མིག་རྒྱང་རྒྱལ་སྤྱིར་ཕྱོགས་པའི་བོད་རིགས་ཀྱི་མཛངས་མ་ཞིག
སྤེལ་བའི་དུས་ཚོད། : 2017-06-14 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ལོ་མང་རིང་། བོད་ལྗོངས་ཀྱིས་བོད་ལུགས་གསོ་རིག་བྱ་གཞག་གོང་འཕེལ་གཏོང་རྒྱུ་དེ་སྨན་བཅོས་འཕྲོད་བསྟེན་ལས་ཀའི་འཐབ་ཇུས་ཀྱི་གཙོ་གནད་དུ་བཞག་ནས། བོད་ལུགས་གསོ་རིག་བྱ་གཞག་གོང་འཕེལ་ལ་ཤུགས་སྣོན་དང་སྐུལ་འདེད་གཏོང་བའི་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཏོན་པས་བོད་ལུགས་གསོ་རིག་བྱ་གཞག་རྒྱུན་འཛིན་དང་། གོང་འཕེལ་རྒྱ་ཆེར་ཕྱིན་པ་དང་། བོད་ལུགས་གསོ་རིག་གི་ནད་བཅོས་སྲོག་སྐྱོབ་ཀྱི་ཤུགས་རྐྱེན་ཉིན་བཞིན་ཆེ་རུ་ཕྱིན་ནས་ནད་ཀྱི་མཉེན་པོར་གྱུར་བའི་གསོ་རིག་པའི་ནུས་པ་འདོན་སྤེལ་གང་ལེགས་ཐུབ་ཡོད། དེའི་ནང་ཤེས་ལྡན་མི་སྣའི་འབད་བརྩོན་ཡར་བསྐྱེད་དང་། གཞན་ཕན་ལྷག་བསམ་གྱི་ཀུན་སློང་ལས་ནུས་པ་ཤུགས་ཆེན་ཐོན་ཡོད་པ་ནི་མིག་ལྡན་ཀུན་གྱིས་མཐོང་ཆོས་སུ་གྱུར་ཡོད།

བདེ་ཆེན་པད་སྒྲོན་ལགས་ཀྱིས་གསར་འགོད་པའི་བཅར་འདྲི་དང་ལེན་ཞུ་བཞིན་པ།

བོད་ལུགས་གསོ་བ་རིག་པ་ནི་བོད་ལུགས་གསོ་བ་རིག་པ་ནི་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ས་ཁམས་དང་གནམ་གཤིས་ཀྱི་ཆ་རྐྱེན་འོག་ནད་ཡམས་དང་འཐབ་རྩོད་བྱས་པའི་བརྒྱུད་རིམ་ནང་རིམ་གྱིས་གྲུབ་པ་ཞིག་དང་ད་བར་ལོ་ངོ2300ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད། གྲུམ་ནད་དང༌། ཕོ་བའི་ནད། གྲིབ་ནད། མཆིན་ནད། སྙིང་དང་ཁྲག་རྩའི་ནད་སོགས་སྨན་བཅོས་བྱེད་པར་བོད་ལུགས་གསོ་རིག་ལ་ཐུན་མོང་མ་ཡིན་པའི་སྨན་བཅོས་བྱེད་ཐབས་མཆིས། དམིགས་བསལ་གྱི་གསོ་བཅོས་ནུས་པ་དང་། འགྲོ་བྱེད་ཀྱི་སྡུག་བསྔལ་སེལ་བར་བྱེད་པའི་བྱ་གཞག་དེས་མི་མང་པོ་ཞིག་གི་ཡིད་ཀྱི་དབང་པོ་བཀུག་ནས་བྱ་གཞག་དེའི་ནང་ཞུགས་བཞིན་ཡོད་པ་དང་། ལོ་ན་ཆུང་བའི་བདེ་ཆེན་པད་སྒྲོན་ལགས་ཀྱང་རྒན་རབས་ཀྱི་ཤུགས་རྐྱེན་དང་། མཐུན་རྐྱེན་བཟང་པོ་ལས་བོད་ལུགས་གསོ་བ་རིག་པའི་བྱ་གཞག་གོང་འཕེལ་གཏོང་བའི་ནང་ཞུགས་ཡོད། ཁོ་མོས་བོད་ལུགས་གསོ་བ་རིག་པའི་གཞུང་ལུགས་སྤྱི་དང་། ཡང་སྒོས་ནད་ཐོག་ནད་དཔྱད་ཀྱི་ཚོད་ལྟའི་ལས་དོན་ཁག་ལ་ཧུར་ཐག་ཞུགས་ནས་དེང་རབས་ཀྱི་སྨན་དཔྱད་ལག་ལེན་ལས་གནའ་བོའི་སྲོལ་རྒྱུན་གྱི་གསོ་རིག་དེར་གསོན་ཤུགས་གསར་པ་ཞིག་རྒྱས་པར་འབད་བརྩོན་གནང་ཡོད།

