མཁལ་མའི་ནང་རྡོ་འབྱུང་རྐྱེན་དང་སྔོན་འགོག་བྱ་ཐབས།
མཁལ་རྡོ་ལས་སྐྱེད་པའི་ལུས་ཀྱི་ན་ཟུག་ནི་སྦྲུམ་མ་ཕྲུ་གུ་བཙའ་བའི་སྐྱེ་ཟུག་དང་འདྲ་བར། རྐེད་མཚམས་སུ་སོག་ལེས་དབྲལ་བ་དང་དྲུད་ཅིང་དཀྲུག་པ་ལྟ་བུའི་བཟོད་གླགས་བྲལ་བའི་ན་ཟུག་དྲག་པོ་གཏོང་གི་ཡོད་པས། དེ་ལ་“གསོ་རིག་གཞུང་གི་ན་ཟུག་ཆེན་པོ་བཞིའི་ཡ་གྱལ་”ཞེས་སུ་འབོད་ཀྱི་ཡོད།

མཁལ་མའི་ནང་དུ་རྡོ་ཇི་ལྟར་འབྱུང་ཚུལ།
མཁལ་མ་ནི་མི་ལུས་ནས་གཅིན་པ་འབྱུང་བའི་དབང་པོ་གལ་ཆེན་ཞིག་ཡིན་ཞིང་། ང་ཚོས་ཟོས་པའི་ཟས་རིགས་ནང་གི་ཆུ་དང་། དེ་བཞིན་འཐུང་བའི་ཆུ་དག་འཇུ་བྱེད་མ་ལག་གིས་བསྡུ་ལེན་བྱས་རྗེས་ཁྲག་རྒྱུན་ནང་དུ་ཕྱིན་ཏེ་ཁྲག་འཁོར་རྒྱུག་བྱེད་པ་དང་བསྟུན་ནས་ལུས་པོ་ཡོངས་ལ་རྒྱུག་གི་ཡོད། ཆུ་དེ་དག་ལས་ཆ་ཤས་ཤིག་རྔུལ་ཆུ་དང་མིག་ཆུ་སོགས་སུ་གྱུར་ནས་ལུས་ཀྱི་ཕྱིར་འབུད་པ་དང་། འགའ་ཤས་ནི་ལུས་པོའི་རྙིང་ཚབ་གསར་བརྗེ་ལས་བྱུང་བའི་“ཟོག་རོ་”དང་མཉམ་དུ་མཁལ་མའི་ནང་དུ་ཕྱིན་ཏེ་ཡང་བསྐྱར་བཙགས་རྗེས་འཚོ་བཅུད་ཀྱི་ཆ་ཤས་སླར་ཡང་བསྡུ་ལེན་བྱེད་ཅིང་། ལྷག་འཕྲོར་ལུས་པའི་“ཟོག་རོ་”དེ་དག་གཅིན་པར་གྱུར་ནས་མཇུག་མཐར་གཅིན་ལམ་བརྒྱུད་ལུས་ཕྱིར་འབུད་ཀྱི་ཡོད། འོན་ཀྱང་གློ་བུར་དུ་ཉིན་ཞིག་རྒྱུ་རྐྱེན་གང་རུང་དབང་གིས་ལྷག་འཕྲོར་ལུས་པའི་“ཟོག་རོ་”དེ་དག་ལུས་པོའི་ཕྱིར་འབུད་མ་ཐུབ་པར་མཁལ་མའི་ནང་དུ་ཕུང་གསོག་ཐེབས་ནས་དུས་ཡུན་རིང་པོ་སོང་ན་རྡོ་ཆགས་ཀྱི་ཡོད།

