རྒྱལ་ཡོངས་བོད་ཡིག་སྨྱན་བྱད་མཐུན་སྦྱོར་ཚོགས་འདུ་སྐབས་བཅུ་བདུན་པ་དང་རྒྱལ་ཡོངས་བོད་ཡིག་སྨྱན་བྱད་མཉམ་འདྲེས་འཕེལ་རྒྱས་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་ཁྲིན་ཏུའུ་ནས་ཚོགས་པ།
སྤེལ་བའི་དུས་ཚོད། : 2017-09-06 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ་ལི་ཀྲུའོ་ཡིས་ཤིས་ཚིག་འབུལ་བཞིན་པ།

སི་ཁྲོན་ཏང་གི་འཛུགས་སྐྲུན་དུས་དེབ་ཚོགས་སྒྲིལ་གྱི་ཏང་ཨུའི་ཧྲུའུ་ཅི་དང་ཏུང་ཧྲི་ཀྲང་ཀྲང་ཙེ་ཀང་གིས་གཏམ་བཤད་གནང་བཞིན་པ།

མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་ཚེ་མགོན་གྱིས་རྒྱལ་ཡོངས་བོད་ཡིག་སྨྱན་བྱད་མཐུན་ཚོགས་ཀྱི་ཚབ་བྱས་ཏེ་གཏམ་བཤད་གནང་བཞིན་པ།

བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་བཀྲ་ཤིས་དཔལ་ལྡན།

རྫོགས་ལྡན་གྱི་དུས་ཚིགས་འདིར་སྤོས་ལྡན་གྲོང་དུ་མེ་ཏོག་གི་འདབ་བརྒྱ་ཡངས་པོར་གྲོལ་ཞིང་བཀྲགས་མདངས་རྣམ་པར་རྒྱས་པ་དང་། མཁར་གྲོང་ཡོངས་སུ་གསོན་ཤུགས་ཀྱིས་ཀུན་ནས་གཏམས་ཡོད།

ཟླ9བའི་ཚེས5ཉིན། རྒྱལ་ཡོངས་བོད་ཡིག་སྨྱན་བྱད་མཐུན་སྦྱོར་ཚོགས་འདུ་སྐབས་བཅུ་བདུན་པ་དང་རྒྱལ་ཡོངས་བོད་ཡིག་སྨྱན་བྱད་མཉམ་འདྲེས་འཕེལ་རྒྱས་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་དེ་སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་ནས་ཚོགས། ཐེངས་འདིའི་གྲོས་ཚོགས་ནི་རྒྱལ་ཡོངས་བོད་ཡིག་སྨྱན་བྱད་མཐུན་སྦྱོར་མཐུན་ཚོགས་ཀྱིས་གཙོ་སྒྲུབ་གནང་བ་དང་། ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི《སི་ཁྲོན་ཏང་གི་འཛུགས་སྐྲུན》དུས་དེབ་ཁང་གིས་འགན་སྒྲུབ་བྱས་པ་རེད། འདི་ནི་རྒྱལ་ཡོངས་བོད་ཡིག་སྨྱན་བྱད་མཐུན་སྦྱོར་ཚོགས་འདུ་བཙུགས་པའི་ཚུན་དུ་ཐོག་མར་ཁྲིན་ཏུའུ་གྲོང་ཁྱེར་ནས་བསྡུས་པ་ཡིན་ཞིང་། སྐབས་སྔོན་མ་དག་དང་བསྡུར་ན་གཞི་ཁྱོན་ཆེ་ལ་ཁྱབ་རྒྱ་ཆེ་བ་དང་། ཚོགས་ཞུགས་ཀྱི་སྨྱན་བྱད་དང་མི་སྣ་ཆེས་མང་བའི་ཐེངས་ཤིག་ཡིན། རེབ་འདིར་པེ་ཅིན་དང་བོད་ལྗོངས། མཚོ་སྔོན། ཀན་སུའུ། ཡུན་ནན། སི་ཁྲོན་བཅས་ཞིང་ལྗོངས་ལྔའི་ཚགས་པར་དང་དུས་དེབ། རྒྱང་སྒྲོག བརྙན་འཕྲིན། དྲ་བ་སོགས་བོད་ཡིག་སྨྱན་བྱད་ལས་ཁུངས60ལྷག་གི་ཚོགས་ཞུགས་མི་སྣ100ལྷག་འདུས་ཡོད།

