དཔེ་དེབ་ཅིག་གིས་ང་ཡི་དྲན་པ་བརྐུས་ཚུལ་།
སྤེལ་བའི་དུས་ཚོད། : 2018-01-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀན་ལྷོ། ཀྱེ་ཕུར་མཆོག་གསུམ།

དཔེ་དེབ་དེ་གླེང་ན་ངའི་བྱིས་དུས་ཀྱི་འཚོ་བ་ནས་མགོ་མི་འཛུགས་ཀ་མེད་རེད། ངའི་ཨ་ཕ་ནི་ང་བརྒྱད་ལོར་གྲལ་རིམ་འཐབ་རྩོད་བྱས་ཏེ་བཙོན་དུ་བཅུག་པའམ་ཟིང་འཁྲུག་འདུ་ལོང་སོགས་སུ་ཞུགས་ནས་ལུས་པོར་རྨས་སྐྱོན་ཕོག་ཅིང་སེམས་སུ་བརྗེད་དཀའ་བའི་རྨ་ཁ་གང་མང་བཟོས་ཡོད་པས། ཁོང་ནི་སྐྱིད་ལ་བརྒྱབ་པའི་གྱོ་རྒྱ་དང་སྡུག་ལ་བརྒྱབ་པའི་སྔོ་རྒྱ་ཞིག་ཡིན་ཞེས་བཤད་ཀྱང་ཆོག་གོ། །

སྤྱི་ཚོགས་ཀྱི་གཙུབ་བརྡར་ལས་ཐོན་པའི་མི་ནི་རྣོ་ལྕགས་ལྟ་བུ་ཡིན་ཞེས་པའི་བཤད་ཚུལ་ལྟར་ཁོང་ནི་བསམ་བློའི་གོ་རྟོགས་མཐོ་ཞིང་ཤེས་ནུས་འཇོན་གསུམ་སོགས་ཀྱང་ས་གནས་ཀྱི་མགོའི་ཞྭ་མིན་རུང་རྐང་གི་ལྷམ་མིན་པ་ངས་ཁ་ཚོན་བཅད་དེ་བཤད་སྤོབས། ཁོང་གིས་ངེད་བུ་སྤུན་ཚོ་ཡང་རེ་རེ་བཞིན་སློབ་གྲྭར་བསྐྱལ་ཏེ་ཡིག་རྨོངས་ཕལ་ཆེར་བསལ་ཚར་ཡོད་ལ། ངའང་སློབ་ཆུང་གི་སྒོ་ཐེམ་མ་བརྒལ་གོང་ནས་བོད་ཡིག་གི་ནང་དོན་ཆེར་མི་གོ་ཡང་རྒྱུན་སྤྱོད་ཀྱི་ཐ་སྙད་མང་པོ་ཞིག་བློ་ངོ་ནས་ཐོགས་མེད་དུ་འདོན་ཐུབ་པ་ཡིན། ཡིན་ཡང་སྐབས་དེར་འབྲོག་ཕྱོགས་ཀྱི་ས་ཆ་མང་ཆེ་བར་གོང་རིམ་གྱི་བཀའ་ཡིག་མ་འབྱོར་ན་བྱིས་པ་རང་འགུལ་གྱིས་སློབ་གྲྭར་བསྐྱལ་བའི་གོམས་སྲོལ་གཏན་ནས་མེད་པས་ང་རང་ལོ་བཅུ་ཁར་སོན་ཡང་ད་དུང་གནག་ཕྱུགས་དང་གཡང་དཀར་གྱི་རྗེས་སུ་རྐང་རྗེས་མི་དཔར་ཀ་མེད་བྱུང་།

