ཨ་རི་རྒྱལ་ཁབ་ཀྱིས་ང་ལ་བཞག་པའི་ཐོག་མའི་བག་ཆགས།
སྤེལ་བའི་དུས་ཚོད། : 2018-02-07 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  ཨ་རི་རྒྱལ་ཁབ་ཀྱིས་ང་ལ་བཞག་པའི་ཐོག་མའི་བག་ཆགས།①

  ཨེན་སི་ཐན་གྱིས་བརྩམས། བསམ་གྲུབ་ཀྱིས་བསྒྱུར།

  ངས་ངེས་པར་དུ་རང་ཉིད་ཀྱི་ཁ་ཆད་ལག་ཏུ་བསྟར་ནས། རྒྱལ་ཁབ་འདིས་ང་ལ་བཞག་པའི་བག་ཆགས་སྐོར་ནས་ཏོག་ཙམ་གླེང་བར་བྱ་དགོས། འདི་ནི་ང་ལ་ཆ་མཚོན་ནས་བཤད་ན། བྱ་གླག་གིས་ལུ་གུ་འཛིན་པ་བཞིན་ལས་སླ་པོར་འགྲུབ་ཐུབ་པ་ཞིག་རྩ་བ་ནས་མིན་ཏེ། རྒྱུ་མཚན་ནི། མི་ཞིག་ལ་ཁོ་བོར་ཨ་རི་ནས་ཐོབ་པ་བཞིན་གྱི་དེ་འདྲའི་སེམས་རྒྱུད་ཡག་པོ་དང་ཁུར་གྱིས་མི་ཐེག་པའི་སྤྲོ་སེམས་ཆེན་པོའི་སྣེ་ལེན་གཟབ་རྒྱས་ཐོབ་པར་གྱུར་ཚེ། ཉེ་དགའ་ཕྱོགས་ལྷུང་བྲལ་བའི་ལྟ་ཞིབ་པའི་རྣམ་འགྱུར་ཞིག་ནི་ལས་སླ་པོས་བཀོལ་མི་སྲིད་པས་ན། ཐོག་མར་ཁོ་བོས་འདིའི་ཕྱོགས་ཀྱི་གནས་ཚུལ་ཞིག་གླེང་བར་བྱའོ། །

