པད་ཚེའི་གློག་བརྙན༼ལག་དམར༽ ཝེ་ནཱ་སིའི་གློག་བརྙན་དུས་ཆེན་ནང་ཚུད་པ།
སྤེལ་བའི་དུས་ཚོད། : 2018-07-26 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

དབྱི་ཐ་ལིའི་ས་གནས་དུས་ཚོད་སྤྱི་ཟླ་༧ཚེས་༢༥ཉིན། པདྨ་ཚེ་བརྟན་གྱིས་འཁྲབ་ཁྲིད་བྱས་པའི་བོད་སྐད་གློག་བརྙན་དྲུག་པ་སྟེ༼ལག་དམར༽ཞེས་པ་ཝེ་ནཱ་སི་གློག་བརྙན་དུས་སྟོན་གྱི་གཞུང་ཕྱོགས་ནས་སྤེལ་བའི་རྟིང་རྩོད་འགྲན་སྡུར་གཉིས་ལས་༼གནམ་སའི་འབྲེལ་མཚམས༽ཞེས་པའི་རྟིང་རྩོད་ནང་ཚུད་འདུག འདི་ནི་ལོ་གསུམ་ནང་གློག་བརྙན་༼ཐར་ལོ༽ཞེས་པ་ཝེ་ནཱ་སིའི་གློག་བརྙན་དུས་ཆེན་ལ་ཚུད་པའི་རྗེས་ཀྱི་ཁོང་གི་བརྩམས་ཆོས་གཉིས་པ་དེ་རེད།

ཐེངས་འདིའི་གློག་བརྙན་གྱི་འཁྲབ་ཡུལ་དང་འཁྲབ་ཚིག་ནི་ཁམས་ཁུལ་དང་ཁམས་སྐད་ཁོ་ན་ཡིན་ཞིང་། འཁྲབ་སྟོན་པའི་འཁྲབ་རྩལ་ལ་བྱང་ཆ་ལྡན་ཞིང་སྒྱུ་རྩལ་གྱི་བློ་སྦྱོང་མངའ་བའི་འཁྲབ་སྟོན་པ་ཡིན་པ་དང་། དགེ་འདུན་ཕུན་ཚོགས་དང་། བསོད་ནམས་དབང་མོ་སོགས་ཡིན།

ཐེངས་འདིའི་གློག་བརྙན་གྱི་འཁྲབ་གཞུང་ནི་པདྨ་ཚེ་བརྟན་ཁོང་གི་སྒྲུང་གཏམ༼ལུག་གཅིག་ལྔ་ལམ་དུ་བརྫངས་པ།༽《撞死了一只羊》ཞེས་པ་དང་རྩོམ་པ་པོ་ཚེ་རིང་ནོར་བུ་ལགས་ཀྱི་སྒྲུང་གཏམ༼ལག་དམར༽ཞེས་པ་གཉིས་མཉམ་བསྲེས་བྱས་ནས་གྲུབ་པ་ཞིག་ཡིན་ལ། ནང་དོན་གནད་སྡུད་ཞུས་ན་འདི་ལྟར་ཏེ། དགྲ་ཤ་ལེན་པའི་དོན་རྐྱེན་ལ་གཞི་བཅོལ་ཏེ། སྡིག་བཤགས་དང་བློས་གཏོང་གི་བསམ་བློར་བརྟེན་ནས་ཤར་ཕྱོགས་ཀྱི་གསང་བ་དང་ལྐོག་གྱུར་གླེང་བའི་ཉམས་སྣང་དོད་ལ་ངོ་མཚར་བའི་གཏམ་རྒྱུད་ཅིག་རེད། ཤེས་གསལ་ལྟར་ན། ཐེངས་འདིའི་གསར་རྩོམ་ཁྲོད་དུ་གློག་བརྙན་ལས་རིགས་ཁོངས་གཏོགས་ཀྱི་མཁས་པ་མང་དག་ཅིག་ཞུགས་ཡོད་པ་མ་ཟད། གློག་བརྙན་འཁྲབ་གཞུང་ལའང་ཧྥོའུ་ཧྲན་གློག་བརྙན་དུས་སྟོན་གྱི་སྐབས་བཅུ་དགུ་པའི་ཐོག"APM"ཨེ་ཤ་ཡའི་གློག་བརྙན་ཁྲོམ་རའི་འཁྲབ་གཞུང་གི་བྱ་དགའ་ཐོབ་མྱོང་ཡོད་པ་རེད།

