དཔོག་པར་དཀའ་བའི་ཤིན་ཅང་གི་སྣོད་བཅུད།
སྤེལ་བའི་དུས་ཚོད། : 2018-04-19 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

མེས་རྒྱལ་ཡུལ་གྲུ་སྐོར་བ་ལས།

༼ ༡ ༽ དཔོག་པར་དཀའ་བའི་ཤིན་ཅང་གི་སྣོད་བཅུད།

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ཀྱི་མེས་རྒྱལ་ཡུལ་གྲུ་སྐོར་བ་ཞེས་པའི་ལེ་ཚན་གྱི་ གསར་འགོད་པ་ཉེ་དུས་གླུ་གར་གྱི་གནས་མཆོག་དང་། ཤིང་འབྲས་ཀྱི་མཛོད་སྦུག གསེར་དང་གཡང་ཊིའི་ནོར་མཛོད་བཅས་སུ་གྲགས་པའི་གནའ་བོའི་ཡུལ་གྲགས་ཅན་ལི་ཡུལ་ཏེ་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་སུ་བཅར་འདྲིར་བསྐྱོད་པ་རེད།

མི་རིགས་ཀྱི་ཁྱད་ཆོས་ལྷག་པར་ལྡན་པའི་ཤིན་ཅང་ཨུ་རུམ་ཆིའི་ཏ་པ་ཀྲ་ཐང་ཆེན།

གསར་འགོད་པ་ཚོས་སྔ་ཕྱིར་ལྟེ་བའི་གྲོང་ཁྱེར་ཨུ་རུམ་ཆི་དང་། ཆིང་ཧྲུའེ་ཧེ། ཤིན་ཡོན་རྫོང་། ནཱ་ལ་ཋི། ཐན་ཨེ་ཧུའུ། ཧཱ་ཧྲེའོ། ཁུར་ལེ་སོགས་སུ་ས་གནས་ས་ཐོག་ཏུ་ཟབ་སྐྱོད་ཀྱིས་ཡུལ་དེའི་ཐུན་མོང་མ་ཡིན་པའི་ཡུལ་གོམས་གཤིས་ལུགས་དང་། ཁྱད་དུ་འཕགས་པའི་རིག་གནས། རིན་བྲལ་གྱི་གནའ་ཤུལ། ལྟ་ན་སྡུག་ཅིང་ཉམས་དགའ་བའི་རང་བྱུང་གི་མཛེས་ལྗོངས། ལྷག་པར་དུ་ཉེ་བའི་ལོ་ཤས་རིང་དབྱར་མཚོ་བཞིན་རྒྱས་པའི་ཤིན་ཅང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་དག་འགོད་སྤེལ་གྱིས་རྒྱ་ཆེའི་རླུང་འཕྲིན་གསན་མཁན་དང་དྲ་གྲོགས་ཚོར་ལི་ཡུལ་ལམ་ཤིན་ཅང་དུ་སླེབས་པ་ལྟ་བུའི་སྣང་བ་ཞིག་སྦྱིན་རྒྱུ་ཡིན།