བདེ་ཆེན་པད་སྒྲོན་ལགས་ཀྱིས་ནད་པར་གཟིགས་བཞིན་པ།

སྤྱི་ལོ1992ལོར་བདེ་ཆེན་པད་སྒྲོན་ལགས་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་དུ་བོད་ཀྱི་རིག་གནས་ཆེ་བ་ལྔའི་ཡ་གྱལ་གསོ་བ་རིག་པར་སློབ་སྦྱོང་བྱེད་འགོ་ཚུགས་པ་དང་། ཁོང་གིས་ཕ་མེས་ཀྱིས་བཞག་པའི་གནའ་བོའི་གསོ་བ་རིག་པ་དེ་རྒྱུན་འཛིན་ཐུབ་པ་དང་། ནད་ཀྱིས་ནད་པའི་སྡུག་བསྔལ་སེལ་བའི་འདུན་པ་ཞིག་བཅངས་ནས་རྒྱུད་བཞི་སོགས་རིག་པའི་གཞུང་ལུགས་ཁག་ལ་འབད་བརྩོན་གནང་ཡོད།

བོད་ཀྱི་སློབ་གསོའི་བྱ་གཞག་གོང་འཕེལ་ཤུགས་ཆེན་འགྲོ་བ་དང་། བོད་ལུགས་གསོ་རིག་གི་སློབ་གསོ་དེང་རབས་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བའི་དུས་སྐབས་བཟང་པོ་ལས་བདེ་ཆེན་པད་སྒྲོན་ལགས་ལ་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་སྤྱི་དང་། ལྷག་དོན་སྨན་པའི་ཀུན་སྤྱོད་བཟང་པོ་ཞིག་འཇགས་པར་བྱེད་པའི་ཐད་སློབ་སྦྱོང་བྱེད་པའི་གོ་སྐབས་ཐོབ་ཡོད།