འགོ་རྩོམ་མཛད་སྒོའི་སྟེང་། ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ་ལི་ཀྲུའོ་ཡིས་ཤིས་ཚིག་ཕུལ་བ་དང་། སི་ཁྲོན་ཏང་གི་འཛུགས་སྐྲུན་དུས་དེབ་ཚོགས་སྒྲིལ་གྱི་ཏང་ཨུའི་ཧྲུའུ་ཅི་དང་ཏུང་ཧྲི་ཀྲང་ཀྲང་ཙེ་ཀང་གིས་གཏམ་བཤད་ལ། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་ཚེ་མགོན་གྱིས་རྒྱལ་ཡོངས་བོད་ཡིག་སྨྱན་བྱད་མཐུན་ཚོགས་ཀྱི་ཚབ་བྱས་ཏེ་གཏམ་བཤད་གནང་ཞིང་། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཆོས་ལུགས་ཞིབ་འཇུག་སའོ་ཡི་སའོ་ཀྲང་དང་རྒྱལ་ཡོངས་བོད་ཡིག་བརྡ་ཆད་ཚད་ལྡན་ཅན་གྱི་ཨུ་ཡོན་ལྷན་ཚོགས་རྒྱུན་ལས་དྲུང་ཡིག་གཞོན་པ་ཀྲོའུ་ཝེ་ཡིས་སྐུ་མགྲོན་རྣམ་གྱི་ཚབ་བྱས་ནས་གཏམ་བཤད། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་བཀྲ་ཤིས་དཔལ་ལྡན་དང་ནན་ཅིན་སློབ་ཆེན་གསར་འགྱུར་ཁྱབ་སྒྲོག་སློབ་གླིང་གི་དགེ་རྒན་ཆེན་མོ་ཧྥང་ཡན་མིན། བོད་ལྗོངས་སློབ་ཆེན་རྩོམ་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་ཟླ་བ་ཚེ་རིང་སོགས་འགོ་རྩོམ་མཛད་སྒོར་ཞུགས་པ་དང་། སི་ཁྲོན་ཏང་གི་འཛུགས་སྐྲུན་དུས་དེབ་ཚོགས་སྒྲིལ་གྱི་སྤྱི་ཁྱབ་རྩོམ་སྒྲིག་པ་ཞུའེ་ཕིན་གྱིས་ཚོགས་འདུར་འགོ་འཛིན་བྱས།