ཤིན་ཅང་དུ་ཡོད་པའི་ནང་བསྟན་གྱི་དགོན་ཤུལ་ཞིག

དེ་ཡང་ཤིན་ཅང་ནི་བོད་ལྗོངས་ཀྱི་བྱང་རྒྱབ་དང་། ཨུ་རུ་སུའི་ལྷོ་མཐར་ཆགས་པའི་མེས་རྒྱལ་གྱི་ཡུལ་གྲུ་ཆེན་པོ་ཞིག་སྟེ་རྒྱ་གར་སྐད་དུ་ཀཾ་ས་དེ་ཤ་དང་། ཡུལ་གཞན་དུ་ཏུར་ཀི་བྠཱན་དང་། རྒྱ་སྐད་དུ་ཤིན་ཅང་ཞེས་འབོད་པའི་གནའ་བོའི་ཡུལ་གྲགས་ཅན་ཞིག་ཡིན། ཡུལ་དེའི་ཤར་མཐའ་མཚོ་སྔོན་པོའི་བྱང་རྒྱབ་དང་འབྲེལ་ཞིང་། ནུབ་མཐའ་ནི་བོད་ལྗོངས་ཀྱི་མངའ་རིས་ལ་དྭགས་ཕྱོགས་དང་ཚོང་འགྲུལ་ཡོད་པའི་ལོ་རྒྱུས་ཐོག་ཡར་ཀན་བྱ་བ་དེ་ཡིན། སྔར་ཕྱོགས་དེར་ནང་ཆོས་རྒྱ་ཆེར་དར་བ་ལས། འདུ་བྱས་མི་རྟག་པའི་ཆོས་ཉིད་མངོན་དུ་འགྱུར་ནས་ལོ་རྒྱུས་ཀྱི་ཆར་རླུང་དྲག་པོའི་ཁྲོད་རིམ་བཞིན་ཡུལ་དེ་དབྱི་སི་ལེམ་ཆོས་ལུགས་ཀྱི་ལྟེ་བ་ལྟ་བུར་གྱུར་ཏེ་ཡོད་ཅིང་། ཤེས་རྟོགས་བྱུང་བར་གཞིགས་ན་ས་ཆ་ཁག་ཅིག་ལ་ད་དུང་ཡང་གོ་ཤྲངྒོ་གླང་རུའི་གཙུག་ལག་ཁང་གི་ཤུལ་དང་། གཞན་ཡང་མཆོད་རྟེན་ཞིག་རོ་དང་སྔོན་གྱི་དགོན་རོ་ཤིན་ཏུ་མང་པོ་ཡོད་པར་གྲགས། མ་ཟད་ལོ་བརྒྱ་ཙམ་གྱི་གོང་དུ་ཡུལ་དེའི་བྱེ་མའི་གསེབ་ནས་བོད་ཀྱི་རྫོང་གོག་མང་པོའི་ཤུལ་གསར་དུ་རྙེད་པ་ལས། སྔ་མོའི་བོད་ཀྱི་ཡོ་བྱད་སྣ་ཚོགས་དང་། ཡུལ་མི་ལས་ཁྲལ་བསྡུས་པའི་བྱང་བུ་ཆེ་ཆུང་དུ་མ། དམག་དཔོན་སོགས་ཀྱིས་ཕན་ཚུན་བཏང་བའི་ཡི་གེ་ལ་སོགས་པ་ཆེས་མང་པོ་ཞིག་འཐོན་པར་གྲགས་ལ་ཕྱོགས་དེ་ནས་རྙེད་པའི་ཡིག་རིགས་དག་ཀྱང་ཆེས་གནའ་དུས་ཀྱི་བོད་ཀྱི་བརྡ་རྙིང་འབའ་ཞིག་ཏུ་བྲིས་པར་གྲགས།

སྣ་བའི་བདུད་རྩི་ཡི་རྐྱེན་དུ་གྱུར་བའི་རོལ་ཆ་འདྲ་མིན་སྣ་ཚོགས།

དེ་དག་ལས་ཡུལ་དེར་ལོ་རྒྱུས་ཀྱིས་བཞག་པའི་དཔོག་པར་དཀའ་བའི་ལྐོག་གྱུར་གྱི་གསང་བ་ཞིག་མངོན་ཡོད།

དེ་ལྟ་བུའི་དབྱི་སི་ལེམ་ཆོས་ལུགས་ཀྱིས་གནམ་གྱིས་ས་བཀབ་པ་ལྟ་བུའི་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ལྟེ་བའི་གྲོང་ཁྱེར་ཨུ་ལུམ་ཆེར་ང་ཚོ་གསར་འགོད་པར་ཆོས་དད་རང་མོས་དང་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་ལ་ཉེ་རིང་མེད་པར་མེས་རྒྱལ་གྱི་ཡུལ་གྲུ་གང་སར་རྟ་བདུན་དབང་པོར་འགྲན་པ་བཞིན་ཟེར་རྒྱ་འཕྲོ་བཞིན་པའི་མྱོང་ཚོར་ཟབ་མོ་ཞིག་བྱུང་བ་སྟེ།

