སོག་ཡུལ་དུ་ཕྱིན་པའི་མྱོང་ཚོར།༼མུ་འགོད༽
སྤེལ་བའི་དུས་ཚོད། : 2017-06-07 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སོག་པོ་ནི་ང་ཚོར་མཚོན་ན། ཆ་རྒྱུས་གང་ཡང་མེད་པའི་མི་རིགས་ཤིག་མ་རེད། མི་མང་པོ་ཞིག་གིས་ཆུང་དུས་ནས་སོག་པོ་སྟག་ཁྲིད་ཀྱི་ལྡེབས་རིས་མཐོང་མྱོང་ཡོད་ལ། བོད་ཀྱི་བླ་མ་སོག་པོར་དབུ་བླ་ཕེབས་པའི་ལོ་རྒྱུས་ཀྱང་གོ་མྱོང་། དེ་ཙམ་གྱིས་མི་ཚད་པར། བྱིས་པ་ཚོ་ཁར་མི་ཉན་དུས་ཕ་མེས་ཀྱིས་ཧོར་རྒྱལ་པོ་ཡོང་པ་རེད་ཟེར་ནས་སྐྲག་ཀྱང་བསླངས་མྱོང་། དེང་སང་ཡིན་ནའང་། སོག་པའི་གླུ་དབྱངས་མང་པོ་ཞིག་གླུ་མ་འཇམ་དབྱངས་སྒྲོལ་མ་སོགས་ཀྱིས་བླངས་ནས་བོད་ཡུལ་ཀུན་ཏུ་ས་ཁྱབ་རྡོ་ཁྱབ་རེད།

དེ་རིང་འདི་ནས་ང་རང་ད་ཐེངས་ནང་སོག་ལ་སླེབས་པའི་མྱོང་ཚོར་ཁ་ཤས་བཤད་བསམ་བྱུང་། གཙོ་བོར་ཨི་ཝུན་ཁེ་རྫོང་གི་མི་རིགས་རིག་གནས་ཐོན་ལས་གསར་གཏོད་ཁུལ་དུ་སླེབས་པའི་མྱོང་ཚོར་ཡིན། ཁུལ་འདིར་མིག་སྔའི་བར་ཁེ་ལས་དང་ཚོང་ཁང་བདུན་ཅུ་ལྷག་བཅའ་སྡོད་བྱས་འདུག

དང་པོ་ནི་ཁོང་ཚོའི་སྤྲོ་སེམས་འཁོལ་བའི་ཚོང་གཉེར་གྱི་རྣམ་པ་དེ་རེད། ཅ་དངོས་ཉོས་མ་ཉོས་ཀྱི་ཁྱད་མེད་པར། ཁོང་ཚོའི་ཚོང་ཁང་ནང་འཛུལ་པ་ན། ང་ཚོར་དགའ་བསུ་ཞུ་བཞིན་རང་གི་ཐོན་རྫས་ངོ་སྤྲོད་མི་བྱེད་མཁན་གཅིག་ཀྱང་མི་འདུག འདི་ནི་ཚོང་པ་དང་ཁེ་ལས་གཉེར་མཁན་ཞིག་ལ་ངེས་པར་དུ་དགོས་པའི་ཡོད་ཏན་ཞིག་རེད། ཡིན་ནའང་བོད་པས་ཚོང་ཁང་ནང་འདི་འདྲའི་མགྲོན་པོ་བསུ་ལུགས་ཀྱི་སྣང་བ་དེ་ཧ་ཅང་དཀོན་པོ་རེད་འདུག

གཉིས་པ་ནི་ཁོང་ཚོའི་སྲོལ་རྒྱུན་རིག་གནས་ཀྱི་ཟུངས་ཁྲག་ལ་བརྟེན་ནས་ཚོང་ལས་གཉེར་བའི་རྣམ་པ་དེ་རེད། རྫོང་རིམ་པའི་གྲོང་ཁྱེར་ཞིག་གི་ནང་། འདི་འདྲའི་ཁེ་ལས་དང་ལས་གཏོད་པ་མང་པོ་ནང་འགུག་བྱས་ཡོད་པ་ནི་ཧང་སང་དགོས་པ་ཞིག་རེད། ཁོང་ཚོའི་ནང་བརྒྱུད་འཚོང་བྱེད་མཁན་རྐྱང་རྐྱང་མ་ཡིན་པར། སྲོལ་རྒྱུན་རིག་གནས་རྒྱུད་འཛིན་པ་དང་སྒྱུ་རྩལ་པ་ཧ་ཅང་མང་པོ་འདུག ཁོང་ཚོ་ནི་གནས་དེར་བསྡད་ནས་ཐོན་སྐྱེད་བྱེད་བཞིན་ཚོང་ལས་གཉེར་ཡོད་ལ། ལག་བཟོས་སྒྱུ་རྩལ་ཐོན་རྫས་དེ་ཚོ་རིག་གནས་དང་གཏམ་རྒྱུད་ཀྱིས་ཕུན་སུམ་ཇེ་ཚོགས་སུ་བཏང་འདུག