  ངས་བལྟས་འོངས་ན། མི་སྒེར་ལ་དད་བཀུར་བྱེད་པ་དེ་ནི་ནམ་ཡང་གནས་ལུགས་མེད་པ་ཞིག་ཏེ། རང་བྱུང་ཁམས་ཆེན་མོས་ནི་འབུལ་རྟེན་དེ་རང་གི་བུ་དང་བུ་མོའི་བར་ཆ་སྙོམས་ཀྱིས་བགོ་མི་སྲིད་པ་དེ་ཡང་བདེན་པ་རང་རེད་འདུག་མོད། འོན་ཀྱང་། དཀོན་མཆོག་ལ་བཀའ་དྲིན་ཞུ་དགོས་ཡོད་དེ། སྐྱེས་ཐོབ་ལེགས་པོ་མངའ་བའི་སྐྱེ་བོ་ནི་ཧ་ཅང་མང་པ་བདེན་དུ་ཆུགས་ཀྱང་། ཁོ་ཚོ་ཕལ་ཆེ་ཤོས་ཀྱིས་རོལ་བཞིན་པ་ནི་ཁེ་གྲགས་སྤངས་ཤིང་ཀུན་གྱིས་ཆེར་ལྟ་འདོད་མེད་པའི་ངན་ངོན་གྱི་འཚོ་བ་དེ་ཡིན་པ་ང་ལ་ཡིད་ཆེས་ཟབ་མོ་ཡོད། གལ་ཏེ། མི་འདི་རྣམས་ཀྱི་ཁྲོད་ལས་ཁ་ཤས་བདམས་ཏེ་ཆེ་བསྟོད་མང་པོ་བརྗོད་ནས་ཁོ་ཚོའི་བསམ་བློ་དང་གཤིས་ཀ་ལ་མི་ཕལ་པ་ལས་ལྷག་པའི་ནུས་པ་ལྡན་པར་འདོད་ཚེ། ངས་འདི་ནི་དྲང་གཞག་མ་ཡིན་ཏེ། ཐ་ན་བལྟ་འདོད་མེད་པ་ཞིག་ཀྱང་ཡིན་སྙམ། འདི་ནི་ང་རང་བརྒྱུད་མྱོང་བའི་ལས་དབང་སྟེ་སྤྱི་དམངས་ཀྱིས་ཁོ་བོའི་ནུས་པ་དང་གྲུབ་འབྲས་ལ་སྔོན་དཔོག་བྱས་པ་དེ་དོན་དངོས་གནས་ཚུལ་དང་ཞིབ་བསྡུར་ཞིག་བྱས་ན། དེ་ནི་དངོས་ནས་ངོ་མཚར་ཞིང་དགོད་བྲོ་བ་ཞིག་རེད། འདི་ལྟ་བུའི་ཁྱད་མཚར་པོ་ནི་རྟོགས་ཚོར་བྱུང་རྗེས་བཟོད་ཐབས་བྲལ་བ་ཞིག་ཡིན་མོད། གནད་གཅིག་གིས་ནི་སྤྲོ་སེམས་རྒྱས་པར་བྱེད་དེ། ཀུན་གྱིས་བརྣབ་སེམས་རིང་ལུགས②ལ་ཁ་རྡུང་གཏོང་བའི་དུས་རབས་འདིར། ད་དུང་ཇི་མི་སྙམ་པར་མི་ཚེ་གཅིག་གི་དམིགས་ཡུལ་ཉིད་རྦད་དེ་ཤེས་ཡོན་དང་ཀུན་སྤྱོད་ཀྱི་ཁྱབ་ཁོངས་སུ་བཞག་པའི་སྐྱེ་བོ་དེ་རྣམས་དཔའ་རྒོད་དུ་བརྩིས་པ་ནི་དགའ་འོས་པའི་རྟགས་མཚན་ཞིག་ཏེ། འདིས་སྐྱེ་བོ་ཕལ་མོ་ཆེ་ཡིས་ཤེས་ཡོན་དང་བདེན་དོན་དེ་རྒྱུ་ནོར་དང་དབང་ཆ་ལས་ཀྱང་གལ་ཆེ་བར་བརྩི་བ་ར་སྤྲོད་བྱས་ཡོད་དོ། །ཁོ་བོའི་ཉམས་མྱོང་ལྟར་ན། འདི་ལྟ་བུའི་ཕུགས་བསམ་རིང་ལུགས③ཀྱི་ལྟ་བ་ནི་ཨ་རིར་ཤིན་ཏུ་དར་ཁྱབ་ཆེ་ཞིང་ཨ་རི་ནི་ཧ་ཅང་ཕུགས་བསམ་རིང་ལུགས་དང་ལྡན་པའི་རྒྱལ་ཁབ་ཅིག་ཏུ་དམའ་འབེབས་བྱས་ཡོད་དོ། །བརྗོད་གཞིའི་མཚམས་ལས་འདས་པའི་སྐད་ཆ་བར་ལ་འཚང་བ་འདི་བཤད་ཚར་རྗེས། ད་ནི་ངས་བརྗོད་བྱའི་དོན་དངོས་དེ་གླེང་དགོས། དེར་མ་ཟད་ཀློག་པ་པོས་ཁོ་བོའི་བབ་ཆགས་པའི་སྨྲ་བརྗོད་ལ་བརྩི་མཐོང་ཐལ་དྲགས་པ་མི་བྱེད་པའི་རེ་བ་ཡང་ཞུའོ། །

