རྒྱལ་རོང་ནས་བྱོན་པའི་སྐྱེས་ཆེན།
སྤེལ་བའི་དུས་ཚོད། : 2017-07-22 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

 

  སྤྱིར་དེང་སྐབས་ལོ་རྒྱུས་རིག་གནས་ལ་ཞིབ་འཇུག་གནང་མཁན་ཆར་རྗེས་ཤ་མོ་བརྡོལ་བ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་ན་ཡང་།བོད་ཀྱི་ལོ་རྒྱུས་དང་བོད་ཀྱི་སྐད་ཡིག་མི་ཤེས་ཤིང་། རྒྱལ་རོང་ཡུལ་སྐད་ཀྱང་མི་ཤེས་མཁན་འགའ་ཞིག་གིས་ཁུངས་མེད་ཀྱི་འཆལ་གཏམ་སྨྲ་བ། དཔེར་ན། རྒྱལ་མོ་རོང་པའི་མི་ནི་བོད་རིགས་མ་རེད་ཟེར་བ་དང་། རྒྱལ་རོང་སྐད་བོད་སྐད་མ་རེད་ཟེར་བ་དང་། རྒྱལ་རོང་བ་ལ་སྐད་ཡོད་པ་མ་གཏོགས་ཡི་གེ་མེད་ཟེར་བ་ལྟ་བུ་དུ་མ་སྣང་ངོ་། །དེ་འདྲ་བའི་ལོག་སྨྲ་བྱེད་པའི་མཁས་རློམ་ཅན་དག་ལ་རྒྱུ་མཚན་ཡང་དག་འགའ་ཞིག་མ་མཐོང་གསལ་བྱེད་དང་། གསལ་བ་གོམས་བྱེད་ཀྱི་རྒྱུ་རུ་དམིགས་ནས་རྒྱལ་མོ་ཚ་བ་རོང་ནས་ཐོན་པའི་བོད་ཀྱི་མཁས་གྲུབ་ཉིས་ལྡན་གྱི་སྐྱེས་ཆེན་འགའ་ངོ་སྤྲོད་བྱེད་པ་ཡིན།