༼ལག་དམར༽ཞེས་པའི་གློག་བརྙན་འདི་ནི་ཙུའུ་ཏུང་གློག་བརྙན་དང་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གཉིས་ཀྱི་མཉམ་ལས་ཐོག་མ་དེ་རེད། བོད་སྐད་དུ་༼ལག་དམར༽ཞེས་པ་དང་། རྒྱ་སྐད་དུ《撞死了一只羊》ཞེས་པ། དབྱིན་སྐད་དུ༼Jinpa༽ཞེས་བཏགས་པའི་གློག་བརྙན་འདི་དེང་རབས་ཨེ་ཤ་ཡའི་གློག་བརྙན་མཁས་པའི་ཁོངས་སུ་གཏོགས་པའི་འཁྲབ་ཁྲིད་པ་གྲངས་ཅན་ཝང་ཅ་ཝེ་ཡི་ཙུའུ་ཏུང་གློག་བརྙན་ཀུང་སིས་གློག་བརྙན་འཁྲབ་ཁྲིད་པ་ཕུལ་བྱུང་དང་འཇོན་ཐང་ཅན་ལ་རོགས་སྐྱོར་བྱེད་པའི་བསམ་བློ་བཅངས་ཏེ། གློག་བརྙན་གསར་རྩོམ་ལ་རྒྱབ་སྐྱོར་དང་། རྒྱལ་སྤྱིའི་གློག་བརྙན་གྱི་མ་འོངས་རླབས་རྒྱུན་དང་འཕེལ་ཕྱོགས་གཙོ་གནད་དུ་འཛིན་པའི་༼གནམ་ས་འབྲེལ་མཚམས༽ཞེས་པའི་རྟིང་རྩོད་སྡེ་ཚན་གྱི་བསམ་དོན་དང་མ་གྲོས་གཅིག་མཐུན་དུ་གྲུབ་པ་ཞིག་རེད།

ཐེངས་འདིའི་གློག་བརྙན་གྱི་ལྟ་སྐུལ་བ་དང་འཁྲབ་ཁྲིད་པ་གྲགས་ཅན་ཝང་ཅ་ཝེ་ཡིས། ང་རང་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱི་བརྩམས་ཆོས་སྔོན་མ་དག་ལ་ཧ་ཅང་དགའ་པོ་ཡོད། ཁོང་གི་བརྩམས་ཆོས་ཀྱི་སྐུལ་སློང་བཟང་ལ་དགེ་མཚན་གྱིས་ཕྱུག་པ་མ་ཟད། རང་ཉིད་ཀྱང་རྩོམ་པ་པོ་དང་འཁྲབ་ཁྲིད་པ་ཕུལ་བྱུང་ཞིག་ལ་གྱུར་བས་ང་ཚོས་ཁོང་ལ་དོ་སྣང་དང་རྒྱབ་སྐྱོར་སྔར་ལས་ལྷག་པ་བྱེད་དགོས་ལ་རང་ཉིད་ཁོང་གི་བརྩམས་ཆོས་སུ་ཞུགས་ཐུབ་བྱུང་བ་ནི་ཧ་ཅང་གཟི་བརྗིད་ཅིག་ཏུ་རློམ་བཞིན་ཡོད། ད་དུང་༼ལག་དམར༽《撞死了一只羊》ཞེས་པའི་གློག་བརྙན་འདི་སྐབས་འདིའི་ཝེ་ནཱ་སི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དུ་ཚུད་པར་ཡང་དགའ་བ་འབུམ་གྱིས་མྱོས་ཡོད་ཅེས་གསུངས།

པདྨ་ཚེ་བརྟན་གྱིས་རང་ཉིད་ཀྱི་བརྩམས་ཆོས་ཝེ་ནཱ་སི་གློག་བརྙན་དུས་སྟོན་དུ་ཚུད་པ་ཤེས་རྗེས་ཧ་ཅང་དགའ་པོ་བྱུང་ཡོད། འདི་ནི་ངའི་གཟི་བརྗིད་རེད། ད་དུང་ཙུའུ་ཏུང་གློག་བརྙན་དང་མཉམ་ལས་བྱས་ཏེ་གློག་བརྙན་པར་ལེན་སྒྲིག་བཟོ་ལེགས་འགྲུབ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ཙུའུ་ཏུང་གློག་བརྙན་དང་མཉམ་ལས་བྱས་པ་དེས་གློག་བརྙན་འདི་སྔར་ལས་ཀྱང་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ཡོད་ཅེས་གསུངས།

པདྨ་ཚེ་བརྟན་གྱིས་ཕབ་སྐྲུན་བྱས་ཟིན་པའི་གློག་བརྙན་བརྩམས་ཆོས་༼ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ།༽དང་༼འཚོལ།༽༼ཁྱི་རྒན།༽༼ཐར་ལོ།༽སོགས་མཆིས་པ་མ་ཟད། ཁོང་གི་གློག་བརྙན་བརྩམས་ཆོས་ཀྱིས་འཛམ་གླིང་ཤར་ནུབ་ཀུན་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད།

ཡོང་ཁུངས། པདྨ་ཚེ་བརྟན་གྱི་གློག་བརྙན་སྤྱི་སྟེགས།

རྩོམ་སྒྲིག་པ། མཁའ་སྤྱོད་དབང་མོ།

རྩོམ་སྒྲིག་འགན་འཁུར་བ། མིག་དམར་རྒྱ་མཚོ།