  འདྲི་གཏུག་གནང་མཁན་ཐོག་མར་ཧ་ལས་དགོས་པ་ཞིག་ནི་རྒྱལ་ཁབ་འདི་ཐོན་སྐྱེད་ལག་རྩལ་དང་སྒྲིག་འཛུགས་ཀྱི་ཐད་ནས་ཀུན་གྱི་རྩེར་སོན་ཡོད་པ་དེ་ཡིན། གླིང་ཆེན་ཡོ་རོབ་དང་བསྡུར་འོང་ན། ཉིན་མཁོའི་དངོས་རྫས་རྒྱུ་སྤུས་ཀྱང་ཅུང་ཟད་ལེགས་ཤིང་ཤག་མིག་དག་ཇུས་འགོད་བྱས་པའང་བཀོལ་མཁན་མང་ལ། དངོས་པོ་ཚང་མ་ཇུས་འགོད་བྱས་པ་ཡང་ཅི་ནུས་ཀྱིས་མི་ཤུགས་གྲོན་ཆུང་བྱེད་པ་ཞིག་རེད། ངལ་རྩོལ་ནུས་ཤུགས་ནི་ཧ་ཅང་རྩ་ཆེ་བ་ཞིག་སྟེ། རྒྱུ་མཚན་ནི། རྒྱལ་ཁབ་འདིའི་མི་གྲངས་ནི་དེའི་རང་བྱུང་ཐོན་ཁུངས་དང་བསྡུར་ན་ད་དུང་ཐར་ཐོར་ལས་མེད་ཅིང་། ངལ་རྩོལ་པའི་གླ་ཆ་མཐོ་བས་ལག་རྩལ་གྱི་སྒྲིག་ཆས་དང་བྱ་བའི་ཐབས་ཤེས་ལ་ཡང་ཤུགས་རྐྱེན་ཐེབས་ནས་འཕེལ་རྒྱས་ཧ་ལས་པ་བྱུང་ཡོད། མི་གྲངས་ཚད་ལས་བརྒལ་བའི་རྒྱ་ནག་དང་ཧིན་རྡུ་ནི་དེ་ལས་ལྡོག་པའི་ཐལ་ཆེ་བ་ཞིག་མངོན་པར་མཚོན་ཡོད་ཅིང་། ཡུལ་དེ་གར་ནི་ངལ་རྩོལ་པའི་གླ་ཆ་དམའ་ཕྱིར་འཕྲུལ་ཆས་ཀྱི་འཕེལ་རྒྱས་ལ་ཡང་འགོག་རྐྱེན་བཟོས་ཡོད་དོ། །ཡོ་རོབ་ལ་ནི་ཐལ་ཆེ་བ་གཉིས་ཀྱི་བར་དུ་ཚུད་ཡོད་དེ། འཕྲུལ་ཆས་རིགས་འཕེལ་རྒྱས་གང་ལེགས་བྱུང་བས། མཐར་དེ་ཉིད་གླ་ཆ་ཆེས་དམའ་བའི་ངལ་རྩོལ་པ་ལས་ཀྱང་དམའ་བར་གྱུར་ཡོད། ཡོ་རོབ་ཀྱི་ཧྥ་ཤི་སིའི་རིང་ལུགས་འཛིན་པ་རྣམས་ཀྱིས་གནད་འདི་ལ་དོ་སྣང་བྱ་འོས་ཏེ། ཁོ་ཚོ་ཆབ་སྲིད་ཀྱི་ཕྱོགས་ཞེན་གུ་དོག་པ་ཞིག་ཏུ་ཚུད་ནས་རྟག་པར་ཁོ་ཚོའི་རྒྱལ་ཁབ་ལ་མི་གྲངས་སྔར་ལས་མང་པར་ངང་ནས་སྒུག་བཞིན་ཡོད། ཡིན་ན་ཡང་ཨ་རིས་ནི་སེམས་ཁྲལ་ཆེན་པོའི་སྒོ་ནས་ཁྲལ་ཚད་མཐོན་པོ་བཀོལ་ཏེ་ཕྱི་རྒྱལ་གྱི་ཚོང་རྫས་ཟུར་དུ་ཕུད་ཡོད་ལ། འདིས་ནི་སྤྱིར་བཏང་གི་སྣང་ཚུལ་ལ་ཞིབ་བསྡུར་མཚར་པོ་ཞིག་ཆགས་ཏུ་བཅུག་ཡོད་པར་ཡང་སྨོས་ཅི་དགོས། འོན་ཀྱང་། ལྷག་བསམ་དང་ལྡན་པའི་འདྲི་གཏུག་མཁན་ཞིག་ཡུལ་གྲུ་མང་པོར་ཕྱིན་ནས་བསམ་བློ་ཤུགས་ཟད་དུ་བཏང་ཡོད་པར་མ་ཟད། གནད་དོན་རེ་རེ་ལའང་ལུགས་དང་མཐུན་པའི་དྲི་ལན་ཞིག་ཡོད་དགོས་པའི་རེ་ལྟོས་འཆའ་མི་རུང་སྟེ། དེ་ནི་གང་ལྟར་རྩ་བ་ནས་གདེང་ཚོད་མངའ་བ་ཞིག་ཀྱང་མ་ཡིན་ནོ། །

  འདྲི་གཏུག་མཁན་གྱི་ཡིད་སེམས་འགུལ་བའི་དོན་དག་གཉིས་པ་ནི། སྤྲོ་སྐྱིད་ལྡན་ཞིང་ཧུར་བརྩོན་ཆེ་བའི་འཚོ་བའི་རྣམ་འགྱུར་དེ་རེད། པར་བརྒྱབ་པ་ལས་མངོན་པའི་མི་དམངས་ཀྱི་གདོང་གི་འཛུམ་མདངས་ཀྱིས་ཨ་རི་པའི་རྒྱུ་ནོར་གྱི་ཕྱོགས་ཆེ་ཞིག་མཚོན་གྱི་ཡོད་དེ། ཁོ་ཚོ་ནི་མཛའ་མཐུན་ཟབ་ཅིང་རང་རྟོན་གྱིས་ཁེངས་པ། སྤྲོ་སྐྱིད་དང་ལྡན་པ་ཞིག་སྟེ་ཕྲག་དོག་གི་བསམ་པ་ཡང་མེད། ཡོ་རོབ་པས་ཨ་རི་པ་དང་འབྲེལ་འདྲིས་བྱེད་པ་ནི་བློ་བདེ་བག་ཕེབས་ཤིག་ཏུ་མཐོང་ཡོད།