  དེ་ཡང་བོད་ཀྱི་རོང་ཆེན་བཞིའི་ཡ་གྱལ་ཤར་རྒྱལ་མོ་ཚ་བ་རོང་གི་ཡུལ་གྲུ་འདི་ནི། 《 མུན་སེལ་སྒྲོན་མེ》ཞེས་བྱ་བ་ལས། ཤར་རྒྱལ་མོ་ཚ་བ་རོང་ཞེས་ཡོངས་སུ་གྲགས་པ་དེ་ཉིད་ཀྱི་མིང་ཐོགས་དོན་ནི། བོད་ཀྱི་ཤར་ཕྱོགས་ཡིན་པས་ཤར། ལྷ་ཆེན་རྒྱལ་མོ་དམུ་རྡོའི་རི་རྒྱུད་དུ་ཡོད་པས་རྒྱལ་མོ། བོད་ཡུལ་གྱི་ཚ་བ་ཅུང་ཆེ་བའི་ས་ཡིན་པས་ཚ་བ། གྲོ་ནས་སྲན་གསུམ་ཐོན་པའི་རོང་ཁུལ་ཡིན་པས་རོང་ཞེས་གྲགས་པ་ཡིན། ཞེས་གསུངས་སོ། །རྒྱལ་མོ་རོང་གི་ཡུལ་འདིར་འགྲོ་བ་མིའི་རིགས་བྱུང་ཚུལ་ནི། བོན་བླ་འཆི་མེད་ཚེ་དབང་རིག་འཛིན་གྱི་གསུང་ལས། དེ་ཡང་ཤར་ཕྱོགས་རྒྱལ་མོ་རོང་ཆེན་གྱི། །སྦས་པའི་རོང་བཞི་ཤོད་ཆེན་བཅོ་བརྒྱད་ལས། །འགྲོ་དོན་དུས་ཀྱི་ས་རྟགས་རིམ་པ་གསུམ། །སྦས་པའི་ཡུལ་དེར་ཤིང་ཁང་ཉལ་ཉིལ་ཆགས། །རི་ཀླུང་ཀུན་ལ་མི་ཡིས་གང་བའི་ཚེ། །ཟས་སུ་རི་དྭགས་ཤ་ཁྲག་སྲོག་ལ་འཚོ། །ཞེས་གསུངས་པ་ལྟར། དང་ཐོག་མིའི་འགྲོ་བ་བྱུང་ནས་ནགས་ཁྲོད་ཀྱི་ཤིང་ཁང་ཉལ་ཉིལ་དང་རི་ལུང་གི་བྲག་སྐྱིབས་སོགས་སུ་བསྡད། ཟས་ནི་རི་སྐྱེ་ལྡུམ་བུ་དང་རི་དྭགས་སོགས་བརྔོན་ནས་འཚོ་བ་སྐྱེལ་ཏེ་མི་ལོ་འབུམ་ཕྲག་མང་པོར་དེ་ལྟར་གནས། གདོད་མའི་མི་དེ་དག་ཞང་བོད་ཀྱི་རིགས་རུས་ཀྱི་ཕྱི་མོ་རྩ་བའི་རུས་ཆེན་བཞི་དང་། མིའུ་གདུང་དྲུག་ཏུ་གྲགས་པའི་ནང་ཚན་ཅི་རིགས་སུ་གཏོགས་པ་ནི། 《མདོ་སྨད་ཆོས་འབྱུང་དེབ་ཐེར་རྒྱ་མཚོ》ལས། ཚ་ཆུའི་རྒྱུད་དུ་བསྟན་པའི་ལྕགས་རི་ཚ་བ་ཁག་གསུམ་དུ་བསྔགས་པའི་རྒྱལ་ས་ཡོད། རྒྱལ་རོང་རྒྱལ་ཁག་ཐམས་ཅད་ཀྱི་རུས་སྦྲ་ཡིན་པར་བཤད། རིགས་དེར་ཚ་ཁོ་རང་སྐད་ལ་ང་ཤིས་ཙ་ (ངའི་སྦྲ་ཞེས་པ་སྟེ་རོང་མིའི་སྐད་ཟུར་ཆག་པ) ཟེར། དེ་ཡང་བོད་ཀྱི་རིགས་ལ་བསེ་རྨུ་ལྡོང་སྟོང་བཞི། རིགས་བཟང་རྣམས་ལ་སྔར་ཞང་བོ། ཕྱིས་ལྷ་རིགས་སྒོ། བསེ་རིགས་བཟང་རྣམས་ལ་བསེ་ཁྱུང་སྦྲ། འགག་དོག་མོ་གསུམ་དེ་སྦྲ་ལ་ཐོབ། །སྦྲ་དཔའ་རྩལ་ཆེ་བ་དེ་ཡི་དོན། །ཞེས་པ་ལྟར། མདོ་ཁམས་རོང་ཆེན་བཞིའི་ནང་ཚན་རྒྱལ་རོང་འགག་དོག་ས་གསུམ་སྦྲས་ཐོབ། ཅེས་གསུངས་སོ། །

  རྒྱལ་རོང་ནས་བྱོན་པའི་སྐྱེས་ཆེན།

 

  རྒྱལ་མོ་ཚ་བ་རོང་དུ་མཁས་གྲུབ་ཉིས་ལྡན་གྱི་སྐྱེས་ཆེན་མང་པོ་འཁྲུངས་བ་མ་ཟད། སྐྱེས་བུ་དེ་དག་གིས་བོད་ཀྱི་ཆོས་སྲིད་རིག་གནས་ལོ་རྒྱུས་སོགས་ལ་བྱས་རྗེས་རླབས་ཆེན་བཞག་མྱོང་ཡོད་པ་རེད། དེས་ན་སྐྱེས་ཆེན་དེ་དག་རེ་རེ་བཞིན་ངོ་སྤྲོད་བྱེད་ཐབས་བྲལ་ན་ཡང་། གཤམ་ནས་སྐྱེས་ཆེན་དེ་དག་གི་མཚོན་བྱེད་དུ་གྱུར་བའི་སྐྱེས་བུ་འགའ་ངོ་སྤྲོད་བྱེད་པ་ཡིན།

