སློབ་གསོ་མཁན་ཚོས་ཤེས་དགོས་པའི་ནང་སོག་གི་ཨུ་མུ་གེ་ལང་སློབ་ཆུང་།
སྤེལ་བའི་དུས་ཚོད། : 2017-06-08 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཟླ་དྲུག་པའི་ཟླ་མགོར་སླེབས་དུས། མ་གཞི་སྔ་ཙམ་ནས་རྩྭ་འགོ་འབུད་དགོས་ནའང་། ད་ལོར་ཐན་པ་ཆེ་དྲགས་པའི་རྐྱེན་གྱིས་ད་ལྟ་ང་ཚོའི་མིག་ལམ་དུ་འཆར་བའི་ཧུ་ལུན་པེར་རྩྭ་ཐང་ནི་ཁྱབ་བསྒྲགས་པར་རིས་ལྟར་དེ་འདྲ་སྔོ་ལྗང་ལྗང་ཞིག་རེད་མི་འདུག ཡིན་ནའང་། དེ་རིང་ང་ཚོའི་དམིགས་ས་ནི་མི་རིགས་སློབ་ཆུང་ཞིག་ཡིན་པས་རྩྭ་ཐང་ལ་དོ་སྣང་དེ་འདྲ་བྱེད་ཁོམ་མ་བྱུང་།

སློབ་གྲྭའི་སྒོ་ཆེན་དུ་ཨ་མུ་གེ་ལང་སློབ་ཆུང་ཞེས་རྒྱ་སོག་གཉིས་ཀྱི་སྒོ་བྱང་ཞིག་བཀལ་ཡོད་པ་དང་། ཕྱི་ལོགས་ནས་ལྟ་དུས་སློབ་ཆུང་གཞན་པ་དང་ཁྱད་པར་ཆེན་པོ་མི་འདུག ཡིན་ནའང་། སློབ་གྲྭའི་ནང་གི་རང་སྒུལ་ཆུ་སྒོ་དང་། མེ་ཏོག་ར་བ། བར་ཁྱམས། དེ་བཞིན་མེ་གསོད་ཆས་སོགས་སུ་སོག་ཡིག་གིས་བྲིས་པའི་གསལ་བཤད་ཡི་གེ་དང་མཁས་པའི་གདམ་ངག་བཀལ་ཡོད་པ་མཐོང་དུས་སོག་ཡིག་སློབ་ཆུང་ཡིན་པ་ཤེས་བྱུང་། དེ་ནས་སློབ་གྲྭའི་བཀོད་སྒྲིག་ལྟར་འཛིན་གྲྭ་བཞིན་རིམ་པ་ལྟར་སྐད་ཡིག་སློབ་ཚན་དང་། ཡིག་གཟུགས་སློབ་ཚན། རོལ་དབྱངས་སློབ་ཚན། རི་མོ་སློབ་ཚན་འཚོགས་སར་ཕྱིན་པ་ཡིན། སློབ་ཁང་ནང་གི་ཆ་རྐྱེན་དང་དགེ་རྒན་གྱི་སློབ་ཁྲིད་བྱེད་སྟངས་ལ་བལྟས་ན་འདི་ནི་ཞིང་ཆེན་རིམ་པ་ཞིག་གི་སློབ་ཆུང་དང་ཨ་ན་མ་ན་རེད།

ཡིན་ནའང་། སློབ་གྲྭ་འདི་ནི་ནང་སོག་གི་རྫོང་རིམ་པ་ཡོངས་སུ་ཆེས་དབུལ་ཤོས་ཀྱི་རྫོང་པར་ཧུ་གཡོན་རྫོང་(新巴尔虎左旗)དུ་གནས་འདུག སློབ་མ་མང་ཤོས་ཞིང་འབྲོག་ཁྱིམ་ཚང་ནས་ཡོང་བ་དང་། སློབ་གྲྭ་འདི་ནས་རང་ཁྱིམ་ལས་ལྡབ་ཁ་ཤས་བཟང་བའི་སློབ་སྦྱོང་གི་ཁོར་ཡུག་རོལ་བཞིན་འདུག ང་ཚོ་ཚང་མ་ཧང་སང་བཞིན་ཡོད་པའི་སྐབས་སུ། སློབ་གཙོས་ང་ཚོར་འདི་འདྲ་གསུངས་བྱུང་། རྫོང་སློབ་གསོ་ཅུད་ནས་སོག་ཡིག་སློབ་གསོ་ལ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་ལ། ཁོང་ཚོས་དཔལ་འབྱོར་གྱི་ཆ་རྐྱེན་ཞན་ནའང་། སློབ་སྦྱོང་གི་ཆ་རྐྱེན་ཞན་མི་རུང་། སུ་ཞིག་གིས་གྱོང་རག་ནའང་སློབ་མ་ཚོས་རག་མི་ཉན་ཞེས་གསུངས་བྱུང་། དེ་བས་ངས་བསམ་པར་ས་གནས་ཤིག་གི་སློབ་གསོ་ཅུད་ལ་འདི་འདྲའི་བསམ་བློ་ཞིག་ཡོད་ན། ཆ་རྐྱེན་ག་ཚོད་ཞན་ཡང་སྐྱོན་མི་འདུག རེ་བ་དང་ལག་ལེན་བསྟར་ཐུབ་པའི་ནུས་ཤུགས་ཡོད་ན་སློབ་གསོ་གོང་འཕེལ་དང་དཔལ་འབྱོར་ཡར་རྒྱས་ནི་རིམ་བཞིན་འགྲུབ་ཡོང་བ་རེད།