  ཨ་རི་པ་དང་བསྡུར་འོང་ན། ཡོ་རོབ་པ་ནི་གཏམ་གླེང་སྤེལ་རྒྱུར་ཅུང་ཟད་དགའ་ཞིང་འཚེར་སྣང་སྐྱེ་བར་ཅུང་སྐྲག་པ། གཞན་ལ་གདུང་སེམས་དང་རོགས་རམ་བྱེད་པའི་བསམ་པ་དཀོན་ལ། ཅུང་ཟད་ཁེར་རྐྱང་དུ་ཚུད་པ། རོལ་རྩེད་དང་ཀློག་ལྟའི་ཕྱོགས་ནས་ཅུང་སྐྱོན་འཚོལ་རྒྱུར་དགའ་བ་ཞིག་སྟེ། སྤྱིར་བཏང་དུ་བཤད་ན། ཇི་འདྲ་ཡིན་ཡང་རུང་སྟེ་སྐྱོ་སྣང་རིང་ལུགས་ཀྱི་མངོན་ཚུལ་དང་ལྡན་པ་ཞིག་ཏུ་མཐོང་སོང་།

  ཨ་རི་པས་དངོས་པོའི་འཚོ་བ་ལོངས་སུ་སྤྱོད་པ་ལ་ཤིན་ཏུ་རྩིས་མཐོང་ཆེན་པོ་བྱེད་པ་ནི་ལྷིང་འཇགས་དང་། བག་ཕེབས། ཉེན་ཁ་དང་བྲལ་བར་ཡོད་ཚད་ལ་ལུས་སྲོག་བློས་བཏང་བ་ལས་བྱུང་བ་ཡིན་ནོ། །ཨ་རི་པ་ནི་ཡོ་རོབ་པ་ལས་ཀྱང་ཁོ་ཚོའི་དམིགས་ཡུལ་དང་འབྱུང་འགྱུར་གྱི་སླད་དུ་འཚོ་བར་དུངས་ཞེན་ཆེ་བ་ཞིག་ཏེ། འཚོ་བ་ནི་ཁོ་ཚོར་མཚོན་ན། ནམ་རྒྱུན་བསྐོར་སྐྱོད་བྱས་ནས་མཚམས་མི་འཇོག་པ་ཞིག་ཡིན་པ་ལས། དུས་ནམ་ཡང་འགྱུར་དུ་མེད་པ་ཞིག་གཏན་ནས་མིན། འདིའི་ཕྱོགས་ནས་བརྗོད་དེ། ཡོ་རོབ་པ་དང་བསྡུར་འོང་ན་ཨུ་རུ་སུ་པ་དང་ཡ་གླིང་པར་བསྡུར་བ་ལ་ཧེ་བག་དེ་བས་ཀྱང་ཆེ་བར་འདུག་གོ །

  འོན་ཀྱང་། ཕྱོགས་གཅིག་ནས་ཁོ་ཚོ་ཡོ་རོབ་པ་ལས་ཀྱང་ཡ་གླིང་པ་དང་ཉེ་བར་མཚུངས་ཏེ། ཁོ་ཚོའི་སྒེར་པའི་རིང་ལུགས་ཡོ་རོབ་པ་ལས་ཀྱང་ཉུང་བ་ནི་སེམས་ཁམས་ཀྱི་ལྟ་བའི་ཚད་ནས་བལྟ་བ་ལས་དཔལ་འབྱོར་གྱི་ལྟ་བའི་ཚད་ནས་གཞལ་དགོས་པ་ནི་མ་ཡིན་ནོ། །

  ཁོ་ཚོས་ཅུང་ཟད་ནན་གྱིས་བརྗོད་བཞིན་པ་ནི་ང་ཚོ་ལས་ང་མ་ཡིན་ཏེ། དེའི་རང་བྱུང་གི་གྲུབ་འབྲས་ཤིག་ཡིན་པའི་ཆ་ནས་ཡུལ་སྲོལ་གོམས་གཤིས་ཤིན་ཏུ་ནས་སྟོབས་དང་ལྡན་པ་ཞིག་རེད། དེར་བརྟེན། ཨ་རི་པའི་བར་གྱི་མི་ཚེའི་ལྟ་བ་དང་། ཀུན་སྤྱོད་ཀྱི་ལྟ་བ། མཛེས་དཔྱོད་ཀྱི་ལྟ་བ་བཅས་ཀྱང་ཡོ་རོབ་པ་དང་བསྡུར་ན་མཐུན་ས་མང་པོ་ཡོད། འདི་ནི་ཨ་རིའི་དཔལ་འབྱོར་ཡོ་རོབ་ལས་རྣམ་པར་རྒྱལ་བའི་རྒྱུ་རྐྱེན་གཙོ་བོ་སྟེ། བཟོ་གྲྭ་དང་། སློབ་གྲྭ་ཆེན་མོ། ཡང་ན་མི་སྒེར་གྱི་དགེ་ལས་ལས་ཁུངས་ནང་གང་དང་གང་ཡིན་ཡང་རུང་སྟེ་མཉམ་འབྲེལ་དང་ལས་བགོས་བྱས་པ་འཕེལ་རྒྱས་སུ་འགྲོ་བ་ནི་ཡོ་རོབ་ལས་སླ་ཞིང་། ཕན་ཚུན་བར་གྱི་འགལ་བའང་ཅུང་ཟད་ཕྲ་བ་ཡིན་ཏེ། འདི་ལྟ་བུའི་སྤྱི་ཚོགས་ཀྱི་འདུ་ཤེས་ནི་ཁག་ཅིག་ཕལ་ཆེར་དབྱིན་ཇིའི་སྲོལ་རྒྱུན་ལས་ཐོན་པ་ཡིན།