མཉམ་མེད་ཤེས་རབ་རྒྱལ་མཚན།

  རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་ནི་ཤར་ཕྱོགས་རྒྱལ་མོ་རོང་གི་ས་གནས་གབ་ཏོག་ཤ་བ་རིའི་འགྲམ་སྟེགས་སྐྱོགས་ཞེས་པར་ཡབ་དབྲ་རིགས་ཀླུ་རྒྱལ་དང་ཡུམ་རིན་ཆེན་སྨན་གཉིས་ཀྱི་སྲས་སུ་འཁྲུངས།སྐུ་ཆུང་དུས་ནས་ཡིག་འབྲུ་སུམ་ཅུ་སོགས་ཡབ་ཀྱི་དྲུང་དུ་རྒྱུའི་བོན་རྣམས་སྦྱངས་བ་མཛད།དགུང་ལོ་བཅུ་བཞེས་ཚེ་ཕྱ་བླ་གཡུང་དྲུང་རྒྱལ་མཚན་གྱི་དྲུང་དུ་གཙང་གཙུག་གི་སྡོམ་པ་བཞེས་ཏེ་མཚན་ཡང་ཤེས་རབ་རྒྱལ་མཚན་ཞེས་གསོལ།དེ་ནས་ཚ་བ་སྒང་སྟོད་དུ་མཁའ་གྲུབ་རིན་ཆེན་བློ་གྲོས་དང་མཇལ་ནས་བོན་ཕྱི་ནང་གསང་བ་ཡང་གསང་གི་དབང་ལུང་མང་པོ་མནོས།དབུས་ཀྱི་ནྰ་ལེནྡྲ་རོང་སྟོན་ཤེས་བྱ་ཀུན་རིག་གི་དྲུང་དུ་གཞུང་པོ་ཏི་ལྔ་ལ་ཐོས་བསམ་མཛད་པས་རབ་འབྱམས་ཆེན་པོའི་མཚན་སྙན་གྱི་གྲགས་པས་ཁྱབ།དགུང་ལོ་སོ་གཅིག་སྟེང་གཡས་རུ་དབེན་ས་ཁའི་སྒྲིགས་ལམ་ལ་ཞུགས།དགུང་ལོ་ལྔ་བཅུའི་ཐོག་ལ་བཀྲ་ཤིས་སྨན་རིའི་དགོན་སྡེ་བཏབ་སྟེ་ཕྱི་ནང་གསང་བའི་བཤད་སྒྲུབ་ཀྱི་བསྟན་པ་རྒྱས་པར་མཛད།དེ་ནས་དགུང་ལོ་དྲུག་ཅུར་སློབ་མ་རིན་ཆེན་རྒྱལ་མཚན་རྒྱལ་ཚབ་ཏུ་མངའ་གསོལ་ཏེ་བསྟན་པ་ལ་བྱ་བ་མཛོད་ཅེས་བཀའ་གནང་ནས་གཏེར་ཆུའི་ཁར་ཁྲ་ཐེར་ཕུབ་སྟེ་ཉིན་མོར་རྗེས་འཛིན་སློབ་གྲྭ་དང་ནུབ་མོར་མི་མ་ཡིན་དུ་མ་ལ་བོན་གྱི་འཁོར་ལོ་བསྐོར་ནས་དབྱར་ཟླ་ཐ་ཆུང་གི་ཚེས་བརྒྱད་ཀྱི་སྐྱ་རེངས་ཤར་ཙམ་ན་དགོངས་པ་དབྱིངས་སུ་གཤེགས་སོ། །

