ཁ་སྒང་སྟག་འབུམ་རྒྱལ།༼རང་ཉིད་གཞན་དང་བསྡུར་བ་མི་བྱ་རོགས།༽
སྤེལ་བའི་དུས་ཚོད། : 2018-03-14 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

རང་ཉིད་གཞན་དང་བསྡུར་བ་མི་བྱ་རོགས།

ཁ་སྒང་སྟག་འབུམ་རྒྱལ།

ཁྱོད་ཀྱིས་སེར་སྣ་ཡི་ཁུ་ཚུར་ལྡག་དུས་ཕ་རོལ་བ་གཏོང་སྦྱིན་གྱི་ལས་ལ་བྲེལ་ཞིང་། ཕ་རོལ་བས་སྙིང་རྗེ་ཡི་མེ་ཏོག་གཏོར་དུས་ཁྱོད་རང་ངན་སེམས་ཀྱི་མེ་ལྕེ་འཕྱོ་ལ། ཁྱོད་ཀྱིས་འདིར་སྣང་ལ་སྤར་མོས་འཐམ་དུས་ཀྱང་ཕ་རོལ་བས་ཕྱི་མ་ལ་རྒྱང་གཟིགས་གནངས་པས། ཁྱོད་དང་གཞན་གྱི་ལས་དབང་མ་བསྡུར་དང་། སྐྱེ་བ་སྔོན་མའི་ཚོགས་བསགས་ལ་ལྕི་ཡང་ཤོར་བས་ཐམས་ཅད་ནས་ཐམས་ཅད་སྡུག་གྱོང་དུ་གོ་བར་གནོངས།

ཁྱོད་རང་བག་མེད་ཀྱི་བདེ་བས་བཟི་དུས་ཕ་རོལ་བ་འཚོལ་སྙེག་གི་སྐྱུར་ཁ་ན་འགྲེངས་ཤིང་། ཕ་རོལ་བ་དཀའ་སྤྱད་ཀྱི་རྔུལ་ཆུས་བརླན་དུས་ཁྱོད་རང་ཁྲི་ཆེན་པོར་རྒྱལ་པོའི་ཚུལ་དུ་བཞུགས་ལ། ཁྱོད་རང་རྨི་ལམ་གྱི་དུས་སྐབས་རྣམས་སུའང་ཕ་རོལ་བ་ངལ་རྩོལ་གྱི་དུས་འདའ་བཞིན་ལགས་པས། ཁྱོད་དང་གཞན་གྱི་གནས་སྟངས་མ་བསྡུར་དང་། ཐོག་མའི་ས་བོན་གྱི་ནུས་པ་ལ་བཙན་གཉོམ་ཤོར་བས་ཐམས་ཅད་ནས་ཐམས་ཅད་རང་འགྱོད་དུ་ལེགས་པར་སོམས།

ཁྱོད་ཀྱིས་རང་དོན་གྱི་ཞེན་ཐག་སྡོམ་དུས་ཕ་རོལ་བས་འགྲོ་དྲུག་གི་སྐྱིད་སྡུག་བསྒོམས་ཤིང་། ཕ་རོལ་བས་སང་ཉིན་གྱི་བདུད་རྩི་བཙགས་དུས་ཁྱོད་ཀྱིས་དེ་རིང་གི་རྙོག་ཆུ་དཀྲུགས་ལ། ཁྱོད་རང་གར་འགྲོ་ལ་གོམ་ཁ་འཆོལ་དུས་ཀྱང་ཕ་རོལ་བ་བློ་མིག་གི་དཀྱིལ་འཁོར་རྫོགས་པས། ཁྱོད་དང་གཞན་གྱི་མདུན་ལྗོངས་མ་བསྡུར་དང་། བློ་གྲོས་ཀྱི་རྒྱ་ཁྱོན་ལ་ཡང་དོགས་ཤོར་བས་ཐམས་ཅད་ནས་ཐམས་ཅད་གདམ་ཀ་རུ་གཟབ་པར་གཅེས།

དེ་ལྟར་ཕྱོགས་མང་པོ་ཞིག་ནས་ཁྱོད་དང་ཕ་རོལ་བའི་བར་ལ་མཐོ་དམའ་དང་། རིང་ཐུང་། ཆེ་ཆུང་སོགས་ཀྱི་ཁྱད་པར་ཤོར་འདུག་པས། ཁྱོད་ཀྱིས་ཇི་ལྟར་སྦྱངས་ཀྱང་སངས་རྒྱས་ཤཱཀྱ་ཐུབ་པའི་ཀུན་ཤེས་ཀྱི་གོ་འཕང་དེ་འཐོབ་མི་ནུས་ཤིང་། ཇི་ལྟར་བཙལ་ཀྱང་ཀླུ་རྒྱལ་གཙུག་ན་རིན་ཆེན་གྱི་བང་མཛོད་ཀྱི་ལོངས་སྤྱོད་དེ་རྙེད་དཀའ་ལ། ཇི་ལྟར་རེ་ཡང་ལྷའི་ཡུལ་དབང་བོ་བརྒྱ་བྱིན་གྱི་དབང་ཆའི་ཟིལ་ཤུགས་དེའང་རེག་དཀའ་བས། འཐོབ་མི་འོས་པ་ཞིག་ཁྱོད་ལ་མ་ཐོབ་པ་ལ་རང་གི་ལས་དབང་དང་གནས་བབ་ལ་ལེ་བདའ་དང་འཁང་ར་སྐྱུངས་རོགས།

