སློབ་ཆེན་འགྲིམ་པའི་དོན་གྱི་སྙིང་བོ་དེ་ཅི་ཡིན་ནམ།
སྤེལ་བའི་དུས་ཚོད། : 2018-09-09 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྔར་མི་མང་པོ་ཞིག་གི་སེམས་ཤུགས་ཆགས་པའི་དོན་དག་ཅིག་བྱུང་མྱོང་།བཤད་སྒྲོས་ལྟར་ན་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ག་གེ་མོ་ནས་སློབ་ཆེན་པ་ཞིག་མཐར་ཕྱིན་རྗེས་གཞུང་གི་བྱ་བར་གཉེར། ཁོའི་ཨ་ཕས་ཀྱང་གྲོང་ཁྱེར་དེ་རུ་ཤིང་བཟོའི་ལས་གཉེར་བཞིན་ཡོད།ཉིན་ཞིག་ལ་ཨ་ཕས་ཁོའི་བུ་ཆུང་གིས་ཟླ་རེར་ཟླ་ཕོག་སྒོར་སྟོང་གསུམ་ལས་ལོན་མེད་ནའང་།ཁོ་རང་ཉིད་ཀྱིས་ཤིང་བཟོ་བྱས་པར་ཟླ་རེར་སྒོར་སྟོང་བརྒྱད་ཀྱི་ཡོང་སྒོ་ཡོད་པ་རྟོགས། དེ་ནས་ཕ་རྒན་གྱིས་རང་གི་བུ་ཆུང་སློབ་ཆེན་འགྲིམ་པར་དོན་སྙིང་ལྡན་མིན་ལ་དོགས་པ་སྐྱེས་འགོ་ཚུགས།

འོ་ན།སློབ་ཆེན་འགྲིམ་པས་དོན་ངོ་མར་ཅི་ཞིག་སྟེར་ཐུབ་བམ།འདི་ནི་ཁྱིམ་བདག་ཁྲི་མ་འབུམ་གྱིས་སེམས་ཁུར་བྱེད་བཞིན་པའི་གནད་དོན་ཞིག་ཡིན་པར་མ་ཟད།མཐོ་རྒྱུགས་ཀྱི་དཀའ་ངལ་སེལ་ནས་སློབ་ཆེན་གྱི་སྒོ་ཆེན་དུ་འཛུལ་དགོས་པའི་སློབ་བུ་དག་གི་སེམས་ཁུར་བྱེད་ས་ཡང་རེད།མདོར་བསྡུས་ནས་བཤད་ན།སློབ་ཆེན་གྱིས་ང་ཚོར་ཅི་ཞིག་སྟེར་ཐུབ་ཟེར་ན་ང་ཚོའི་མིག་རྒྱ་བསྐྱེད་ཐུབ་པ་དེ་ཡིན།མིག་རྒྱ་བསྐྱེད་ཅེས་པ་ནི་སྤྱིར་བཏང་བཤད་བཞིན་པའི་མཐོང་རྒྱ་ཟེར་བ་དེའོ།།

ཐད་ཀར་དུ་བཤད་ན།རྒྱ་སྐད་མི་ཤེས་པའི་གྲངས་ཉུང་མི་རིགས་ཤིག་ལ་ཁོ་ཚོ་རང་ཉིད་ཀྱི་སྐད་དང་ཡི་གེའི་བཀག་རྒྱ་ཐེབས་ངེས་པ་དང་།རྒྱལ་ཁབ་གཞན་གྱི་སྐད་རིགས་མི་ཤེས་པའི་མི་ཞིག་ལ་མཚོན་ན།ཁོ་ལའང་རྒྱལ་ཁབ་གང་དེའི་སྐད་ཡིག་གི་བཀག་རྒྱ་ཐེབས་ངེས་ཡིན།འོ་ན་སློབ་ཆེན་གྱིས་ང་ཚོའི་མིག་རྒྱ་གང་དག་བསྐྱེད་ཐུབ་བམ།