ཉིན་ཞིག་ང་ལུག་རྫིར་སོང་ནས་ཕྱི་དྲོའི་གྲིབ་ཆེན་དང་མཉམ་དུ་ལུག་དེད་ནས་ཕྱིར་ཡུལ་ལ་སླེབས་དུས་ཕུ་བོའང་སློབ་གྲྭ་ནས་ཡུལ་དུ་སླེབས་འདུག ངས་ཕུ་བོའི་ཁུར་ཁུག་ལས《ཨ་མདོའི་རོགས་འཐེན་འདེམ་སྒྲིག》ཅེས་པའི་དཔེ་དེབ་ཅིག་མཐོང་བས། དེར་ལྟ་འདོད་ཀྱི་སྲེད་པ་གནམ་ལ་མི་ཤོང་བ་ཞིག་ལངས་མོད། ང་ཨ་ཕ་དང་ཕུ་བོ་དག་ལ་ཤིན་ཏུ་སྐྲག་པས་དཔེ་དེབ་དེར་ལྟ་འདོད་ཀྱི་རེ་བ་གཏན་ནས་འདོན་མ་ཐུབ་པར་དུས་ཡུན་གང་འཚམ་ཞིག་སོང་ཚར། དུས་ཡུན་དེ་དག་གི་རིང་ལ་ངས་དཔེ་དེབ་དེ་ལག་ཏུ་བཟུང་ནས་ལུག་རྫིར་འགྲོ་ཞིང་། དཔེ་དེབ་དེས་ངའི་སེམས་རྨང་ནས་བཀུག་སྟེ་ལུག་ཁྱུ་རི་ལ་ཤོར་ཞིང་གཞན་ལ་འདྲེས་པས་ཨ་ཕས་བཀའ་བཀྱོན་གྱི་ལྕག་ཚན་གཞུས་པ་སོགས་རྨི་ལམ་གྱི་བུ་མོས་ང་ལ་ཡང་ཡང་ལབ་མྱོང་། དེ་ཡང་ངའི་མི་ཚེའི་གོ་རིམ་ནི་ཟློས་གར་ཞིག་ཡིན་པའི་དབང་དུ་བཏང་ན་དེ་ནི་གསེར་མདོག་འཚེར་བའི་འཁྲབ་ཚན་ཞིག་ཏུ་ངོས་བཟུང་མི་ཆོག་པ་ཆེར་མེད་སྙམ།

རང་གི་ལས་དབང་གི་བཀོད་སྒྲིག་དང་མི་ཚེ་ཡི་དཀྱོག་མཚམས་གང་ཞིག་ཡིན་པ་ཆ་མ་འཚལ་ཡང་།ཉིན་ཞིག་ཡུལ་ཚོའི་སྲིད་གཞུང་ནས་ང་རང་སློབ་གྲྭར་འགྲོ་དགོས་པའི་བརྡ་སྦྱོར་འབྱོར་སོང་།སྤྱིར་ང་ལ་མཚོན་ན་དེ་ནི་ཤིན་ཏུ་དགའ་འོས་པའི་དོན་བཟང་ཞིག་ཡིན་དུ་ཆུགས་ཀྱང་།སྐབས་ཐོག་དེའི་ང་ནི་འཇིགས་དངངས་སྐྲག་གསུམ་གྱིས་གཙེས་པའི་ཡུ་མོ་རྨས་མ་ཞིག་དང་འདྲ་བར་ཅི་བྱ་གཏོལ་བྲལ་དུ་གྱུར་སོང་། རྒྱུ་མཚན། སློབ་གྲྭ་ཞེས་པ་ནི་དྲིན་ཆེན་གྱི་ཕ་མ་ཚོས་ནམ་ཡང་བྱིས་པར་སྐྲག་སློང་བྱེད་ཀྱི་བརྡ་ཆད་ཅིག་ཏུ་གྲུབ་ཚར་བ་དང་ཡང་ན་ངའི་སྣང་ངོར་གཡང་དཀར་ལུག་གི་འབའ་སྒྲ་དང་རྫི་བོ་ཕོ་མོའི་རྫི་གླུ་སིང་སིང་གི་འགྱུར་ཁུག་ལས་གཞན་གང་ཡང་མེད་པས་ཀྱང་ཡིན་སྲིད།