  གནད་འདི་དང་མཉམ་དུ་མངོན་གསལ་ཆེ་བའི་འགལ་བ་ནི་ཡོ་རོབ་དང་བསྡུར་འོང་ན། ཨ་རིའི་རྒྱལ་ཁབ་ཀྱི་བྱེད་སྒོ་ལ་ལྟོས་བཅས་ཀྱི་སྒོ་ནས་ཚོད་འཛིན་ཐེབས་ཡོད་དེ། ཡོ་རོབ་པས་གློག་འཕྲིན་དང་། ཁ་པར། ལྕགས་ལམ་དང་སློབ་གྲྭ་ཕལ་ཆེ་ཤོས་ཇི་མི་སྙམ་པར་མི་སྒེར་གྱིས་དབང་འོག་ཏུ་བསྒྱུར་པ་མཐོང་བའི་ཚེ་ན། ཁོ་རང་ཧ་ལས་པར་གྱུར་ཡོད། ཁོ་བོས་སྔོན་དུ་གླེང་བའི་མི་སྒེར་ལ་ཅུང་ཟད་ཤུགས་དྲག་པོའི་སྤྱི་ཚོགས་ཀྱི་རྣམ་འགྱུར་དང་ལྡན་པ་ནི་དོན་དག་འདིས་འདི་གར་ཕལ་ཆེར་དེ་ལྟར་འགྱུར་དུ་འཇུག་སྲིད། འདི་ལྟ་བུའི་རྣམ་འགྱུར་གྱི་མཐའ་འབྲས་ཅིག་ཤོས་ནི་རྒྱུ་ནོར་བགོ་བཤའ་བརྒྱབ་པ་ཆ་མ་སྙོམས་པར་ཐལ་ཆེ་བ་དེས་བཟོད་ཐབས་བྲལ་བའི་སྡུག་བསྔལ་དང་གོད་ཆགས་གཏན་ནས་བསླངས་མེད། ཕྱུག་པོའི་དུས་རིམ་གྱི་སྤྱི་ཚོགས་ཀྱི་འདུ་ཤེས་ནི་ཡོ་རོབ་ཏུ་ལྡན་པ་ལས་ཀྱང་དར་རྒྱས་ཆེ་སྟེ། དངུལ་མང་པའི་མིས་ནི་ཁོའི་རྒྱུ་ནོར་གྱི་ཕལ་ཆེ་ཤོས་དང་། དེར་མ་ཟད་རྒྱུན་པར་ཁོ་རང་ཉིད་ཀྱི་ལུས་སྟོབས་དང་སེམས་ཤུགས་ཀྱི་མང་ཕྱེད་ཀྱང་སྦྲགས་གཅིག་ཏུ་སྤྱི་ཚོགས་ལ་སྤྲད་ནས་བཀོད་སྒྲིག་བྱེད་དུ་འཇུག་པ་དེ་ནི། རང་ཉིད་ཀྱི་འོས་ཤིང་འཚམ་ལ་རང་འགན་གཞན་ལ་དཀྲི་མི་རུང་བའི་འགན་འཁྲི་ཡིན་པར་འདོད་ཅིང་། ཟིལ་ཤུགས་ལ་མཐའ་བྲལ་བའི་སྤྱི་ཚོགས་ཀྱི་གླེང་ཕྱོགས་ཀྱིས་ཀྱང་དགོས་གཏུག་ཆེ་ཕྱིར་ཁོ་ལ་འདི་ལྟར་སྒྲུབ་ཏུ་འཇུག་བཞིན་ཡོད། དེར་བརྟེན། ཆེས་གལ་ཆེ་བའི་རིག་གནས་ཀྱི་འགན་ནུས་ཀྱིས་སྒེར་གཉེར་ཁེ་ལས་ཤུལ་དུ་བསྐྱུར་ཐུབ་ཏེ་སྤྱོད་དུ་བཅུག་པ་ནི་སྲིད་གཞུང་གིས་རྒྱལ་ཁབ་འདིའི་ནང་ནུས་པ་ཐོན་པ་དང་བསྡུར་ན་ཧ་ཅང་ཚད་ཡོད་པ་ཞིག་གོ །