ལིས་ཀྲུའོ་ཡིས་གཏམ་བཤད་ཁྲོད་བཤད་རྒྱུར། བོད་ཡིག་སྨྱན་བྱད་དྲིལ་སྒྲོག་བྱ་བ་ནི་གཙོ་ཆེ་ཞིང་དམིགས་བསལ་ཡིན་ལ། ཡང་དག་པའི་གླེང་ཕྱོགས་རྒྱུན་འཁྱོངས་བྱེད་པ་ནི་བོད་ཡིག་སྨྱན་བྱད་དྲིལ་སྒྲོག་བྱ་བའི་བརྗོད་སྙིང་ཡིན། ཐེངས་འདིའི་རྒྱལ་ཡོངས་བོད་ཡིག་སྨྱན་བྱད་མཐུན་སྦྱོར་ཚོགས་འདུ་བསྡུས་པ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་མཐུན་སྦྱོར་དང་བརྗེ་རེས་ལ་ཤུགས་བསྣན་ནས་བོད་ཡིག་སྨྱན་བྱད་གསར་བའི་དུས་རབས་ཀྱི་ཁ་ཕྱོགས་ས་དང་བརྒྱུད་སྒྲོག་བྱེད་ཐབས་འཚོལ་ཞིབ་བྱས་ནས་བོད་ཡིག་སྨྱན་བྱད་དེ་ཆ་འཕྲིན་དུས་རབས་ཁྲོད་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་དྲིལ་སྒྲོག་གང་ལེགས་བྱེད་པ་དང་། དྲང་ཕྱོགས་ཀྱི་ཆ་འཕྲིན་བརྒྱུད་སྒྲོག་བྱས་ཏེ་མི་རིགས་རིག་གནས་རྒྱུད་འཛིན་གྱི་སྨྱན་བྱད་ཕན་ནུས་བཏོན་ཏེ་དེང་རབས་ཀྱི་སྨྱན་བྱད་མདུན་གྲལ་དུ་བསྐྱོད་དགོས། དུས་མཚུངས་སུ་བོད་ཁུལ་གྱི་སྨྱན་བྱད་སོ་སོས་སྔ་མ་བཞིན་སི་ཁྲོན་བོད་ཁུལ་གྱི་དྲིལ་སྒྲོག་ལ་ཤུགས་ཆེན་པོས་རོགས་འདེགས་གནང་ནས་སྔར་ལས་ལྷག་པའི་སྒོ་ནས་སི་ཁྲོན་བོད་ཁུལ་གྱི་མཚན་སྙན་ཇེ་ཆེར་གཏོང་དགོས་བའི་རེ་བ་བཏོན།

1996ལོར་རྒྱལ་ཡོངས་བོད་ཡིག་སྨྱན་བྱད་མཐུན་སྦྱོར་ཚོགས་འདུ་དངོས་སུ་བཙུགས་ཤིང་། དེ་ནི་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དང་། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་། དཀར་མཛེས་ཉིན་རེའི་ཚགས་པར་ཁང་། རྔ་བ་ཉིན་རེའི་ཚགས་པར་ཁང་། ཀན་ལྷོ་ཉིན་རེའི་ཚགས་པར་ཁང་། གཞིས་ཀ་རྩེ་ཉིན་རེའི་ཚགས་པར་ཁང་། བདེ་ཆེན་ཉིན་རེའི་ཚགས་པར་ཁང་བཅས་ཚགས་པར་ཁང7གྱིས་མཉམ་འབྲེལ་ངང་གྲོས་གཞི་བཏོན་ནས་བསྡུས་པ་ཞིག་ཡིན། ལོ་རེར་པེ་ཅིན་དང་ཞིང་ལྗོངས་ལྔ་ཡི་ཚགས་པར་ཁང་དང་། དུས་དེབ་ཁང་། རྒྱང་སྒྲོག བརྙན་འཕྲིན། དྲ་བ་སོགས་འབྲེལ་ཡོད་གསར་འགྱུར་སྨྱན་བྱད་ལས་ཁུངས་ཀྱིས་རེས་སྐོར་ནས་གཙོ་སྒྲུབ་བྱེད་བཞིན་ཡོད། དེའི་བར་དུ་འབྲུག་ཆུའི་འདམ་ཟགས་འདྲེས་མའི་ཆུ་ལོག་གནོད་འཚེ་དང་ཡུལ་ཤུལ་ས་འགུལ་བྱུང་རྗེས་ཚོགས་འདུ་ཐེངས་གཉིས་ནར་འགྱངས་བྱས། རྒྱལ་ཡོངས་བོད་ཡིག་སྨྱན་བྱད་མཐུན་སྦྱོར་ཚོགས་འདུས་ཀྲུང་གོའི་བོད་ཡིག་སྨྱན་བྱད་ཚད་ལྡན་ཅན་དང་ཆ་འཕྲིན་ཅན་དུ་གཏོང་བའི་ལས་འགན་ལྕི་མོ་ཕྲག་ཏུ་འཁུར་ཡོད་པ་མ་ཟད། བོད་ཡིག་སྨྱན་བྱད་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ་དང་། ཞིང་ལྗོངས་ལྔའི་བོད་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་ཞབས་ཞུ་སྒྲུབ་པ། དེ་མིན་བོད་ཁུལ་གྱི་ཡུན་རིང་གི་བརྟན་རླིང་བཅས་ཀྱི་ཕྱོགས་ལ་ཕན་ནུས་གལ་ཆེན་འདོན་བཞིན་ཡོད།