ཕ་རོལ་བ་ནམ་མཁར་འཕུར་དུས་ཁྱོད་བོང་བུར་ཞོན་དགོས་ཤིང་། ཁྱོད་རྩི་ཁང་དུ་ཉལ་དགོས་དུས་ཕ་རོལ་བ་རྣམ་རྒྱལ་ཁང་བཟང་དུ་སྡོད་ལ། ཕ་རོལ་བ་རྒྱུ་ནོར་གྱིས་སུན་དུས་ཁྱོད་རྒྱུ་ནོར་གྱི་ཆེད་དུ་འཆི་འགྲོ་བ་སྟེ། ཁྱོད་ཀྱིས་འདོད་པ་བཙལ་ཀྱང་འདོད་པ་ཁྱོད་དང་རྒྱང་བཀྱེད་ནས་འབྲོ་ཞིང་། ཕ་རོལ་བ་འདོད་པས་ཚིམས་ཀྱང་འདོད་པས་ད་དུང་ཡང་ཕ་རོལ་བ་མི་གཏོང་བར་རྗེས་འབྲང་བཞིན་འོང་བས། ཕ་རོལ་བའི་བསོད་ནམས་ཆེན་པོ་དེ་ཉིད་འཚོལ་བྱ་རུ་བྱས་ཏེ་རང་གིས་རང་ཉིད་སྡུག་ལ་མི་སྦྱར་རོགས།

དེ་བས། རང་གིས་མ་བཏབ་པའི་ས་བོན་ཞིག་གི་ལོ་ཏོག་ལ་ཁྱོད་ཀྱིས་རེ་བ་མ་བྱེད་དང་། རང་གིས་མ་བསྒྲུབས་པའི་བྱ་བ་ཞིག་གི་ཨ་ལན་ལ་ཁྱོད་ཀྱིས་ཨུ་ཚུགས་མི་རྒྱག་པར། ད་ལྟ་མྱོང་བཞིན་པ་འདས་སོང་གི་གོམ་རྗེས་ལ་ལྟོས་དང་བསླུ་བ་མེད་པའི་ངེས་ཤེས་རེ་རྙེད་ཐུབ་ལ། མ་འོང་བའི་མྱོང་འགྱུར་ཡང་ད་ལྟའི་ཚུལ་ལ་སོམས་དང་འཇིགས་སྐྲག་འདྲེས་མའི་གྲ་སྒྲིག་རེ་དྲན་ངེས་པས། ཁྱོད་ཀྱི་སྐྱིད་སྡུག་དང་རྒྱལ་ཕམ། མཐོ་དམའ། ལེགས་ཉེས། ཐོབ་ཤོར། ཡག་བཙོག ཆེ་ཆུང་། རིང་ཐུང་། མྱུར་བུལ་སོགས་ཀྱིས་བསྡུས་པའི་འབྲས་བུ་ཐམས་ཅད་ལ་དཔའ་ངར་ཆེན་པོས་གདོང་གཏོད་པར་གྱིས་དང་། བློ་སེམས་གུ་ཡངས་པོས་དང་དུ་བླང་བར་བྱོས་དང་། རང་གིས་མ་བྱས་པ་ཞིག་ཁྱོད་ལའང་གཏན་དུ་འཐོབ་མི་སྲིད་པའི་ཆོས་ཉིད་བཙན་པོ་དེ་ཤེས་པར་མཛོད།

མཐར་ཁྱོད་ལ་ཞུ་འདོད་པ་ནི། ཕ་རོལ་བའི་མཐོ་ཚད་ལ་ཁྱོད་རང་མ་རྔམ་དང་རང་གི་ཐོབ་ཤོར་ཐམས་ཅད་དྲང་བདེན་གྱི་རྒྱ་མ་ཡིན། ཕ་རོལ་བའི་རིང་ཚད་ལ་ཁྱོད་ཀྱིས་མ་འགྲན་དང་རང་གི་བདེ་སྡུག་ཐམས་ཅད་རྒྱུ་འབྲས་ཀྱི་འཁྲབ་སྟོན་ཡིན། ཕ་རོལ་བའི་ཆེ་བ་ལ་ཁྱོད་ཉིད་མ་སྙེག་དང་རང་གི་ཕྱོགས་བཞི་ཐམས་ཅད་ལས་དབང་གི་བཀོད་སྒྲིག་ཡིན། མི་ཚེ་ནི་ཐུང་ཐུང་ཙམ་ལས་མེད་པས་རང་ཉིད་ལ་མི་དབང་ཞིག་ལ་བདག་འཛིན་གྱི་བསམ་པ་དོར་ནས་ཆོག་ཤེས་པར་ཀུན་ནས་མཛོད་དང་། ལྷད་མེད་པའི་འཛུམ་མདངས་དང་དོན་དམ་པའི་བདེ་སྐྱིད་ནི་ཁྱོད་ཀྱི་ལམ་རིང་མོའི་དྲོད་ཐིག་དང་རྒྱགས་ཕྱེ་ཡིན་ལ། ཁྱོད་རང་འཇིག་རྟེན་འདིར་འོངས་པའི་ཐོག་མ་དང་མཐའ་མའི་ལེགས་སྐྱེས་བཟང་པོ་དེའང་ཡིན་པར་ངེས།

སྤྱི་ལོ༢༠༡༨ལོའི་ཟླ༣པའི་ཚེས༡༠ཉིན་ལ།

ཡོང་ཁུངས། དྲ་ལམ་ནས་བཤུས།
རྩོམ་སྒྲིག་པ། རྟ་མགྲིན།