རྒྱལ་མོ་གཡུ་སྒྲ་སྙིང་པོ།

  གྲུབ་ཐོབ་རྗེ་དང་འབངས་ཉེར་ལྔའི་ནང་གི་ཡ་གྱལ་རྒྱལ་མོ་གཡུ་སྒྲ་སྙིང་པོ་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་རྒྱལ་མོ་ཚ་བ་རོང་དུ་སྐུ་འཁྲུངས།ལོ་ཆེན་བེེེེ་རོ་ཙ་ནས་རྗེས་སུ་བཟུང་ཞིང་མཁས་པ་དང་གྲུབ་པའི་ཕུལ་དུ་ཕྱིན།སློབ་དཔོན་པདྨ་འབྱུང་གནས་ལས་མན་ངག་ལྟ་བུའི་ཕྲེང་བ་སོགས་ཞུས་ཏེ་སྐུ་གསེར་གྱི་རྡོ་རྗེར་སྤྲུལ་པ་སོགས་རྫུ་འཕྲུལ་སྣ་ཚོགས་སྟོན་ནུས་པ་དང་ཐེག་མཆོག་རྫོགས་པ་ཆེན་པོའི་ལྟ་དགོངས་ཀློང་དུ་གྱུར།༼གྲུབ་མཐའ་ཤེལ་གྱི་མེ་ལོང༽ལས་གཡུ་སྒྲ་སྙིང་པོ་རྟོགས་པའི་མཆོག་དང་ལྡན་ཞེས་གསུངས་སོ།།

ཚ་ཁོ་ངག་དབང་གྲགས་པ།

  ཚ་ཁོ་ངག་དབང་གྲགས་པ་ནི་རྒྱལ་མོ་ཚ་བ་རོང་དུ་འཁྲུངས།ཁོང་གཞོན་ནུའུ་དུས་ནས་དབུས་གཙང་དུ་ཕེབས་ཏེ་རྗེ་ཙོང་ཁ་བ་སོགས་དགེ་བའི་བཤེས་གཉེན་མང་པོའི་ཞབས་ལ་གཏུགས་ནས་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་ལ་ཐོས་བསམ་མཛད་པས་མཁས་པའི་གོ་འཕང་དམ་པར་མངའ་བརྙེས།རྗེ་ཙོང་ཁ་པ་ལས་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་དང་ལམ་གྱི་གཙོ་བོ་རྣམ་གསུམ་གྱི་ཁྲིད་གསལ་ཏེ་མྱོང་བ་ཐོན་པར་མཛད།ཁོང་གིས་རྗེ་ཙོང་ཁ་པས་དཀའ་བཞིའི་གྲྭ་སྐོར་མཚད་པའི་སྐབས་ནས་བཟུང་ཞབས་འབྲིང་བ་རྒྱུན་རིང་དུ་མཛད་དེ་མཉེས་པ་གསུམ་གྱིས་མཉེར་པར་མཛད།སྤྱི་ལོ༡༤༡༠ལོར་མདོ་སྨད་དུ་ཕེབས་ཏེ་དམུ་དགེའི་ས་ཆར་བཀྲ་ཤིས་འཁོར་ལོའི་དགོན་དང་ཇ་ཕུའི་སྨད་དུ་སུམ་མདོ་དགོན་པ།ཇ་ཕུའི་སྐེད་དུ་བ་མགོ་དགོན་པ།ཇ་ཕུའི་སྟོད་དུ་ད་ཚང་ལྷུན་གྲུབ་གླིང་སོགས་དགོན་པ་བརྒྱ་རྩ་བརྒྱད་ཕྱག་འདེབས་མཛད་དེ་རི་བོ་དགའ་ལྡན་པའི་བསྟན་པ་རིན་པོ་ཆེ་གོང་ནས་གོང་དུ་སྤེལ་བའི་འཕྲིན་ལས་རྒྱས།