  སྲིད་གཞུང་གི་སྙན་གྲགས་དེ<<ཆང་ཁྲིམས་བཀག་སྡོམ>>གྱི་རྐྱེན་པས་ཧ་ཅང་དམའ་རུ་ཕྱིན་ཡོད་པར་སྨོས་ཅི་དགོས་ཏེ། དེའི་རྒྱུ་མཚན་ནི། རྒྱལ་ཁབ་ཞིག་གི་སྲིད་གཞུང་དང་ཁྲིམས་ལུགས་ཀྱི་གཟི་རྔམ་ལ་ཐེབས་པའི་གནོད་སྐྱོན་ནི། ལག་ལེན་དུ་འཁྱོལ་ཐབས་མེད་པའི་ཁྲིམས་ལུགས་ཤིག་བརྒྱུད་པ་ལས་ཀྱང་ཚབས་ཆེ་བ་ཞིག་མེད་པའི་ཕྱིར་རོ། །རྒྱལ་ཁབ་འདིར་ནག་ཉེས་ཀྱི་གྱོད་གཞི་ཛ་དྲག་ཆེ་བའི་སྒོ་ནས་འཕར་བཞིན་པ་དེ་གནས་ཚུལ་འདི་དང་འབྲེལ་བ་དམ་པོ་ཡོད་ཅིང་། འདི་ནི་ཁྲོམ་བསྒྲགས་བྱས་ཟིན་པའི་གསང་བ་ཞིག་གོ །

  ངས་བལྟས་ན། ཆང་ཁྲིམས་བཀག་སྡོམ་གྱིས་ཕྱོགས་གཞན་ཞིག་ནས་ད་དུང་སྲིད་གཞུང་གི་སྙན་གྲགས་ལ་ཡང་གནོད་སྐྱོན་བཟོས་ཡོད་དེ། མགྲོན་བྲང་ནི་སྔོན་ཆད་མི་དམངས་ཀྱིས་སྤྱི་པའི་ལས་དོན་ལ་ལྟ་ཚུལ་དང་བསམ་འཆར་བརྗེ་རེས་བྱེད་པར་གོ་སྐབས་ལྡན་དུ་འཇུག་པའི་ཡུལ་ཞིག་ཡིན། ངས་མཐོང་བ་ཡིན་ན། རྒྱལ་ཁབ་འདིར་ཏག་ཏག་འདི་ལྟ་བུའི་གོ་སྐབས་དཀོན་པས་ཚགས་པར་གྱིས་སྤྱི་ཚོགས་ཀྱི་གླེང་ཕྱོགས་ལ་ཐལ་ཆེ་བའི་ཤན་ཤུགས་བསྐྱེད་ཅིང་། ཚགས་པར་ཕལ་མོ་ཆེ་ནི་ཐོབ་ཟིན་པའི་ཁེ་ཕན་ཚོགས་པས་ཚོད་འཛིན་བྱས་པ་ཡིན།

  རྒྱལ་ཁབ་འདིར་དངུལ་ལ་ཐལ་ཆེ་བའི་རྩིས་མཐོང་བྱེད་པ་ནི་ཡོ་རོབ་ལས་ཀྱང་ཚབས་ཆེ་མོད། ངས་བལྟས་ན། ད་ལྟ་འདི་ཉམས་དམས་སུ་ཕྱིན་ཡོད་དེ། མི་རྣམས་ཀྱིས་མཐར་ནི་སྤྲོ་སྐྱིད་དང་ཡིད་བཞིན་དུ་འགྲུབ་པར་འོང་བའི་འཚོ་བ་ལ་རྒྱུ་ནོར་འབོར་ཆེན་ཞིག་ངེས་པར་དུ་མཁོ་བ་གཏན་ནས་མིན་པ་དེ་མྱོང་ཐུབ་པར་གྱུར་པའི་མགོ་ཚུགས་ཡོད།

  སྒྱུ་རྩལ་སྐོར་གྱི་ཕྱོགས་ནས། དེང་རབས་འཛུགས་སྐྲུན་དང་ཉིན་མཁོའི་དངོས་རྫས་ལས་མངོན་པར་མཚོན་པའི་མཛེས་པའི་ཁྱད་ཆོས་ཀྱིས་དངོས་ནས་ཁོ་བོའི་ཡིད་དབང་འཕྲོག་འོང་། ཕྱོགས་གཞན་ཞིག་ནས་ཡོ་རོབ་དང་བསྡུར་ན། སྒྱུ་རྩལ་དང་རོལ་མོ་ལ་གཟིགས་པ་དང་དེ་ལོངས་སུ་སྤྱོད་པའི་རྒྱལ་ཁབ་འདིའི་མི་དམངས་ཀྱི་འཚོ་བའི་ཁྲོད་ཀྱི་གོ་གནས་ནི་དེ་ལས་ལྡོག་སྟེ་ཧ་ཅང་གླེང་རིན་མེད་པ་ཞིག་རེད།

