མཐོ་རྒྱུགས་སྤྲད་ཚར་རྗེས་གཟབ་དགོས་པའི་དོན་དག་གསུམ།
སྤེལ་བའི་དུས་ཚོད། : 2018-06-09 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ལོ་ལྟར་མཐོ་རྒྱུགས་བཏང་ཚར་རྗེས་རྒྱུགས་ལེན་སློབ་མ་དང་ཁྱིམ་བདག་རྣམས་ཁྲིམས་འགལ་བའི་མགོ་བསྐོར་གཏོང་ཡུལ་དུ་འགྱུར་བཞིན་ཡོད། ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུས་དྲ་སྦྲེལ་བདེ་འཇགས་རུ་ཁག་གིས་དྲན་སྐུལ་བྱས་པར། རྒྱ་ཆེའི་རྒྱུགས་ལེན་པ་དང་ཁྱིམ་བདག་རྣམས་ནས་ཚད་ལྡན་ཐབས་ལམ་བརྒྱུད་ནས་ཆ་འཕྲིན་འཚོལ་བཤེར་དང་སློབ་ཞུགས་ཀྱི་ལམ་བུ་ཡང་དག་པ་འདེམ་དགོས་པ་དང་། དེའི་ཐད་གཤམ་གསལ་གྱི་མགོ་བསྐོར་བསླུ་བྲིད་ལ་དོགས་ཟོན་བྱ་དགོས་པ་བསྟན་པ་སྟེ།

གཅིག ཁྲིམས་འགལ་པ་འགའ་རེས་སློབ་གྲྭ་ཆེན་མོ་སོ་སོས་རང་བདག་ཐོག་ནས་སློབ་མ་བསྡུ་བའི་རྣམ་གྲངས་ཟེར་བ་དང་། འཆར་གཞིའི་ཕྱི་ཡི་སློབ་མ་བསྡུ་བའི་རྣམ་གྲངས་ཡོད་ཅེས་ཟེར་བ་དང་། རང་ལ་དངུལ་སྤྲོད་རྒྱུ་ཡོད་ན་སློབ་ཞུགས་གོ་སྐབས་དེ་འདྲ་རག་ཐུབ་ཅེས་བཤད་ནས་མགོ་བསྐོར་གཏོང་བཞིན་ཡོད། དྲ་སྦྲེལ་ཉེན་རྟོགས་པས་དྲན་སྐུལ་བྱས་པར། མཐོ་རྒྱུགས་གི་སློབ་བསྡུའི་འཆར་གཞི་ཁག་ནི་ཕྱི་གསལ་ནང་གསལ་ཡིན་པས། དངུལ་སྤྲད་ན་གཞུང་བཙུགས་སློབ་གྲྭ་ཆེན་མོའི་སློབ་བསྡུའི་མིང་ཐོའི་ནང་འཇུག་ཐུབ་ཅེས་ཟེར་བ་དེ་ཚོ་ནི་མགོ་བསྐོར་བསླུ་བྲིད་ཀྱི་བྱ་ཐབས་ཡིན་པས་གཟབ་དགོས།

གཉིས། ཁྲིམས་འགལ་པས་སློབ་གྲྭ་ཆེ་ཁག་གི་མི་སྣར་བརྫུས་ནས་རང་བདག་ཐོག་ནས་སློབ་མ་བསྡུ་ཁུལ་གྱིས་དངུལ་བསླུ་བྲིད་བྱེད་པ་དང་། རྒྱུགས་ལེན་སྐར་གྲངས་དམའ་བ་དག་སློབ་ཆེན་ཡག་པོར་བསྡུ་ཐུབ་ཟེར་བ། ལས་ཞུགས་གནས་གཏན་འཁེལ་གྱི་སློབ་མ་བསྡུ་བ་ཟེར་བ། གྲ་སྒྲིག་འཛིན་གྲྭའི་སློབ་མ་བསྡུ་བ་ཟེར་བའི་མིང་ཐོག་ནས་མགོ་བསྐོར་བསླུ་བྲིད་བྱེད་མཁན་ཡོད་པས། རྒྱ་ཆེའི་རྒྱུགས་ལེན་སློབ་མ་དང་ཁྱིམ་བདག་རྣམས་ནས་བདེན་རྫུན་བརྡར་ཤ་ཡག་པོ་གཅོད་པ་དང་། རྒྱལ་ཁབ་ཀྱི་སྲིད་ཇུས་འདྲི་རྩད་ཡག་པོ་བྱས་ནས་མགོ་བསྐོར་གྱི་འོག་མ་ཚུད་པ་བྱ་དགོས།

གསུམ། སྒྱུ་རྩལ་ཆེད་ལས་ཀྱི་སློབ་མ་བསྡུ་བར་དམིགས་བསལ་ཁྱད་ཆོས་ལྡན་པ་དང་། སློབ་མ་བསྡུ་བའི་དུས་ཚོད་ཅུང་རིང་བས། ཁྲིམས་འགལ་པས་ཡུན་རིང་སྒུག་མི་བཟོད་པའི་རྒྱུགས་ལེན་སློབ་མ་དང་ཁྱིམ་བདག་ལ། གལ་སྲིད་དངུལ་སྤྲད་ན་རང་ཉིད་ལ་ལྟག་སྒོའི་འགྲོ་ཁུངས་ཡོད་ཅེས་ཅེས་བཤད་ནས་དངུལ་བསླུ་བྲིད་བྱེད་ཀྱི་ཡོད། དྲ་སྦྲེལ་ཉེན་རྟོགས་པས་དྲན་སྐུལ་བྱས་པར། སློབ་མ་བསྡུ་བའི་ལས་ཡུན་ཇི་ཙམ་རིང་ཡང་དེའི་བརྒྱུད་རིམ་དང་མཇུག་འབྲས་ལ་ཤུགས་རྐྱེན་མི་ཐེབས་པས། རྒྱ་ཆེའི་རྒྱུགས་ལེན་སློབ་མ་དང་ཁྱིམ་བདག་རྣམས་ནས་གཟབ་ནན་དང་ངང་རྒྱུད་རིང་པོ་གནང་དགོས།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།