སྤྱི་ཚོགས་ཀྱི་འཕེལ་རྒྱས་ཀྱི་གོམ་སྟབས་མགྱོགས་སུ་འགྲོ་བ་དང་བསྟུན་ནས་འཚོ་བའི་ཆུ་ཚད་ཡང་ཉིན་རེ་ལས་མ་འདས་པར་མཐོ་རུ་འགྲོ་བ་དང་། མི་རྣམས་ཀྱིས་བདེ་ཐང་ལ་དོ་ཁུར་བྱེད་ཤུགས་ཀྱང་སྔར་དང་མི་འདྲ་བར་ཆེ་རུ་ཕྱིན་ཡོད། དེས་ན། གསོ་བ་རིག་པའི་བྱ་གཞག་གོང་འཕེལ་ཤུགས་ཆེན་བཏང་ནས་མི་རྣམས་ཀྱི་བདེ་ཐང་གི་རེ་བ་སྐོང་རྒྱུ་དེ་ནི་དེང་རབས་གསོ་བ་རིག་པའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཤིག་ཡིན་ལ། གནའ་བོའི་སྲོལ་རྒྱུན་གྱི་གསོ་བ་རིག་པའི་ཆེ་བ་བཞིའི་གྲས་སུ་གྱུར་པའི་བོད་ལུགས་གསོ་བ་རིག་པའི་གོང་འཕེལ་གྱི་བླང་བྱ་ཞིག་ཀྱང་ཡིན། དེས་ན་དེང་རབས་ཅན་གྱི་འཛུགས་སྐྱོང་ཤུགས་སྣོན་དང་། རྒྱལ་སྤྱིའི་སྤྱི་ཚོགས་ལ་ཁ་ཕྱོགས་པའི་ཞིབ་འཇུག་འཕེལ་རྒྱས་གཏོང་རྒྱུ་ནི་བོད་ལུགས་གསོ་བ་རིག་པའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཤིག་ཡིན། བདེ་ཆེན་པད་སྒྲོན་ལགས་ཀྱིས། བོད་ཁ་བ་ཅན་གྱི་ལྗོངས་འདི་ཉིད་བོད་ལུགས་གསོ་རིག་གི་འབྱུང་ཁུངས་ཤིག་ཡིན་པ་མ་ཟད། ནད་པའི་འབོར་ཚད་ཆེ་བ་དང་། གཞུང་ལུགས་དཔྱད་གཞི་མང་བ། དེ་བཞིན་བོད་ལུགས་གསོ་རིག་གི་མཁས་པ་མང་བ་སོགས་དེང་རབས་སྤྱི་ཚོགས་ཀྱི་དགོས་མཁོར་ཕྱོགས་པའི་གསོ་རིག་ཅིག་ཏུ་ཞིབ་འཇུག་འཕེལ་རྒྱས་གཏོང་བར་གཞན་གྱིས་ཚབ་བྱེད་དུ་བྲལ་བའི་དགེ་མཚན་ལྡན་ཡོད་པའི་ངོས་འཛིན་གནང་བ་དང་། ཁོང་གིས་བོད་ལྗོངས་སྨན་རྩིས་ཁང་དུ་སྔ་རྗེས་སུ་བོད་ལུགས་གསོ་རིག་གི་ཁྱད་ལྡན་སྨན་བཅོས་བྱ་ཐབས་སྔོག་སྤེལ་དང་། ཆེད་དོན་ཞིབ་འཇུག་སོགས་པའི་ལས་དོན་ནང་ཞུགས་ནས་ཁྱད་ལྡན་སྨན་བཅོས་བྱ་ཐབས་རྒྱལ་ཡོངས་སུ་ཁྱབ་གདལ་གཏོང་བར་འབད་བརྩོན་གནང་ཡོད། མ་ཟད་བོད་ལུགས་གསོ་རིག་པའི་གཏིང་མཐའ་དཔོག་པར་དཀའ་བའི་གཞུང་ལུགས་དང་། ལོ་རྒྱུས་རིང་བའི་ནད་ཐོག་ཉམས་མྱོང་ལས་འཛམ་གླིང་སྐྱེ་འགྲོ་ཀུན་གྱི་བདེ་ཐང་ལ་སྨན་པའི་ཕྱིར། རྒྱལ་སྤྱིའི་བོད་ལུགས་གསོ་རིག་གི་རིག་གཞུང་བགྲོ་གླེང་དང་། སྤེལ་རེས་སོགས་པའི་ལས་དོན་ཁག་ནང་ཧུར་ཐག་ནས་རྒྱལ་སྤྱིའི་ཐོག་བོད་ལུགས་གསོ་བ་རིག་པའི་ཤུགས་རྐྱེན་ཆེ་རུ་གཏོང་རྒྱུར་ལེགས་སྐྱེས་ཕུལ་ཡོད།

རྩོམ་ཁུངས། ལྷ་ས་རྩོམ་སྒྲིག་པུའུ།

གསར་འགོད་པ། བསྟན་འཛིན།