་གི་ཕྲག་ཐོག་ཏུ་ཁུར་སོང་།

དེས་ན།ཅིའི་ཕྱིར་ཁོའི་བསམ་རྒྱུ་དང་དྲན་རྒྱུ་ཡོད་ཚད་ཁྲོ་མཐིལ་སྒང་གྲོང་ཚོའི་རི་ལམ་ཀྱག་ཀྱོག་དེ་ཡིན་ཞིང་ཐ་ན་ལུས་ཟུངས་སུ་བཞུར་བའི་ཁྲག་དང་རྣམ་ཤེས་ཀྱང་ཁྲོ་མཐིལ་སྒང་གྲོང་ཚོའི་འཐུང་ཆུ་བྱིན་རླབས་འདྲ་བོ་དེར་འཁྲེང་དགོས་པ་ཡིན།ཅིའི་ཕྱིར་ཁོའི་ལབ་རྒྱུ་དང་གླེང་རྒྱུ་ཡོད་ཚད་གྲོང་མི་སྙིང་ཉེ་བོ་ཚོའི་འཚོ་བའི་དགའ་སྡུག་ཡིན་ཞིང་ཐ་ན་ལྟང་ང་ཙམ་གྱི་མི་ཚེ་གང་བོ་ཡང་ཁྲོ་མཐིལ་སྒང་དེའི་འགྱུར་ལྡོག་གི་རྣམ་ཐར་དང་སྦྱར་དགོས་པ་ཡིན།

གཅིག་བྱས་ན་དེ་ནི་ས་སྐྱེས་རྡོ་སྐྱེས་ཀྱི་བུ་ཕྲུག་ཅིག་གིས་རང་གི་ཕ་ཡུལ་ལ་བཅངས་པའི་ལྷད་མེད་ཀྱི་བརྩེ་བ་ཡིན་སྲིད།གཅིག་བྱས་ན་དེ་ནི་ཤ་དར་ཁྲག་དར་གྱི་གཞོན་ནུ་ཞིག་གིས་སྨན་ཆུང་འདྲ་བོའི་ཕ་ཡུལ་ལ་ཤོར་བའི་འཁྲེང་སེམས་ཡིན་སྲིད།དེ་བས།དེ་ནི་ཆུ་ལྷའི་འཕང་དུ་བཞུད་ལ་ཉེ་བའི་རྒས་པོ་ཞིག་གིས་ཕ་ཡུལ་གྱི་ལ་ཁའི་ཉེ་ཟེར་ལ་ཆགས་པའི་དུངས་བ་ཡིན་སྲིད།

གང་ལྟར་ཡང་།གཅིག་དགུ་དོན་གཅིག་ལོ་ནས་ཁྲོ་མཐིལ་སྒང་གི་འབྲོག་སའི་རུ་དཔོན་བྱས་པ་ནས་བཟུང་།ཁོས་བདག་བས་གཞན་གཅེས་ཀྱི་ཀུན་སློང་གཙང་མ་དེ་ལེན་འགོ་བརྩམ་སོང་།གང་ལྟར་ཡང་།གཅིག་དགུ་དོན་ལྔ་ལོར་གུང་ཁྲན་ཏང་ནང་བཞུགས་པ་ནས་བཟུང་།ཁོས་དམངས་ལ་ཞབས་འདེགས་བསྒྲུབ་པའི་མི་ཚེའི་ཕྲེང་བ་དེ་བགྲང་འགོ་བརྩམ་སོང་།གང་ལྟར་ཡང་།གཅིག་དགུ་དོན་བརྒྱད་ལོར་ཁྲོ་མཐིལ་སྒང་གི་འགོ་ཁྲིད་བྱས་པ་ནས་བཟུང་།ཁོས་གྱོང་དང་ཕམ་ཁ་རང་གིས་ཉོ་ཞིང་ཁེ་དང་ཕན་པ་གཞན་ལ་སྟེར་བའི་རྣམ་ཐར་འདི་འབྲི་འགོ་བརྩམ་སོང་།