༡ ཤེས་པའི་ཕྱོགས་ཀྱི་མཐོང་རྒྱ།

ཐོག་མར་ཤེས་པའི་ཕྱོགས་ཀྱི་མཐོང་རྒྱ་ཡིན་ལ།སློབ་ཆེན་གྱི་སྒོ་ཆེན་དུ་འཛུལ་ན་ད་གཟོད་སློབ་ཆེན་གྱི་ཕྱི་ན་དེ་ལས་ཀྱང་ཡངས་པའི་འཇིག་རྟེན་ཞིག་ཡོད་པ་ཤེས།

སློབ་ཆེན་འགྲིམ་མ་མྱོང་བའི་བྱིས་པ་ཞིག་ལ་མཚོན་ན།ཁོ་ལ་རང་ཉིད་འཚོ་སྡོད་བྱེད་སའི་ཁྱིམ་ཚང་གི་ཁོར་ཡུག་དང་།སྤྱི་ཚོགས་ཁོར་ཡུག་གིས་བཞག་པའི་བག་ཆགས་དེ་ཡི་བཀག་རྒྱ་ཆེན་པོ་ཐེབས་ཡོད།ཡང་གཅིག་བཤད་ན།སློབ་ཆེན་མ་འགྲིམ་པས་ཁོས་འཇིག་རྟེན་གསར་བ་ཞིག་མཐོང་བའི་ལམ་ཡང་བཅད་ཡོད།གལ་ཏེ་ཁོས་ལམ་གཞན་ཞིག་ནས་རང་ཉིད་ལ་འཇིག་རྟེན་གསར་བ་མཐོང་བའི་གོ་སྐབས་འཚོལ་ཐུབ་ནའང་། ཁོས་སློབ་ཆེན་འགྲིམ་མྱོང་བའི་མི་དག་ལས་ལྷག་པའི་དཀའ་སྡུག་མྱངས་དགོས་རྒྱུ་མངོན་སུམ་རེད།

གལ་ཏེ་མཐོ་འབྲིང་འགྲིམ་ན་ང་ཚོར་ཐོབ་པའི་ཤེས་རྒྱ་ཨང་ཀི་གཅིག་གིས་ཚབ་བྱེད་ཐུབ་ན།སློབ་ཆེན་གྱིས་ང་ཚོར་བསྩལ་པའི་ཤེས་རྒྱ་ནི་ཨང་ཀི་བརྒྱ་ཡིས་ཚབ་བྱེད་ཐུབ།དེ་ལས་ཀྱང་གལ་ཆེ་བ་ནི་སློབ་ཆེན་གྱིས་ང་ཚོ་ལ་བསམ་བློ་གཏོང་བའི་ནུས་པ་སྦྱིན་ཞིང་།ཨང་ཀི་བརྒྱ་ཡི་ཁྱབ་ཡུལ་ལས་ཀྱང་ཆེ་བའི་ཁྱབ་ཡུལ་ཡོད།དེར་ཀུན་རྟོག་གི་བློ་དང་ལྡན་དགོས་ཤིང་།དེ་ཡང་འཇོན་ཐང་གཞན་ཞིག་གོ

༢ བསམ་བློའི་ཕྱོགས་ཀྱི་མཐོང་རྒྱ།

གཉིས་པ་ནི་བསམ་བློའི་ཕྱོགས་ཀྱི་མཐོང་རྒྱ་རེད།སློབ་ཆེན་འགྲིམ་དུས།ང་ཚོས་ད་གཟོད་དྲི་བའི་ནང་ན་དྲི་བ་ཡོད་པ་དང་།དྲི་བ་ཐམས་ཅད་ལ་ཡང་ཚད་ལྡན་གྱི་དྲིས་ལན་ཞིག་མེད་ལ།མཐོ་འབྲིང་སྐབས་ཀྱི"ངས་དྲིས་ན་ཁྱོས་ལན་འདེབས་པ"དང་།"ངས་བཤད་ནས་ཁྱོས་སྒྲུབ་པའི"་སློབ་གསོའི་ལམ་ལུགས་དང་མི་འདྲ་བར།སློབ་ཆེན་དུ་ཁྱོད་འདི་སྒྲུབ་གན་སྒྲུབ་ཟེར་མཁན་མེད་པར་ཁྱོད་རང་ཉིད་ཀྱིས་ཅི་ཞིག་སྒྲུབ་དགོས་རྒྱུར་བསམ་བློ་གཏོང་དགོས།