གང་ལྟར་ཉིན་དེ་ནས་བཟུང་ངས་ཀ་ཁའི་དབྱངས་རྟ་ངག་གི་སྒོ་མོ་ནས་ཐོལ་གྱིས་གྱེར་ཏེ་དབྱངས་གསལ་གྱི་སྡེབ་སྦྱོར་ལ་བརྒྱུས་པའི་ཡིག་ཕྲེང་དག་གི་མངར་ཁའང་སེམས་ཀྱིས་མྱངས་པ་ཡིན། ལོ་ཟླ་རིམ་བརྒྱུད་ཀྱི་གོ་རིམ་ཁྲོད་ནས་ངས་ཕུ་བོའི་དཔེ་ཁུག་ལས་མཐོང་བའི་དེབ་དེ་ལག་སོན་བྱུང་སྟེ་རང་གིས་ཡུན་རིང་ལ་སེམས་སུ་ཉར་བའི་རྨི་ལམ་ཞིག་མངོན་འགྱུར་བྱུང་བ་དང་རང་ལ་ཆེས་ཐོབ་འདོད་པའི་དངོས་པོ་དེ་ལག་ཏུ་འབྱོར་བའང་ག་ལ་མིན། གནམ་ལ་མི་ཤོང་ཞིང་ས་ལ་མི་ཆུད་པའི་དགའ་བ་ཞིག་བསྣམས་ནས་ངས་ནམ་རྒྱུན་དཔེ་དེབ་དེ་མཆན་ལ་བཙིར་ཅིང་ལག་ལ་བཟུང་ནས་ངོས་ཀྱི་ཡིག་འབྲུ་རེ་རེ་བཞིན་སེམས་ཀྱིས་བཀླགས་ཤིང་དོན་གྱིས་ཉར་ཏེ་རང་གི་ལུས་ཀྱི་སྲུང་འཁོར་དང་སེམས་ཀྱི་ཚེ་ནོམ་དུ་རློམ་པ་ཡིན།

ད་ལྟ་བརྗེད་ངས་ཀྱི་ཆོམ་རྐུན་དེས་ཡོད་ཚད་བཅོམ་ཚར་བས་གསལ་པོ་ཞིག་མི་དྲན་ཡང་ཕྱི་ཤུན་དམར་ཁྲའི་སྟེང་དུ་གསེར་མདོག་གི་ཡི་གེ་བྲིས་ཡོད་པའི་དེབ་དེ་ནི་ཕལ་ཆེར་མཚོ་སྔོན་མི་རིགས་དཔེ་སྐུན་ཁང་གིས1988ལོར་པར་དུ་བཏབ་པ་ཞིག་ཡིན་པ་འདྲ། དེབ་དེར་ཉི་མ་ཚེ་རིང་དང་ཟླ་བཟང་སྒྲོལ་མ། དོན་གྲུབ་རྒྱལ་ལོ་དང་ཡེ་ཤེས་སྒྲོལ་མ། བུ་དོན་གྲུབ་ཀྱི་སྡུག་གླུ། མནའ་བཅད་ལྷ་སྐྱབས། འུ་ལག་གི་སྐྱོ་གླུ། ལྷ་ཡག་དང་ཀླུ་མོ་འཚོ། མ་ལྷ་གོ། བུ་མོའི་རེ་སྨོན། ཡ་རིའི་ཨ་བསོད། ཁ་གྱའི་སྐྱབས་ལོ། མནའ་བཅད་དོན་ཁོ་དང་སྨན་ཚོང་ཚེ་སྐྱིད་སོགས་དམངས་ཁྲོད་རྩོམ་རིག་གི་རོ་བྲོ་རུས་རྐང་ལ་འཐིམས་པའི་བརྩམས་ཆོས་མང་པོ་ཞིག་བཀོད་འདུག དེ་དག་གིས་ངའི་རྣམ་ཤེས་ཀྱི་གཡུ་སྦྲང་སྤྲོ་སྣང་གི་སྤང་ཐང་ལ་དྲངས་པ་ཉུང་ཉུང་མིན་ལ། ངའི་སེམས་ཁྲལ་གྱི་བྲང་གཞུང་སྐྱོ་སྣང་གི་འདམ་བག་ལ་འབྱར་བའང་ཐེངས་གཅིག་ག་ལ་ཡིན།“རྩོམ་རིག་ནི་སྤྱི་ཚོགས་འཚོ་བ་ལས་བྱུང་སྟེ་སླར་ཡང་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བའི་ཐབས་ལམ་གལ་ཆེན་ཞིག་ཡིན”ཟེར་བ་དངོས་གནས་རེད། གཏམ་རྒྱུད་ཁྲོད་ཀྱི་ཕོ་མོ་དེ་དག་གི་གཡོ་སྒྱུ་དང་ཚུལ་འཆོས་ཀྱིས་མ་གོས་ཤིང་ལྷད་མེད་རུས་གསེང་ལ་འཐིམས་པའི་བརྩེ་དུང་གིས་ང་ཚོར་གཟུར་དུ་མེད་པའི་འགན་འཁྲི་ཞིག་དཀྲིས་འདུག་ལ། རང་གི་འཚོ་ལམ་ལ་བཏང་བའི་དྭངས་གཙང་གི་འབོད་པ་ཞིག་ཀྱང་ཐོས་སུ་འཇུག་ཐུབ། སྐབས་དེར་ང་ལོ་ན་ཧ་ཅང་ཕྲ་བས་བརྩེ་དུང་ཟེར་བའི་གཏམ་རྒྱུད་དེའི་བརྗོད་སྙིང་སོ་ཡིས་མ་ཆོད་ཀྱང་མི་སྣ་རེ་རེའི་འོས་མིན་གྱི་སྐྱེ་འཆི་ལ་རང་དབང་མེད་པར་མིག་ཆུ་ཕུད་དེ་སེམས་སྡུག་ལ་སྦྱར་བ་ཧ་ཅང་མང་། དེང་སྐབས་ཕྱིར་དྲན་ཞིག་བྱས་ན་དེའང་བརྩེ་དུང་གི་ས་བོན་ཞིག་སྙིང་ལ་བཏབ་པ་ག་ལ་མིན་ཨང་།

