ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་ཁྲིམས་ལུགས་བོད་ཡིག་རྟེན་གཞི་འཛིན་གྲྭས་མཐར་ཕྱིན་མཛད་སྒོ་སྤེལ་བ།
སྤེལ་བའི་དུས་ཚོད། : 2018-06-28 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

2018ལོའི་ཟླ་6ཚེས་27ཉིན་གྱི་སྔ་དྲོའི་ཆུ་ཚོད་བཅུའི་སྟེང་། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་ཁྲིམས་ལུགས་བོད་ཡིག་རྟེན་གཞི་འཛིན་གྲྭའི་མཐར་ཕྱིན་མཛད་སྒོ་སློབ་གྲྭའི་ཚོམས་ཆེན་དུ་བསྡུས་པ་དང་། སློབ་གླིང་དེ་གའི་འགོ་ཁྲིད་དང་དགེ་རྒན་རྣམས་མཛད་སྒོར་དངོས་སུ་ཕེབས་ཡོད་པ་རེད།

མཐར་ཕྱིན་མཛད་སྒོའི་ཡུལ་དངོས།

ཁྲིམས་ལུགས་བོད་ཡིག་རྟེན་གཞི་འཛིན་གྲྭའི་དགེ་རྒན་ཀྲང་ལགས་ཀྱིས་མཐར་ཕྱིན་མཛད་སྒོར་འགོ་འཛིན་གནང་སྟེ། ཁྲིམས་ལུགས་སློབ་གླིང་དང་སྒོས་སུ་ཁྲིམས་ལུགས་བོད་ཡིག་རྟེན་གཞི་འཛིན་གྲྭའི་གནས་ཚུལ་རགས་བསྡུས་ངོ་སྤྲོད་གནང་ཞིང་། ཁྲིམས་ལུགས་བོད་ཡིག་རྟེན་གཞི་འཛིན་གྲྭའི་སློབ་ཕྲུག་དག་གིས་དགེ་རྒན་དང་འགོ་ཁྲིད་རྣམས་ལ་བཀའ་དྲིན་མཚོན་བྱེད་དུ་དྲི་མེད་ཁ་བཏགས་ཕུལ་ཡོད་འདུག

ཁྲིམས་ལུགས་བོད་ཡིག་རྟེན་གཞི་འཛིན་གྲྭའི་་སློབ་མས་ཁ་བཏགས་ཕུལ་རྗེས་སུ་དགེ་རྒན་རྣམས་དང་ལྷན་དུ་མཉམ་པར་བསྐྱོན་པ།

རྒྱུས་ལོན་བྱུང་པ་ལྟར་ན། ཁྲིམས་ལུགས་བོད་ཡིག་རྟེན་གཞི་འཛིན་གྲྭ་ནི་2014ལོར་ཐོག་མར་གཉེར་འགོ་བརྩམས་པ་དང་། ཐེངས་འདིའི་མཐར་ཕྱིན་སློབ་མ་དག་ནི་ཆེད་ལས་དེའི་མཐར་ཕྱིན་སློབ་མ་སྐོར་ཐེངས་དང་པོ་རེད། དེ་ལས་སློབ་ཕྲུག་མང་ཤོས་ཤིག་ཕྱིར་ཕ་ཡུལ་ལ་ལོག་ནས་ལས་ཀ་སྒྲུབ་འཆར་ཡོད་པ་དང་། ཁ་ཤས་ཀྱིས་མུ་མཐུད་ནས་ཞིབ་འཇུག་སློབ་མར་སློབ་གཉེར་བྱེད་འཆར་ཡོད་པ་རེད་ཅེས་དགེ་རྒན་ཀྲང་ལགས་ཀྱིས་ངོ་སྤྲོད་གནང་བྱུང་།