བསམ་བློ་གཏོང་ཤེས་པས་ཁྱོད་ཀྱིས་འགན་འཁྲི་ཞེས་པ་ཞིག་ཐོག་མར་ཤེས་སྲིད།མི་གཞན་གྱིས་ཁྱོད་ལ་འགན་འཁུར་མི་དགོ་ལ་ཁྱོད་ཀྱིས་ཀྱང་གཞན་ཞིག་འགན་དུ་ལེན་མི་དགོས།འོན་ཀྱང་ཁྱོད་ཀྱིས་ངེས་པར་དུ་རང་ཉིད་འགན་དུ་ལེན་དགོས།

འདི་དག་ལས་ང་ཚོས་སློབ་ཆེན་གྱིས་ང་ཚོར་སྦྱིན་པ་བསམ་བློ་ཟེར་བའི་ཡིག་འབྲུ་རྐྱང་རྐྱང་དེ་མ་ཡིན་པར།ང་ཚོ་ལ་ཅིའི་ཕྱིར་བསམ་བློ་གཏོང་དགོས་པའི་གནས་ལུགས་བསྟན་ཡོད་པ་མཚོན།བསམ་བློ་གཏོང་བའི་ནུས་པ་ཡོད་པས།ང་ཚོ་ད་གཟོད་གཞན་གྱི་བསམ་འཆར་རྐྱང་རྐྱང་ལ་མི་འཐམ་པར།རང་ཉིད་ཀྱིས་ཀྱང་རང་ཉིད་ཀྱི་མི་ཚེ་ལ་བསམ་བློ་དང་འཆར་གཞི་འགོད་ཐུབ།

༣ སྤྱི་ཚོགས་ཕྱོགས་ཀྱི་མཐོང་རྒྱ།

གསུམ་པ་ནི་སྤྱི་ཚོགས་ཕྱོགས་གྱི་མཐོང་རྒྱ་ཡིན།སློབ་ཆེན་འགྲིམ་པའི་ང་ཚོས་ད་གཟོད་མི་རེ་རེར་གཞན་དང་མི་མཐུན་པའི་འཚོ་བའི་རྒྱབ་ལྗོངས་ཡོད་པ་དང་།ཁྱོད་ཀྱིས་གསལ་བོར་ཤེས་པ་དག་གཞན་གྱིས་གོ་ཐོས་མྱངས་མེད་ལ།གཞན་གྱིས་འཚོ་བའི་ཁྲོད་ཀྱི་མང་པོ་ཞིག་ཀྱང་ཁྱོས་ཀྱིས་མི་ཤེས་པ་རྟོགས་ཐུབ།

སློབ་ཆེན་གྱི་སློབ་གྲོགས་ནི་སློབ་ཆེན་གྱིས་ང་ཚོར་གནང་བའི་ཆེས་ཡིད་དུ་འོང་བའི་ལེགས་སྐྱེས་དེ་ཡིན་ལ།ལེགས་སྐྱེས་དེ་ནི་སློབ་གྲོགས་བར་གྱི་བརྩེ་བ་དྭངས་མ་ཁོ་ན་མ་ཡིན་པར།ཟུར་གཞན་ཞིག་ནས་བཤད་ན།དེ་ནི་ང་ཚོས་སློབ་གྲོགས་རེ་རེ་བརྒྱུད་ནས་དེའི་རྒྱབ་ཀྱི་སྤྱི་ཚོགས་དང་འཚོ་བ་ངོས་ཟིན་དུ་འཇུག་ཐུབ་པ་དེ་ཡིན།འདི་ནི་ང་ཚོར་སྤྱི་ཚོགས་དངོས་མ་ཞིག་ལ་རྒྱུས་ལོན་བྱེད་ཐུབ་པའི་གོ་སྐབས་ཞིག་བསྩལ་བ་ཡིན།