རོང་སྟོན་སྨྲ་བའི་སེང་གེ།

  རོང་སྟོན་སྨྲ་བའི་སེང་གེ་ཆེན་པོ་ནི་སྤྱི་ལོ༡༣༦༧ལོར་ཤར་རྒྱལ་མོ་རོང་དུ་བོན་པོའི་རིགས་སུ་འཁྲུངས།རྗེ་ཙོང་བ་གས་ལོ་བཅུ་གཞོན།གཞོན་པའི་དུས་ནས་དབུས་གཙང་དུ་བྱོན་ཏེ་གསང་ཕུར་རིག་པའི་གནས་ལ་འབད་འབུངས་མཛད་པས་དགུང་ལོ་ཉི་ཤུ་ཙམ་ལ་རྣམ་ངེས་ལ་མཁས་ཤིང་རིགས་པ་སྨྲ་བ་ལ་འགྲན་ཟླ་མེད་པར་གྱུར།དགུང་ལོ་ཉེར་གཉིས་པ་ལ་གྲོ་པའི་མཁན་པོ་ཀུན་དགའ་རྒྱལ་མཚན་དང་དམར་སྟོན་པའི་དྲུང་དུ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས།བླ་མ་སོ་སོར་བསྟེན་ནས་སྡེ་སྣོད་མཐའ་དག་ལ་དབང་ཐོབ་པར་གྱུར།དགུང་ལོ་ཉེར་བདུན་པ་ལ་མཁན་ཆེན་གཡག་པ་དང་མཇལ་ཏེ་ས་ལུགས་ཀྱི་མདོའི་བཤད་སྲོལ་དང་ཐེག་ཆེན་ཆོས་རྗེ་ལ་གསུང་ངག་སོགས་ཀྱི་སྔགས་ཀྱི་ཟབ་དོན་བླངས་ནས་ས་རྔོག་རྣམ་གཉིས་ཀྱི་བཤད་སྲོལ་རྒྱུན་དུ་བསྲིངས།མདོར་ན་དགུང་ལོ་ཉེར་གཉིས་ནས་གྱ་གསུམ་བར་མཁས་པའི་བྱ་བ་གསུམ་གྱིས་དུས་འདའ་བར་བྱས་སོ།།

 