སློབ་གྲོགས་འཆི་མེད་ལྷ་མོའི་ཕ་ཡུལ་ནི་ལི་ཐིང་ནས་ཡིན་ལ། ཁོ་མོས་ཆེད་ལས་འདིར་སློབ་གཉེར་བྱེད་པའི་ཀུན་སློང་ཐད་གསར་འགོད་པར། ཆེད་ལས་འདི་ཉིད་ནི་གྲངས་ཉུང་མི་རིགས་ས་ཁུལ་དུ་སྐད་གཉིས་ཁྲིམས་ལུགས་མི་སྣ་དཀོན་པར་ཆེད་དུ་དམིགས་ནས་བཙུགས་པ་ཤིག་ཡིན་པས་ལས་ཞུགས་ཀྱི་ལམ་ཁ་ཅུང་རྒྱ་ཆེ་ལ། རྗེས་སོར་ཕྱིར་ཕ་ཡུལ་དུ་ལོག་ནས་ཁྲིམས་ལུགས་ལ་རྨོངས་པའི་ཡུལ་མི་དག་གི་དངོས་བབ་གནད་དོན་ཐག་གཅོད་པར་དགེ་མཚན་མི་དམན་པ་ལྡན་པ་རེད་ཟེར།

སློབ་གྲོགས་བསོད་ནམས་རྡོ་རྗེའི་ཕ་ཡུལ་མཚོ་ལྷོ་ནས་ཡིན་པ་དང་སློབ་མཐར་ཕྱིན་རྗེས་ཕྱིར་ཕ་ཡུལ་དུ་ལོག་ནས་ཁྲིམས་ལུགས་ཀྱི་ལས་ཀ་གཉེར་རྩིས་ཡོད་པ་དང་། ཁོ་རང་ནི་ཆུང་དུས་ནས་ཁྲིམས་ལུགས་ཀྱི་ཕྱོགས་ལ་སྤྲོ་བ་ཆེན་པོ་ཡོད་ཅིང་། འཛིན་གྲྭ་འདིའི་ནང་ཞུགས་པ་ནས་བཟུང་། ཁྲིམས་ལུགས་ཀྱི་བསླབ་གཞི་དག་རྒྱ་ཡིག་གི་ལམ་ནས་ཁྲིད་ཀྱི་ཡོད་ནའང་། ཁྲིམས་ལུགས་དང་འབྲེལ་ཡོད་ཀྱི་ཡིག་ཆ་དག་རྒྱ་ཡིག་ནས་བོད་ཡིག་ལ་བསྒྱུར་དགོས་པས། དེས་ཕྱོགས་གཅིག་ནས་ཡིག་བསྒྱུར་གྱི་ནུས་རྩལ་ལ་སྦྱོང་བརྡར་ཐོབ་པ་མ་ཟད། དེའི་གོ་རིམ་ཁྲོད་ཁྲིམས་ལུགས་ལས་བློ་སྐྱོར་བྱེད་དགོས་པའི་གནད་དག་ཇེ་བྱང་དུ་གྱུར་འགྲོ་བ་རེད། ཁོས་འཛིན་གྲྭ་འདི་ལྟ་བུ་ཞིག་བཙུགས་པར་བཀའ་དྲིན་ཆེ་ཞུ་བ་དང་ཆབས་ཅིག་སློབ་གཉེར་གོ་རིམ་ཁྲོད་སློབ་གྲོགས་བར་གྱི་མཛའ་བརྩེ་དང་རོགས་རམ། སློབ་སྦྱོང་གི་མཐུན་རྐྱེན་སོགས་པར་ཡིད་སེམས་རབ་ཏུ་མགུ་བཞིན་ཡོད་ཅིང་། རྗེས་ཕྱོགས་རང་གི་ནུས་པས་ཕ་ཡུལ་གྱི་ཡུལ་མི་རྣམས་ལ་སྲི་ཞུ་རེ་སྒྲུབ་པར་འབད་འབུངས་བྱེད་ངེས་ཡིན་ཟེར།

ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།