མཁལ་མས་“ཟོག་རོ་”ཕྱིར་འབུད་མི་ཐུབ་པའི་རྒྱུ་རྐྱེན།
གཅིན་པ་གྲུབ་པའི་གོ་རིམ་ཁྲོད་དུ། གཅིན་ཆུའི་དྲོད་ཚད་རྒྱུན་ལྡན་མིན་པ་དང་། སྐྱུར་བུལ་ཚད་འགྱུར་ལྡོག གཅིན་པ་མང་དྲགས་པ། དེ་མིན་གཅིན་སྐྱུར་དང་གཅིན་སྐྱུར་ཚྭ། རྩྭ་སྐྱུར་ཚྭ། ཀལ་གྱི་གྱེས་རྡུལ་མང་དྲགས་པ་བཅས་ཀྱིས་ཤེལ་ཟུགས་ཁ་ཤས་ཐོན་སྲིད། གཞན་ཡང་མཁལ་མས་དངོས་པོ་ཁ་ཤས་བསྡུ་ལེན་བྱས་རྗེས་ཀྱང་རྩྭ་སྐྱུར་ཀལ་དང་། ལིན་སྐྱུར་ཀལ། ལིན་སྐྱུར་ཨན་མའེ་སོགས་ཤེལ་གཟུགས་ཁ་ཤས་གྲུབ་སྲིད། ཤེལ་གཟུགས་དེ་དག་མཁལ་སྦུག་ཆུང་ངུའི་ནང་དུ་རྒྱུན་མཐུད་ཉིང་གྲུབ་དང་སྐྱེ་འཚར་རུབ་བསྡུས་བྱས་རྗེས་རིམ་བཞིན་རིལ་རྡོག་གི་གཟུགས་སུ་གྱུར་བ་དང་། དུས་ཚོད་ཀྱི་འཕོ་འགྱུར་དང་བསྟུན་ནས་རུབ་བསྡུས་བྱས་པའི་ཤེལ་གཟུགས་ཀྱི་གྲངས་འབོར་རིམ་བཞིན་ཇེ་མང་དུ་འཕེལ་བ་དང་། བོངས་ཚད་ཀྱང་ཇེ་ཆེར་འགྲོ་དུས་ཤེལ་གཟུགས་གཅིན་པ་དང་མཉམ་དུ་ཕྱིར་འབུད་མི་ཐུབ་པར་མཁལ་སྦུག་ཆུང་ངུའི་ནང་དུ་ལུས་ཏེ་མཁལ་སྦུག་ཆུང་ངུའི་ཁ་འགག་ནས་གཅིན་པ་ཡང་ཕྱིར་འབུད་མི་ཐུབ་ཅིང་། ཤེལ་གཟུགས་དང་གཅིན་པའི་ནང་གི་ཁྲག་སྐྱོའི་སྤྲི་དཀར། ཚིལ་རྫས་སོགས་སྐྱེ་ལྡན་གཞི་རྒྱུ་སྣ་ཚོགས་ཟུང་འབྲེལ་བྱས་ནས་རིམ་བཞིན་མཁལ་མའི་ནང་དུ་རྡོ་ཆགས་ཀྱི་ཡོད།

མཁལ་མའི་ནང་རྡོ་འབྱུང་བའི་གོམས་གཤིས་ཁག་ལྔ།
1. ཚྭ་ཟ་ཚད་མང་དྲགས་པ།
2.ཆུ་འཐུང་ཚད་ཉུང་དྲགས་པ།
3. ཇ་གར་པོ་འཐུང་མང་དྲགས་པ།
4. ཕུ་རོན་མཐོ་བའི་བཟའ་བཏུང་མང་དྲགས་པ།
5. སྤྲི་དཀར་རྫས་དང་མངར་ཆ་མཐོ་བའི་བཟའ་བཏུང་མང་དྲགས་པ།

མཁལ་མའི་ནང་རྡོ་འབྱུང་བ་སྔོན་འགོག་བྱ་ཐབས།
1. ཆུ་ཚད་ཉུང་ཐེངས་མང་འཐུང་དགོས།
《2022ལོའི་ཀྲུང་གོའི་གྲོང་མིའི་བཟའ་བཅའི་ཕྱོགས་སྟོན་》ལྟར་ན། གནམ་གཤིས་དྲོ་འཇམ་གྱི་ཆ་རྐྱེན་འོག ལུས་ཕུང་འགུལ་སྐྱོད་དམའ་བའི་སྐྱེས་པ་དར་མས་ཉིན་རེར་ཆུ་ཧའོ་ཧྲེང་1700འཐུང་དགོས་པ་དང་། བུད་མེད་དར་མས་ཉིན་རེར་ཆུ་ཧའོ་ཧྲེང་1500འཐུང་དགོས། གཞན་ཡང་། མངར་ཆ་ལྡན་པའི་བཏུང་བྱ་ཉུང་ཙམ་འཐུང་བའམ་རབ་བྱུང་ན་འཐུང་རྒྱུ་མེད།
2.ཤིང་ཏོག་དང་སྔོ་ཚལ་མང་ཙམ་ཟ་དགོས་པ་དང་། ཚྭ་དང་ཞག་ཚི་མང་བའི་ཟས་རིགས་ཉུང་ཙམ་ཟ་དགོས།
3. རྒྱུན་དུ་ལུས་སྦྱོང་ཚད་རན་པོ་བྱས་ཏེ་ལུས་པོའི་ལྗིད་ཚད་ལ་ཚོད་འཛིན་ཡག་པོ་བྱེད་དགོས།
4. ཧོང་ཨན་རིགས་ཀྱི་སྨན་ཉུང་དུ་གཏོང་དགོས་པ་དང་། འཚོ་རྒྱུ་Cམང་དྲགས་རྒྱུ་མེད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
