རྒྱལ་རོང་བའི་དགའ་ལྡན་ཁྲི་ཆེན།

  དགའ་ལྡན་ཁྲི་ཐོག་རེ་གཉིས་པ།བློ་བཟང་སྨོན་ལམ།

  དགའ་ལྡན་ཁྲི་ཐོག་དོན་བཞི་པ།བློ་བཟང་ལྷུན་གྲུབ།

  དགའ་ལྡན་ཁྲི་ཐོག་དོན་དྲུག་པ།མཁྱེན་རབ་དབང་ཕྱུག

  དགའ་ལྡན་ཁྲི་ཐོག་དོན་བརྒྱད་པ།འཇམ་དབྱངས་དམ་ཆོས།

  དགའ་ལྡན་ཁྲི་ཐོག་གྱ་གཉིས་པ།ཡེ་ཤེས་ཆོས་འཕེལ།

  དགའ་ལྡན་ཁྲི་ཐོག་གྱ་གསུམ་པ།བྱང་ཆུབ་ནམ་མཁའ།

  དགའ་ལྡན་ཁྲི་ཐོག་གྱ་བཞི་པ།བློ་བཟང་ཚུལ་ཁྲིམས་སོགས་མང་དུ་བྱོན་ཡོད།

རྒྱལ་རོང་བའི་སྨན་རིའི་མཁན་ཆེན།

  རྗེ་རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན།

  སྨན་རིའི་མཁན་རབས་གསུམ་པ།ནམ་མཁའ་ཡེ་ཤེས།

  སྨན་རིའི་མཁན་རབས་བཞི་པ།ཀུན་བཟང་རྒྱལ་མཚན།

  སྨན་རིའི་མཁན་རབས་ལྔ་པ།རིན་ཆེན་རྒྱལ་མཚན།

  སྨན་རིའི་མཁན་རབས་བདུན་པ།བསོད་ནམས་ཡེ་ཤེས།

  སྨན་རིའི་མཁན་རབས་དགུ་པ།ཤེ་ཙུ་དྲུང་མུ།

  སྨན་རིའི་མཁན་རབས་བཅུ་པ།ཤེས་རབ་འོད་ཟེར།

  སྨན་རིའི་མཁན་རབས་བཅུ་གཅིག་པ།གཡུང་དྲུང་རྒྱལ་མཚན།

  སྨན་རིའི་མཁན་རབས་བཅུ་གཉིས་པ།ཤེས་རབ་བློ་གྲོས།

  སྨན་རིའི་མཁན་རབས་བཅུ་གསུམ་པ།ཤེས་རབ་འོད་ཟེར།

  སྨན་རིའི་མཁན་རབས་བཅུ་བཞི་པ།གཙུག་ཕུད་འོད་ཟེར།

  སྨན་རིའི་མཁན་རབས་བཅུ་དྲུག་པ།རིན་ཆེན་འོད་ཟེར།

  སྨན་རིའི་མཁན་རབས་བཅུ་བདུན་པ།རིན་ཆེན་ལྷུན་གྲུབ།

  སྨན་རིའི་མཁན་རབས་བཅོ་བརྒྱད་པ།ཤེས་རབ་བསྟན་འཛིན།

  སྨན་རིའི་མཁན་རབས་བཅུ་དགུ་པ།ཤེས་རབ་དབང་རྒྱལ།

  སྨན་རིའི་མཁན་རབས་ཉི་ཤུ་པ།གཡུང་དྲུང་དབང་རྒྱལ།

  སྨན་རིའི་མཁན་རབས་ཉེར་གཅིག་པ།ཕུན་ཚོགས་རྣམ་རྒྱལ།

  སྨན་རིའི་མཁན་རབས་ཉེར་གཉིས་པ།ཤེས་རབ་དགོངས་རྒྱལ།

  སྨན་རིའི་མཁན་རབས་ཉེར་ལྔ་པ།ཤེས་རབ་གཡུང་དྲུང་།

  སྨན་རིའི་མཁན་རབས་ཉེར་དྲུག་པ།སངས་རྒྱས་བསྟན་འཛིན།

  སྨན་རིའི་མཁན་རབས་ཉེར་བདུན་པ།བསྟན་འཛིན་ཚུལ་ཁྲིམས།

  སྨན་རིའི་མཁན་རབས་ཉེར་དགུ་པ།རྒྱལ་བ་བློ་གྲོས།

  སྨན་རིའི་མཁན་རབས་སུམ་ཅུ་པ།བསྟན་པ་བློ་གྲོས།

  སྨན་རིའི་མཁན་རབས་སོ་གཅིག་པ།ཉི་མ་དབང་རྒྱལ་སོགས་མང་དུ་བྱོན་ཡོད་ཀྱང་རྒྱལ་མོ་རོང་གི་ས་ཁོངས་ངོས་འཛིན་སྟངས་མི་འདྲ་བ་འགའ་རེ་མཆིས་པས་ན་འདིར་འདི་ལས་བཀོད་མེད།

  རྒྱལ་རོང་ནས་བྱོན་པའི་སྐྱེས་ཆེན།

 

  དེ་ལྟར་སྨུག་པོ་བོད་པའི་རུས་རྒྱུད་བསྙོན་དུ་མེད་པ་ཤར་རྒྱལ་མོ་ཚ་བ་རོང་གི་མི་རྣམས་ནི་ལས་ལ་བརྩོན་ཞིང་ཁྲེལ་གཞུང་ལྡན་པ་དང་། བློ་རིག་རྣོ་ལ་དཔའ་ངར་ཆེ་བས་སྙན་པའི་གྲགས་པ་འབར། ཁོ་ཚོས་ལོ་རྒྱུས་འཕེལ་རིམ་ནང་དུ་མདོ་དབུས་ཁམས་གསུམ་དུ་གནས་པའི་རང་རིགས་མི་དམངས་རྣམས་དང་ལྷན་ཅིག་འོད་སྟོང་འབར་བའི་བོད་ཀྱི་ཤེས་རིག་གསར་སྐྲུན་དང་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་དུ་བྱས་རྗེས་གསུབ་ཏུ་མེད་པ་བཞག་ཡོད་པར་མ་ཟད། ཐུན་མོང་མ་ཡིན་པའི་ས་ཁུལ་རང་བཞིན་གྱི་རིག་གནས་ཀྱང་བསྐྲུན་ཡོད་པ་རེད།

 

  རྩོམ་ཁུངས། རྔ་བ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

  རྩོམ་སྒྲིག་པ། པད་མ།