ཨ་རིའི་མེ་མདའ་བརྒྱབ་པའི་དོན་རྐྱེན་ཁྲོད་མི་༥༩གྲོངས་པ།
སྤེལ་བའི་དུས་ཚོད། : 2017-10-03 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

   

 

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ།       སྤྱི་ཚེས་༢ཉིན་ཨ་རིའི་ནུབ་རྒྱུད་གྲོང་ཁྱེར་ལ་སེ་ཝེ་ཀཱ་སེའི་ཉེན་རྟོག་ཕྱོགས་ནས་བསྒྲགས་པ་ལྟར་ན། ས་གནས་དེ་གའི་དུས་ཚོད་ཀྱི་སྤྱི་ཚེས་༡ཉིན་གྱི་དགོང་མོར་གྲོང་ཁྱེར་དེར་ཐོན་པའི་མེ་མདའ་བརྒྱབ་པའི་དོན་རྐྱེན་ཁྲོད་ཉུང་མཐར་ཡང་མི་༥༩རྐྱེན་ལམ་དུ་ཤོར་བ་དང་།  མི་༥༢༧ལ་རྨས་སྐྱོན་ཕོག་ཡོད་པ་རེད།

   ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་བརྟག་དཔྱད་ཅུད་ཀྱིས་མིག་སྔའི་ཆར་མེ་མདའ་བརྒྱབ་པའི་དོན་རྐྱེན་དེ་རྒྱལ་སྤྱིའི་འཇིགས་སྐུལ་སྒྲིག་འཛུགས་དང་འབྲེལ་བ་ཡོད་པའི་དཔང་རྟགས་རྙེད་མེད་ཅེས་བསྟན་འདུག

     དོན་རྐྱེན་དེ་ནི་ཨ་རིའི་དེང་རབས་ལོ་རྒྱུས་ཐོག་མེ་མདའ་བརྒྱབ་པ་ཆེས་ཚབས་ཆེ་ཤོས་ཤིག་ཡིན་པ་དང་།  མེ་མདའ་ཁྱེར་བའི་མི་ཞིག་གིས་ལ་སེ་ཝེ་ཀཱ་སེ་གྲོང་ཁྱེར་གྱི་མན་ཏེ་སླེ་མཚོ་ཁུག་མགྲོན་ཁང་གི་ཐོག་བརྩེགས་༣༢ནས་རོལ་དབྱངས་དུས་ཆེན་ལ་ཞུགས་མཁན་མི་ཚོགས་ལ་མེ་མདའ་བརྒྱབ་པ་དང་།   ཉེན་རྟོག་ཕྱོགས་ལ་གནས་ཚུལ་སྙན་ཞུ་འབྱོར་རྗེས་འཇབ་རྒོལ་བྱེད་མཁན་གནས་སའི་ཁང་པའི་ནང་དུ་ཤོར་སྐབས།   དོགས་ཡོད་པ་གྲོངས་ཟིན་ཡོད་པ་རེད།  ཉེན་རྟོག་ཕྱོགས་ནས་ར་སྤྲོད་བྱས་པར།  དོགས་ཡོད་མི་སྣ་ནི་ལོ་༦༤ལ་སོན་པའི་ས་གནས་དེ་གའི་ཡུལ་མི་སེ་ཏི་ཧྥེན་ཕཱ་ཐོ་ཁེ་ཡིན་པ་དང་།  འཇིགས་སྐུལ་བྱེད་པའི་དམིགས་ཡུལ་གསལ་པོ་མེད་པ་རེད།  

                                                                           

 

      མེ་མདའ་བརྒྱབ་པའི་དོན་རྐྱེན་དེ་ནི་ས་གནས་དེ་གའི་དུས་ཚོད་ཀྱི་སྤྱི་ཚེས་༡ཉིན་གྱི་དགོང་མོའི་ཆུ་ཚོད་༡༠ཡས་མས་ཡིན་པ་དང་།  སྐབས་དེ་དུས་མི་ཉིས་ཁྲི་ཉིས་སྟོང་ལས་བརྒལ་བ་མན་ཏེ་སླེ་མཚོ་ཁུག་མགྲོན་ཁང་ཉེ་འགྲམ་དུ་གཉེར་བའི་ཐོག་ཁེབས་མེད་པའི་རོལ་དབྱངས་དུས་ཆེན་ཞིག་ཏུ་ཞུགས་བཞིན་ཡོད་ལ།  གློ་བུར་དུ་མེ་མདའ་འཕེན་པའི་སྒྲ་ཆེན་པོ་ཞིག་གྲགས་པ་དང་། ཉེན་རྟོག་པ་འབོར་ཆེན་དེ་སླེབས་རྗེས་གཞི་ཁྱོན་ཆེ་བའི་འཚོལ་ཞིབ་བྱ་སྤྱོད་སྤེལ་ཡོད།    

                                                                   

                ཅིའུ་ཅི་ཧྲན་དུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་གཞུང་ཚབ་ཁང་གིས་སྤྱི་ཚེས་༢ཉིན་བརྡ་ཁྱབ་བཏང་ནས།   མིག་སྔའི་ཆར་ཀྲུང་གོའི་སྤྱི་དམངས་ལ་སེ་ཝེ་ཀཱ་སེའི་མེ་མདའ་བརྒྱབ་པའི་དོན་རྐྱེན་ཁྲོད་ཤི་རྨས་བྱུང་བའི་སྙན་ཞུ་འབྱོར་མེད་ཅེས་བསྟན་འདུག

        སྤྱི་ཁྱབ་ལས་འཛིན་ཁང་གིས་ཨ་རིར་ཡོད་པའི་ཀྲུང་གོའི་སྤྱི་དམངས་ཀྱིས་བདེ་འཇགས་དུས་བབ་ལ་དོ་ཁུར་ཆེན་པོ་བྱས་ཏེ།  བདེ་འཇགས་ཉེན་ཟོན་འདུ་ཤེས་ཆེ་རུ་བཏང་ནས།  མི་སྣ་རུབ་འདུས་ཆེ་སའི་ས་ཁུལ་དུ་འགྲོ་མི་རུང་བ་དང་།   གལ་ཏེ་རྒྱུན་གཏན་མིན་པའི་གནས་ཚུལ་ཐོན་ཚེ།   བདེ་འཇགས་འགན་ལེན་བྱེད་པའི་སྔོན་འགྲོའི་འོག་ཉེན་རྟོག་པར་སྙན་སེང་ཞུས་ནས་རོགས་རམ་ཐོབ་ཐབས་བྱ་དགོས་པའི་དྲན་སྐུལ་བྱས་ཡོད། 

 

 ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

ཡིག་སྒྱུར། བསྟན་འཛིན་འཇམ་དཔལ།