ད་དུང་།སློབ་ཆེན་གྱིས་ང་ཚོར་སློབ་རའི་ནང་དུ་སློབ་སྦྱོང་བྱེད་པའི་བར་གསེང་ནས་སྤྱི་ཚོགས་སྟེང་ལ་རྒྱུས་ལོན་བྱེད་དུ་འགྲོ་བའི་གོ་སྐབས་ཡང་སྟེར་ཐུབ།དེ་ནི་ཆེད་ལས་ལག་ལེན་དང་སྤྱི་ཚོགས་དངོས་སྦྱོང་སོགས་ཡིན།

དེ་ལས་ལྡོག་མཐོ་རྒྱུགས་ཀྱི་གཡུལ་ས་ལས་ཕམ་ཁ་བྱུང་བའི་སློབ་བུ་འགའ་ཤས་ནི།ཐོག་མར་སྤྱི་ཚོགས་སྟེང་ཞུགས་དུས་དེ་ལ་ཡིད་ཆེས་དང་སྤོབས་པས་ཁེངས་ཡོད།འོན་ཀྱང་ཐ་མར་སྤྱི་ཚོགས་ཀྱི་བཙོག་དྲིའི་ཁྲོད་ནས་ཨ་ཐང་ཆད་དེ་ཡོད་ཚད་ལ་ཞེན་པ་ལོག་འགྲོ། འདི་ནི་ལོ་ན་ཉི་ཤུ་ཡས་མས་ཀྱི་ན་གཞོན་ཞིག་ལ་མཚོན་ན་ཧ་ཅང་གདུག་རྩུབ་ཆེ་བ་ཞིག་རེད་ཨང་།

སློབ་ཆེན་ནི་ཅི་ཞིག་ཡིན་པ་དང་།སློབ་ཆེན་གྱིས་ང་ཚོ་ལ་ཅི་ཞིག་སྟེར་ཐུབ་བམ་ཞེས་པའི་དྲི་བ་འདི་ལ་སློབ་ཆེན་འགྲིམ་མ་མྱོང་བའི་མི་ཞིག་ཡིན་ན་དེར་ཡང་དག་པའི་ལན་ཞིག་འཐོབ་འདོད་སྐྱེ་སྲིད་མོད། འོན་ཀྱང་སློབ་ཆེན་འགྲིམ་མྱོང་བའི་མི་ཞིག་ལ་མཚོན་ན།ཁོ་ལ་འཐོབ་འདོད་པ་ནི་དེའི་ཕྱོགས་ལ་བསམ་བློ་གཏོང་རྒྱུ་དང་ལྟ་ཚུལ་འདོན་རྒྱུ་དེའོ།།

འདི་ནི་སློབ་ཆེན་འགྲིམ་པ་དང་མ་འགྲིམ་པའི་ཁྱད་པར་ཡིན།

མདོར་བསྡུས་ན། སློབ་ཆེན་འགྲིམ་པ་ནི་ང་ཚོ་མཐོ་ས་ནས་འགྲེང་སྟེ་མ་འོངས་པར་རྒྱང་ལྟ་བྱེད་པའི་གོ་སྐབས་ཤིག་ཐོབ་པ་ཡིན་ལ།ང་ཚོས་གོ་སྐབས་འདི་དམ་པོར་འཛིན་དགོས། སློབ་གྲོགས་ཚོ། ད་ལྟ་འབད་པ་མ་བྱས་ན།རྗེས་ཕྱོགས་འགྱོད་པ་སྐྱེ་ངེས་ཡིན།

ཡོང་ཁུངས། སློབ་ཆེན་པའི་ཉེར་མཁོའི་དྲ་བ།