ཧུང་ཀོན་ཧྲན་རི་བོའི་སྟེང་གི་གསེར་ཟངས་ལས་གྲུབ་པའི་སྟོན་པའི་འདྲ་སྐུ།

ཨུ་རུམ་ཆི་གྲོང་ཁྱེར་གྱི་ཧུང་ཀོང་ཧྲན་རི་བོའི་ཐོག་ཉེ་རབས་གསར་དུ་བཞེངས་པའི་རྒྱ་བརྒྱུད་ནང་བསྟན་ལུགས་ཀྱི་སྐུ་རྒྱུ་གསེར་ཟངས་ལས་གྲུབ་པའི་སྐུ་ཚད་རྨིད་བཞི་བཅུ་ལྷག་ཡོད་པའི་བཞེངས་སྟབས་ཀྱི་རྣམ་པའི་སྟོན་པའི་འདྲ་སྐུས་གཙོ་བོར་བྱས་པའི་འཁོར་གནས་བརྟན་བཅུ་དྲུག་དང་། གཙོ་སྐུའི་མཐའ་འཁོར་དུ་དུས་གསུམ་ལྷ་ཁང་དང་། སྤྱན་རས་གཟིགས། འཇམ་དཔལ་དབྱངས། ས་ཡི་སྙིང་པོ་སོགས་ཀྱི་ལྷ་ཁང་ཡོད་པའི་དགོན་ཆེན་དེ་ནི་ཨུ་ལུམ་ཆེ་གྲོང་ཁྱེར་གྱི་ཏོག་ལྟ་བུར་སྣང་བའི་ནང་བསྟན་གྱི་དགོན་པ་དེ་ཡིན།

གཞན་ཡང་ཤིན་ཅང་འདི་ཉིད་དར་གོས་གནའ་ལམ་གྱི་དཔལ་འབྱོར་དར་རྒྱས་ཁུལ་དང་རྒྱུད་གཅིག་ལམ་གཅིག་ཁྲོད་ས་ཁོངས་ཀྱི་ལེགས་ཆ་མངོན་གསལ་དོད་པའི་ཞིང་ལྗོངས་ཤིག་ཡིན་ཏེ། ཕྱི་སོག་དང་། ཨུ་རུ་སུ། ཧ་སག་སི་ཏན། ད་ཅིག་སི་ཏན། ཅིར་ཅི་སི་ཏན། པ་ཀི་སི་ཏན་སོགས་རྒྱལ་ཁབ་བརྒྱད་དང་ས་འབྲེལ་ཡིན་པའི་རང་རྒྱལ་གྱི་མཐའ་མཚམས་ལམ་ཐིག་རིང་ཤོས་ཤིག་དང་ཕྱི་ཕྱོགས་འགག་སྒོ་མང་ཤོས་ཀྱི་ཞིང་ལྗོངས་ཤིག་ཡིན་པའི་ངོས་ནས་འབྱུང་འགྱུར་གྱི་འཕེལ་རྒྱས་ལ་སུས་ཀྱང་དཔོག་པར་དཀའ་བའི་སྟོབས་ཤུགས་ལྡན་ཡོད་པ་རེད།

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ཤིན་ཅང་གསར་འགོད་ས་ཚུགས་ཀྱི་འགན་འཁུར་བ་དང་བཅར་འདྲིའི་ལམ་ཐིག་ཐད་གྲོས་བསྡུར་བྱེད་བཞིན་པ།

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ཤིན་ཅང་རྩོམ་སྒྲིག་ཁང་གི་གསར་འགོད་པ་དང་མཉམ་དུ་བཅར་འདྲིའི་ལམ་ཐིག་ཐད་གྲོས་བསྡུར་བྱེད་བཞིན་པ།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་ལས་ཁུངས།

གསར་འགོད་པ། བདེ་ཆེན་པད་སྒྲོན། བསྟན་དབང་།

རྩོམ་སྒྲིག་འགན་འཁུར་བ། བསོད་ནམས་དར་རྒྱས། ཚེ་རིང་རྡོ་རྗེ།