ཉེ་བའི་ལོ་འགའི་རིང་ལ། རྒྱལ་ཡོངས་བོད་ཡིག་སྨྱན་བྱད་མཐུན་སྦྱོར་ཚོགས་འདུ་དེ་དུས་རབས་དང་བསྟུན་ནས། ཆ་འཕྲིན་འཛམ་གླིང་ཅན་དང་སྨྱན་བྱད་གསར་རྙིང་གི་མཉམ་འདྲེས་འཕེལ་རྒྱས་ཀྱི་གོམ་འགྲོས་དང་མཉམ་དུ་ཚོགས་སྒྲུབ་ཀྱི་རྣམ་པ་གསར་སྐྲུན་བྱས་ཏེ། ཚོགས་འདུའི་ནང་དོན་ཕུན་སུམ་ཇེ་ཚོགས་བཏང་། ནང་དོན་ཁྱབ་རྒྱ་ཇེ་ཆེར་བཏང་ནས་གྲུབ་འབྲས་ཀྱང་མངོན་གསལ་བླངས། ལོ་ངོ་ཉི་ཤུའི་འཕེལ་རྒྱས་དང་བསྟུན་ནས་སྔོན་ཆད་ཀྱི་སྣ་གཅིག་གི་ཚགས་པར་ནས་ད་ལྟ་སྨྱན་བྱད་ཀུན་འདུས་ཀྱི་ཐོན་རྫས་བསྣམས་ནས་ཚོགས་ཞུགས་ཀྱི་རྣམ་པ་གསར་བར་རྒྱ་བསྐྱེད་ཡོད།

དུས་ཡུན་ཉིན3རིང་མཐུན་སྦྱོར་ཚོགས་འདུས་རྒྱལ་ཡོངས་ཀྱི་བོད་ཡིག་ཚགས་པར་དང་དུས་དེབ། རྒྱང་སྒྲོག བརྙན་འཕྲིན། དྲ་བ་སོགས་ཀྱི་ཕུལ་བྱུང་གསར་འགྱུར་བརྩམས་ཆོས་དང་ཕུལ་བྱུང་དཔྱད་རྩོམ་དཔྱད་འདེམས་དང་། བོད་ཡིག་སྨྱན་བྱད་ཀྱི་བརྡ་ཆད་གསར་བ་གཏན་འབེབས་བྱེད་པ་དང་། ཆེད་མཁས་པ་གདན་ཞུ་བྱས་ཏེ་སྨྱན་བྱད་གསར་བའི་འཕེལ་རྒྱས་སྐོར་གྱི་འཆད་ཁྲིད་སྤེལ་རྒྱུ་ཡིན་པ་མ་ཟད། ད་རུང་རྒྱལ་ཡོངས་བོད་ཡིག་སྨྱན་བྱད་མཉམ་འདྲེས་འཕེལ་རྒྱས་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་བསྡུ་རྒྱུ་དང་། དུས་མཚུངས་སུ་ཁྲིན་ཏུའུ་ཉེ་འཁོར་གྱི་བོད་ཀྱི་རིག་གནས་ཐོན་ལས་རྟེན་གཞི་རུ་བཅར་འདྲིའི་བྱ་འགུལ་སྤེལ་རྒྱུ་རེད། །

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།