  ཁོ་བོ་ནི་ཨ་རིའི་ཚན་རིག་ཞིབ་འཇུག་ལས་ཁུངས་ཀྱི་གྲུབ་འབྲས་ལ་ཤིན་ཏུ་ནས་བརྩི་འཇོག་ཡིད་སྨོན་སྐྱེས་ཡོད། གལ་ཏེ་ང་ཚོས་ཨ་རིའི་ཚན་རིག་ཞིབ་འཇུག་གི་བྱ་བ་ཉིན་རེ་བཞིན་ཡར་རྒྱས་ཡོང་བའི་གནས་བབ་བཟང་པོ་ཉིད་འགྲོ་གྲོན་གྱིས་འདང་བ་ལ་བརྟེན་རྩིས་བྱས་ཚེ། དེ་ནི་དྲང་གཞག་མ་ཡིན་ཏེ། བློ་རྩེ་གཅིག་ཏུ་གཞོལ་བ་དང་སྲ་ཞིང་བརྟན་ལ་བཟོད་བསྲན་ཆེ་བ། གཏན་འདུན་གཅིག་པའི་མཛའ་མཐུན་གྱི་སྙིང་སྟོབས་དང་དེ་མིན་ཐུན་མོང་གིས་མཉམ་ལས་བྱས་པའི་འཇོན་ནུས་ཀྱིས་གང་དེའི་ཚན་རིག་གི་གྲུབ་འབྲས་ཁྲོད་དུ་གལ་ཆེའི་ནུས་པ་ཐོན་ཡོད།

  མཇུག་མ་བསྡུས་པའི་སྔོན་ལ། ད་རུང་མཐོང་ཐོས་བསམ་ཚུལ་ཉུང་ཙམ་ཞིག་བརྗོད་རྒྱུ་ཡོད། ཨ་རི་ནི་ཉེ་བའི་ཆར་འཛམ་གླིང་གི་ལག་རྩལ་སྔོན་ཐོན་ཅན་གྱི་རྒྱལ་ཁབ་དག་ལས་ཆེས་སྟོབས་ཤུགས་ལྡན་པའི་རྒྱལ་ཁབ་ཞིག་ལགས་ཏེ། ཨ་རིས་རྒྱལ་སྤྱིའི་འབྲེལ་བ་ཐག་གཅོད་བྱས་པའི་འཕེལ་རྒྱས་ལ་ཤུགས་རྐྱེན་བཞག་པ་ནི་དཔོག་རྩིས་བྱེད་མི་རུང་བར་སྨོས་ཅི་དགོས། ཨ་རི་ནི་རྒྱལ་ཁབ་ཆེན་མོ་ཞིག་རེད། ཡིན་ཡང་ཨ་རིའི་མི་དམངས་ཀྱིས་ད་ལྟའི་བར་དུ་གལ་འགངས་ཆེ་བའི་རྒྱལ་སྤྱིའི་གནད་དོན་ལ་ད་དུང་མོས་པ་ཆེ་ཞིག་མཚོན་མེད་ཅིང་། ལར་དམག་མི་ཉུང་འཕྲི་བྱས་པའི་གནད་དོན་གྱིས་རྒྱལ་སྤྱིའི་གནད་དོན་ཁྲོད་གོ་གནས་ཐོག་མ་བཟུང་ཡོད། གལ་སྲིད་ཨ་རི་རང་ཉིད་ཀྱི་ཁེ་ཕན་ཁོ་ནའི་ཆེད་དུ་བསམ་པ་ཡིན་པའི་དབང་དུ་བཏང་ན་ཡང་། འདི་ལྟ་བུའི་གནས་ཚུལ་ནི་ངེས་པར་དུ་བསྒྱུར་བཅོས་བྱ་དགོས། ཐེངས་སྔོན་མའི་འཛམ་གླིང་འཁྲུག་ཆེན་གྱིས་ཕྱོགས་སོ་སོའི་སྐམ་ས་ཆེན་པོའི་བར་སྒྲིབ་དངོས་གང་དང་གང་ཡང་སླར་མི་གནས་ཤིང་། རྒྱལ་ཁབ་མཐའ་དག་གི་ལས་དབང་ཡོད་ཚད་དམ་དུ་སྦྲེལ་ཡོད་པ་ཡང་ར་སྤྲོད་བྱས་ཟིན་ཡོད། ཨ་རིའི་མི་དམངས་ཀྱིས་ངེས་པར་དུ་ཤེས་དགོས་པ་ཞིག་ལ། ཁོ་ཚོས་རྒྱལ་སྤྱིའི་ཆབ་སྲིད་ཀྱི་ཁྱབ་ཁོངས་ནང་འགན་འཁྲི་ཆེ་ཞིག་འཁུར་ཡོད། དེ་མིན་ལོགས་སུ་བསྡད་ནས་ལྟད་མོར་ལྟ་མཁན་གྱི་འཁྲབ་གཟུགས་དེ་ནི་རྒྱལ་ཁབ་འདི་དང་ཆ་མི་མཚུངས་པར་མ་ཟད། མཐར་ཐུག་ན་འཛམ་གླིང་རང་བཞིན་གྱི་གོད་ཆག་སློང་དགོས་པའང་དགོས་ངེས་ཆེ་བ་ཞིག་གོ །