ཨ་མུ་གེ་ལང་སློབ་ཆུང་ནི་སྤྱི་ལོ་1926ལོར་བཙུགས་པ་དང་། ད་བར་ལོ་དགུ་ཅུ་ལྷག་ཕྱིན་འདུག ཨ་མུ་གེ་ལང་ནི་སོག་སྐད་དུ་ཞི་བའི་དོན་ཡོད་ལ། སློབ་གྲྭ་འདི་ལོ་མང་རིང་སྲིད་གཞུང་ཁག་གི་རྒྱབ་སྐྱོར་ཆེན་པོའི་འོག མིག་སྔར་འཛིན་གྲྭ་སུམ་ཅུ་དང་། སློབ་མ་1193། དགེ་རྒན་136ཡོད་པ་དང་། དེའི་ནང་དམའ་འབྲིང་གི་མཐོ་རིམ་དགེ་རྒན་50། སློབ་ཆུང་གི་མཐོ་རིམ་དགེ་རྒན་42ཡོད་པ་རེད། སློབ་གྲྭའི་ལུས་རྩལ་ནི་དམངས་ཁྲོད་ཀྱི་ཞབས་བྲོ་ཞིག་ཡིན་པ་དང། སློབ་དེབ་ནི་ལྗོངས་ཡོངས་ནས་གཏན་འཁེལ་བྱས་པའི་དཔེ་དེབ་ཁག་ཕུད། སློབ་གྲྭ་རང་ནས་པར་སྒྲིག་བྱས་པའི་《པར་ཧུའི་འབྲོག་པའི་རིག་གནས།》《འཚེམ་བཟོ་ལག་ཤེས》《སོག་པའི་མིག་མངས།》《དམངས་ཁྲོད་རོལ་དབྱངས་ཆེད་སྒྲིག》སོགས་བཀོད་སྒྲིག་བྱས་འདུག

གཞན་ཡང་། ང་རང་ཧ་ཅང་ཧང་སང་དགོས་པ་ཞིག་ནི། ཨ་མུ་གེ་ལང་གི་སློབ་གྲྭའི་གདམ་ཚིག་ནི་རྒྱན་ཚིག་དང་ཚིག་རྫིག་པོ་སྙན་ངག་འདྲ་མ་ཡིན་པར། གཟབ་གཟབ་བྱས་ནས་དོན་རེ་སྒྲུབ། འབད་བརྩོན་བྱས་ནས་གཤིས་བཟང་གསོ་ཞེས་རེད་འདུག་ལ། སློབ་ཆུང་སློབ་མ་ཚོར་མཚོན་ན་འདི་ནི་གོ་བདེ་བ་དང་། བློར་ཡང་འཛིན་བདེ་བ་མ་ཟད། ཉིན་རྒྱུན་གྱི་བྱ་སྤྱོད་ནང་ངེས་པར་དུ་གཟབ་དགོས་པའི་དོན་ཞིག་ཡིན་པས། འདི་ནི་མི་རིགས་ཀྱི་སློབ་གསོ་ཡིན་པ་ཙམ་གྱིས་མི་ཚད་པར། མིའི་རིགས་ཀྱི་ཆེས་གདོད་མ་དང་ཆེས་རྨང་གཞིའི་སློབ་གསོ་དེ་རེད་སྙམ།

ང་ཚོས་སློབ་གྲྭའི་ནང་ཆུ་ཚོད་ཁ་ཤས་ལ་བརྟག་ཞིབ་བྱས་རྗེས་ལམ་ལ་ཞུགས་པ་ཡིན། ཁ་ཕྱིར་འཁོར་ནས་གཅིག་བལྟ་དུས། སློབ་གྲྭ་འདི་ནི་ས་སྒང་ཐོག་གི་སྐར་ཆེན་བཞིན་ལྷམ་མེར་ཧུ་ལུན་པེར་རྩྭ་ཐང་དུ་བཀྲ་བཞིན་འདུག

གཤམ་ལ་སློབ་གྲྭའི་གྲུ་ཟུར་དག་ནས་མཐོང་བའི་པར་རིས་ཁག་ཅིག་བཀོད་ཡོད། ཁྱེད་རང་གིས་གཟིགས་པར་དགའ་བསུ་ཞུ།

མེ་སྐྱོན་ཐོན་དུས་ཀྱི་འཛེམ་བྱ་ཁག

ཁྲིད་བྱར་གྱུར་བའི་སྲོལ་རྒྱུན་སོག་ལྷམ།

རི་མོའི་བརྩམས་ཆོས།

སོག་ཡིག་གི་ལྟ་ཀློག་དཔེ་དེབ་ཁག

སློབ་མ་ཚོས་བཙེམས་པའི་སོག་གོས་དག

སོག་པོའི་མིག་མངས་རྩེད་ཆས།

 

ཡིག་གཟུགས་སློབ་ཚན།

བར་ཁྱམས་སུ་བསྟན་པའི་ཧན་སོགས།

པི་ཝང་རྟ་མགོ་མའི་སློབ་ཚན།

རྟའི་ལུས་པོ་ཆགས་ལུགས།

ལོ་རབས་ལྔ་བཅུ་སྐབས་ཀྱི་སློབ་མ།

སློབ་གྲུའི་ཉལ་ཁང་དུ་བཀལ་བའི་པར་ཞིག་སྟེ། ནང་དོན་གཙོ་བོ་ནི་ཕ་ཡུལ་ལས་བཟང་བའི་ས་ཞིག་མེད། ཨ་མ་ལས་བྱམས་པའི་མི་ཞིག་མེད་ཅེས་པ་དེ་ཡིན།

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་ལས་ཁུངས།

གསར་འགོད་པ། བདེ་གཡང་།