དེ་ལྟར་ལོ་ཟླའི་ཆར་རླུང་ཁྲོད་དུ་སློབ་གྲྭ་ཆུང་འབྲིང་ཆེ་གསུམ་རིམ་པར་བརྒྱུད་དེ་སྤྱི་ཚོགས་ཀྱི་མཚོ་འཇིངས་སུ་ག་ལེར་ཞུགས་པའི་དེ་རིང་ཡང་ངས་གཅེས་པའི་སྲོག་བཞིན་ཉར་ཏེ།ཕྱི་ཐུམ་རིམ་པར་བརྗེས་པའི་དེབ་ཆུང་དེའང་ད་དུང་མིག་ལམ་དུ་འཆར་གྱིན་འདུག དེའང་རྒྱུ་མཚན་དང་གནས་ལུགས་མེད་པའི་དྲན་གདུང་ཞིག་ག་ལ་ཡིན་ཏེ། གཏན་ནས་མིན་ནོ། །དམངས་རྩོམ་དེ་དག་གི་ཚིག་སྦྱོར་དང་དོན་གསལ་ཞིང་གོ་སླ་བའི་ནང་དོན་གྱིས་ང་རང་རྩོམ་འབྲིའི་ལམ་ཁར་ཐོག་མར་ཁྲིད་པ་ཡིན་ལ། དེ་ནས་བཟུང་ངས་ཀྱང་ཚིག་སྒྲིག་ཡིན་ལ་མིན་པ། རྩོམ་ཡིག་ཡིན་ལ་མིན་པ། སྙན་ངག་ཡིན་ལ་མིན་པ་མང་པོ་ཞིག་འབྲི་བའི་མགོ་བརྩམས་པ་ཡིན་ལ། རང་གི་དགའ་སྐྱོ་ཆགས་སྡང་གི་ཚོར་འདུ་རེ་རེ་ཚིག་གི་སྦྱོར་བར་སྤེལ་ཏེ་སྤྱི་ཚོགས་སུའང་བཀྲམ་པ་ཡིན། མིའི་དགའ་མོས་དང་དད་ཞེན་ཟེར་བ་ནི་བྱ་དངོས་གང་རུང་ཞིག་དང་ཡང་ན་མི་སྣ་ཆེ་གེ་མོ་ཞིག་གི་སྣང་བརྙན་ལས་སྦྱིན་ཞིང་དེའི་ས་བོན་གྱི་འབྲས་བུ་དྲན་པའི་སྤང་དང་ཀླད་པའི་མཁའ་ལས་རིམ་གྱིས་མཆེད་དེ་དོན་ལ་དབབ་དགོས་པ་མིན་ནམ། དེ་བས་ངའང《ཨ་མདོའི་རོགས་མཐུན་འདེམ་སྒྲིག》ཅེས་པའི་དེབ་དེས་གནང་བའི་ཚོར་བས་སྣེ་དྲངས་ཏེ་ད་ལྟའི་བར་དུ་གྲངས་འབོར་སྟོང་ལས་བརྒལ་བའི་ཚིག་སྦྱོར་མང་པོ་སྤེལ་མྱོང་ལ། དེ་དག་ནི་ཚིག་གི་ཉིང་བཅུད་བསགས་པའི་སྒྱུ་རྩལ་རྩོམ་རིག་ཅིག་ཡིན་འདོད་པའི་ཁ་ཕོ་ང་ལ་གཏན་ནས་མེད་ལ། དེ་ལས་དོན་གྱི་བཅུད་ཅིག་རང་ཆགས་སུ་གནས་ཡོད་ཅེས་ཀྱང་ལབ་མ་མྱོང་། དེས་ན་གང་ཡིན་ཟེར་ན། དེ་ནི་ངའི་མི་ཚེའི་འཚོ་བ་ཡིག་ངོར་ཕབ་པའི་ཟིན་ཐོ་ལགས་སོ་ཞེས་མགྲིན་པ་གཟེངས་སུ་བཏེགས་ནས་བཤད་ཀྱང་སྤོབས་ལ་བཤད་ངེས་ཀྱང་ཡིན་ནོ། །