གསུམ་པ་ནི་ཁོང་ཚོའི་སྤྱི་ཚོགས་ཀྱི་འགན་འཁྲི་ཕྲག་ཏུ་ལེན་སྟངས་དེ་རེད། ཁོང་ཚོའི་སྒོ་བྱང་ཐོག་འདི་འདྲ་ཞིག་བཀོད་འདུག སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་རྒྱུད་འཛིན་བྱས་ནས། གཉིད་ཟིན་པའི་གསེར་ཀྱི་ཕོར་བ་སླར་ཡང་སྤྱོད་ཅེས་གསལ་པོ་བྲིས་ཡོད་པ་དང་། འདིས་ངར་བག་ཆགས་ཟབ་མོ་བཞག་བྱུང་། དེ་ནི་ཁོང་ཚོས་རང་གི་ཕ་ཡུལ་ནས་གསེར་གྱི་ཕོར་བ་དེ་སྤྱད་ནས། རང་ཙམ་གྱིས་མི་ཚད་པར་མི་ཕལ་པ་མང་པོའི་ཡོང་སྒོ་ཇེ་མང་དུ་བཏང་འདུག དཔེར་ན། གལ་སྲིད་ཁོང་ཚོར་མངག་ཉོ་བྱེད་མཁན་མང་པོ་ཡོད་དུས། འབྲོག་ཁྱིམ་གྱི་བུད་མེད་རྣམས་ལ་སྤྲད་ནས་ཁྱིམ་ལས་ཀྱི་ཞོར་དུ་ཐོན་སྐྱེད་བྱས་ཡོད་ལ། ལག་ཤེས་དེ་ཡང་ཤེས་ཡོད་པ་རེད། མ་གཞི་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱ་དགོས་ན་དགེ་མཚན་ཆེན་པོ་ཡོད་པ་ཚང་མས་ཤེས་མོད། ཡིན་ནའང་ང་རང་ཚུད་པའི་མི་མང་པོ་ཞིག་ནི་རྒྱུ་མཚན་སྣ་མང་གིས་ལོག་ཐུབ་མེད་པ་རེད། དེ་བས་ང་ནི་ཁོང་ཚོའི་སྙིང་སྟོབས་ལ་ཡི་རངས་སྐྱེས་བྱུང་།

བཞི་པ། གཤམ་ལ་པར་རིས་མང་པོ་ཞིག་དང་སྦྱར་ནས། ཁོང་ཚོའི་ཐོན་རྫས་ཁ་ཤས་ཤིག་སྟོན་རྒྱུ་ཡིན། གལ་སྲིད་ཁྱེད་ལ་བློ་སྒོ་འབྱེད་པའི་ཆ་རེ་ཡོད་ན། ང་རང་ཧ་ཅང་དགའ་ངེས།

ཤིང་བརྐོས་བླ་མ།

རྒྱུ་ཆ་བལ་ཡིན་པའི་པར་རིས།

བལ་རྩིད་ཀྱིས་བཙེམ་པའི་སོག་ཕྲུག

བལ་སྤུ་ཡིས་བཟོས་པའི་སོག་མོ།

ཤྭ་རུས་ཐོག་གི་རི་མོ།

ཤིང་ཐུར་གྱིས་སོག་གུར་སླ་པ།

ཀོ་བ་མཉེད་བཞིན་པའི་སོག་པོ།

ཉི་མའི་བུ་མོ་སྣ་ཚོགས།༼ཉི་མའི་བུ་མོ་ཞེས་པའི་སྲོལ་རྒྱུན་ཞིག་ཡོད་པ་དང་། དེར་གཞིགས་ནས་བཟོས་པའི་ཐོན་རྫས་སྣ་མང་།༽

དུས་ཆེན་ལ་གཞིགས་ནས་ཅ་ལག་བཙོང་རྒྱུ་དེ་གལ་ཆེན་པོ་ཆགས་ཡོད་པ་དང་། ཁོང་ཚོས་ཡེ་ཤུའི་འཁྲུངས་སྐར་ལ་འདི་འདྲ་བཟོས་འདུག

ཧོར་ཇིང་གིར་རྒྱལ་པོ། ༼པགས་རིས།༽

མདོར་ན། རིག་གནས་ཀྱི་རྨང་གཞི་ཟབ་མོ་ཡོད་ན། མ་འོངས་པར་མཛེས་སྡུག་གི་རེ་བ་ཡོད་ངེས། དེ་ཡང་རིག་གནས་འདི་ནི་སྲོལ་རྒྱུན་གྱི་དཔལ་ཡོན་དང་དེང་སང་གི་ཚན་རྩལ་གཉིས་ལ་གོ་ཞིང་། གངས་ལྗོངས་རིག་པའི་རྩ་བ་བརྟན། དེང་རབས་ཤེས་བྱའི་ལོ་འདབ་རྒྱས་ཞེས་པའི་དཔེ་ལྟར་རྩ་བ་ཡོད་པའི་ལས་དོན་བསྒྲུབས་ན། རང་ཉིད་ལ་ཁེ་གཉེར་ཐུབ་ལ། ཕ་ཡུལ་དུ་ཡང་ཕན་ནུས་མང་པོ་བསྐྲུན་སྲིད། དེ་ལྟར་བྱུང་ན། རང་བཞིན་གྱིས་སྲོལ་རྒྱུན་རྒྱུད་འཛིན་བྱེད་བཞིན་མ་འོངས་གསར་གཏོད་ཡག་པོ་བྱེད་ཐུབ།
སང་ཉིན་ཡང་མུ་འགོད་བྱ་རྒྱུ་ཡིན་པས། བཀླག་པར་དགའ་བསུ་ཞུ།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་ལས་ཁུངས།

གསར་འགོད་པ། བདེ་གཡང་།