  《ཨེན་སི་ཐན་གྱི་གསུམ་འབུམ་ཕྱོགས་བསྒྲིགས》པོད་གསུམ་པ་ལས་བཤུས་ཏེ་བསྒྱུར།

  ----------------

  མཆན། ① ཨེན་སི་ཐན་གྱིས1921ལོའི་ཟླ3-5པའི་བར་ཨ་རིར་ཆེས་ཐོག་མར་འདྲི་གཏུག་གནང་སྟེ་ཕྱིར་འཇར་མན་དུ་ལོག་རྗེས། ཧོ་ལན་གྱི<<རོ་ཐིར་རྡེམ་སི་ཆིའི་བང་ཆེན་ཚགས་པར་གསར་པ>>(Nieuwe Rotterdamsche Courant)ཡི་གསར་འགོད་པར་ཨ་རིར་འདྲི་གཏུག་གནང་བའི་དགོངས་ཚུལ་བརྗོད་པ་ཡིན་ལ། བཀའ་མོལ་ཟིན་ཐོ་འདིའི་ནང་དོན་ཧྲིལ་པོ་ཐོག་མར1921ལོའི་ཟླ7པའི་ཚེས7ཉིན<<པེར་ལེན་ཚགས་པར>>(Berliner Tageblatt)སྟེང་བཀོད། 1921ལོའི་ཟླ7པའི་ཚེས31ཉིན<<ཉུག་ཡོའུ་ཚགས་པར>>(New york Times)གྱིས་ཁག་ཅིག་བརྒྱུད་འགོད་བྱས་མྱོང་ལ། འདི་ཉིད<<བསམ་བློ་དང་བཞེད་ཚུལ>>P.3-7ལས་བཤུས་ཤིང་བཀའ་མོལ་འདིའི་ཁག་ཅིག་ཡིན། ཁ་བྱང་ཡང<<བསམ་བློ་དང་བཞེད་ཚུལ>>ལས་བཀོལ་བ་ལྟར་ཡིན། སྒྲིག་སྒྱུར་པས།

  ①འདིའི་སྐབས་ཀྱི“བརྣབས་སེམས་རིང་ལུགས”ནི“དངོས་ཕན་རིང་ལུགས”ཞེས་བསྒྱུར་ཀྱང་ཆོག་ཏེ། འཇར་མན་སྐད་དུMaterialismusཟེར་ཞིང་། ཨིན་ཇིའི་སྐད་དུMaterialismབྱ་སྟེ་མཚན་ཉིད་རིག་པའི་སྟེང་གི“དངོས་གཙོ་སྨྲ་བ”དང་གཅིག་མཚུངས་ཡིན་ནོ། །འདིའི་སྐབས་ཀྱི“ཕུགས་བསམ་རིང་ལུགས”ནི་འཇར་མན་སྐད་དུIdealismusཟེར་ཞིང་། ཨིན་ཇིའི་སྐད་དུidealismབྱ་སྟེ་མཚན་ཉིད་རིག་པའི་སྟེང་གི“སེམས་གཙོ་སྨྲ་བ”དང་གཅིག་མཚུངས་ཡིན་ལ། སྔ་ཕྱི་གཉི་གའི་སྙིང་དོན་ཀྱང་རྩ་བ་ནས་མཚུངས་པ་མིན་ནོ། །སྒྲིག་སྒྱུར་པས།

  ②ཨ་རིའི་རྒྱལ་ཚོགས་ཀྱིས1919ལོར<<ཆང་ཁྲིམས་བཀག་སྡོམ>>(禁酒法)ཐོག་ནས་གཏན་ལ་ཕབ་ཀྱང་ལག་ལེན་དུ་འཁྱོལ་ཐབས་བྲལ་བས། 1933ལོར། སླར་ཁྱབ་བསྒྲགས་བྱས་ནས་མེད་པར་མི་བཟོ་ཀ་མེད་ཐུག་པའོ། །སྒྲིག་སྒྱུར་པས།

ཡོང་ཁུངས། ཀྲུང་གོའི་བོད་ཀྱི་དྲ་བ།

  རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།