ང་ཚོའི་ངག་རྒྱུན་དུ་དཔེ་དེབ་ཀློག་དགོས། དཔེ་དེབ་བཟང་པོ་བཀླག་དགོས་ཟེར་བའི་བཤད་སྲོལ་ཞིག་ཡོད་དེ། དེ་ནི་དངོས་ནས་བདེན་པ་རེད། དཔེ་དེབ་ཀློག་པ་ནི་རིག་པའི་གཏེར་ཁ་སྔོག་པ་ཡིན། དཔེ་དེབ་ཀློག་པ་ནི་རང་ཉིད་ཕྱུག་པོར་བསྒྱུར་བ་ཡིན། དཔེ་དེབ་ཀློག་པ་ནི་འཚོ་བའི་ཉིང་བཅུད་དང་དུས་ཀྱི་བཀྲག་མདངས་གཞིབ་པ་ཡིན། ཡིན་ཡང་དཔེ་དེབ་ཀློག་དུས་ངེས་པར་དུ་རིན་གོང་མཐོ་ཞིང་རྒྱུ་སྤུས་ལེགས་པའི་དཔེ་དེབ་རྐྱང་རྐྱང་བཀླག་དགོས་པའི་ངེས་པ་མེད་པར་རང་གི་འཚོ་བ་དང་ཐག་ཉེ་ཞིང་རང་བློས་འཆུན་པའི་དེབ་དག་ནས་མགོ་བཟུང་སྟེ་བཀླགས་ན་ཤིན་ཏུ་ལེགས་པར་འདོད་ལ། དེ་ལས་ཀྱང་གལ་ཆེ་བ་ནི་རང་གི་ལས་རིགས་དང་དགའ་མོས་ལ་མེ་ཁ་གསོ་ཐུབ་ཅིང་། བརྡ་སྤྲོད་དང་དོན་ནོར་གྱི་རྒོད་པོ་དེབ་ངོས་སུ་ཡོམ་ཡོམ་འཁོར་བའི་དེབ་དག་དང་རིང་དུ་བྲལ་དགོས་པར་འདོད། དེ་ནི་ང་རང་གིས་སེམས་ཚོར་གྱི་རྒྱན་ཆ་དཀྲི་སྟངས་ཤིག་གམ་དཔེ་ཀློག་གི་ལས་ལམ་ལ་ཐོག་མར་ཞུགས་སྟངས་ཤིག་ཡིན་ཞེས་སྨྲས་པའོ། །

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།