ཀྱེ་ཀྱེ།མི་ལོ་བཞི་བཅུ།ལོ་དེ་ཉི་མར་བགྲང་ན་རིང་མོ་རིང་མོ་ཞིག་རེད་དེ།ཁང་པའི་གྱང་ལྡེབས་སུ་བཀལ་བའི་རྒྱལ་ཁབ་ཀྱི་དབུ་ཁྲིད་རིམ་པ་ལྔའི་རླབས་ཆེན་དུས་རབས་ཁོས་རེ་རེ་བཞིན་བརྒྱུད་མྱོང་།མི་ལོ་བཞི་བཅུ།ལོ་དེ་མཚན་མོར་འཇལ་ན་དཀའ་མོ་དཀའ་མོ་ཞིག་རེད་དེ།མག་མོག་གི་སྣུམ་ཞུའི་འགྲམ་ནས་སྐྱོ་སྡུག་འདྲེས་མའི་རྨི་ལམ་སྐྱུར་པོ་དེ་དག་ཁོའི་མནལ་ལམ་དུ་ཤུགས་ཀྱིས་ཚུད་མྱོང་།མི་ལོ་བཞི་བཅུ།ལོ་དེ་མི་ཚེར་བསམ་ན་སྐད་ཅིག་སྐད་ཙམ་རེད་དེ།ཁ་སྔོན་ནག་ཐིང་ཐིང་གི་སྐྲ་ལོ་དེ་རིང་སྐྱ་ཆིལ་ཆིལ་དུ་གྱུར་ཅིང་ཁ་སྔོན་ཚོད་ཚོད་དུ་བབ་པའི་མཆི་མ་དེ་རིང་དབང་མེད་དུ་བབ་པའི་མཆིལ་མར་གྱུར་འདུགམི་ལོ་བཞི་བཅུ།ལོ་ཡི་འགྱུར་བ་ལ་བསྟུན་ན་ཆེན་པོ་ཆེན་པོ་ཞིག་རེད་དེ།འདས་ཟིན་པའི་དཀའ་སྡུག་གི་འཚོ་བ་ད་ཆ་ཕ་མ་རྒན་རྒོན་ཚོས་ཚ་བོ་ཚ་མོར་ཤོད་རྒྱུའི་སློབ་གསོའི་གཏམ་རྒྱུད་དུ་གྱུར་ཟིན།

ད་སྐབས།ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་མཐའ་སྐྱོང་བྱ་དགོས་པའི་བླང་བྱ་ཡང་ཡང་འདོན།ད་སྐབས།ལངས་ཕྱོགས་གཏན་པོར་བཟུང་ནས་དམངས་ལ་ཞབས་འདེགས་བསྒྲུབ་དགོས་པའི་གཏམ་བཤད་ཡང་ཡང་སྤེལ།ད་སྐབས།རུལ་སུངས་ལ་ངོ་རྒོལ་བྱེད་ལ་མངོན་ཐོན་ལ་གཟེངས་བསྟོད་སྟེར།

སྨར་ཁམས་གྲུ་པ་ལུང་ཁྲོ་མཐིལ་སྒང་གྲོང་ཚོའི་མཛེས་ལྗོངས།

མི་དམངས་ཀུང་ཧྲེ་དུས་སྐབས་ནས་རིག་གནས་གསར་བརྗེའི་ལོ་ཟླའི་ནང་།ཁོས་དཔུང་པ་ས་ལ་བཙུགས་ནས་དཀའ་ལས་བརྒྱབ།ཕ་ཡར་འཕེལ་འབྲོག་སའི་རུ་དཔོན་ནས་བཟོ་གྲྭའི་དཔོན་པོར་གནས་འཕར་བྱུང་།བསྒྱུར་བཅོས་སྒོ་དབྱེའི་དུས་སྐབས་ནས་དུས་རབས་གསར་པའི་ལོ་ཟླའི་ནང་།ཁོས་རང་གི་ཁེ་ཕན་སྣང་མེད་དུ་བཏང་ནས་ལྷག་བསམ་བསྐྱང་།ཕ་ཡར་འཕེལ་ཁྲོ་མཐིལ་སྒང་གི་ཤང་ཀྲང་སྐུ་གཞོན་ནས་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅིར་ལས་སྒྱུར་བྱུང་།སྐྱ་ཟས་སྔོ་ཐུག་གི་དུས་སྐབས་ནས་འབྱོར་འབྲིང་འཚོ་བར་རྩོད་པའི་ལོ་ཟླའི་ནང་།ཁོས་ཟས་བརྗེད་གཉིད་ཆག་གིས་ཐོག་མའི་བསམ་འདུན་བསྐྱང་།ཕ་ཡར་འཕེལ་སྟག་ཤ་ར་འཛུམ་དྲུག་ཉིལ་ལེ་བ་ཞིག་ནས་ལོ་རྒན་གཉེར་བརྩེགས་ཅན་ཞིག་ཏུ་ལོག་སོང་།

གཟའ་ཆོས་འཕེལ་ནས་༢༠༡༨ལོའི་ཟླ་བ་༧པའི་ཚེས་༥ཉིན་སྦྱར་བ་དགེའོ།

གཟའ་ཆོས་འཕེལ།དངོས་མིང་ལ་བསོད་ནམས་ཆོས་འཕེལ་ཟེར་བ་དང་།ད་ལྟར་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་གྲུ་པ་ལུང་ཤང་ཁྲོ་མཐིལ་སྒང་གྲོང་ཚོར་བཅར་སྡོད་ལས་བྱེད་པ་ཞིག་ཡིན།

རྩོམ་སྒྲིག་པ།བཀྲ་ཤིས་རྡོ་རྗེ།