བོད་ལུགས་གསོ་རིག་གི་དུས་བཞིའི་ཟས་སྤྱོད་སྤང་བླང་།
དཔྱིད། ↓
དཔྱིད་དུས་དྲོད་འཕེལ་བ་སྤུའི་བུ་ག་ཕྱེ། །
ཕོ་བའི་མེ་དྲོད་ཉམས་པས་བད་ཀན་ལྡང་། །
ཤ་དང་སྦྲང་རྩི་ཐང་དང་ཆུ་ཁོལ་སོགས། །
རོ་བྲོ་ཁ་ཚ་བསྐ་གསུམ་ཤས་ཆེར་སྤྱོད། །
མེ་ཏོག་ལྗོན་ཤིང་ཚལ་གྱི་ཉི་གྲིབ་སྙེགས། །

དབྱར། ↓
དབྱར་དུས་ཆར་ཆུས་ས་གཞིའི་བྲང་ཁ་བརླན། །
ཆུ་ཀླུང་རྙོག་མས་ལུས་ཀྱི་མེ་དྲོད་འཇོམས། །
ཡང་དྲོ་སྣུམ་རིགས་ཆང་དང་ཤ་ཁུ་སོགས། །
རོ་བྲོ་མངར་སྐྱུར་ལན་ཚ་ཤས་ཆེར་སྤྱོད། །
དྲོ་ཞིང་སྐམ་ཤས་ཆེ་བའི་གནས་སུ་འདུག །

སྟོན། ↓
སྟོན་དུས་ཉི་ཟེར་ཚ་པོས་ལུས་པོ་གདུངས། །
དབྱར་བསིལ་རྐྱེན་གྱིས་མགོ་མནན་མཁྲིས་ནད་ལྡང་། །
བ་རའི་ཞོ་དང་དར་ར་མར་གསར་དང་། །
ར་ཤ་གསར་སོགས་རོ་མངར་ཁ་བསྐ་སྤྱོད། །
བསིལ་བའི་ས་ལ་ལུས་ཁམས་ལྷོད་དུ་འཇུག །

དགུན། ↓
དགུན་དུས་གྲང་བས་བ་སྤུའི་སྒོ་རྣམས་ཟུམས། །
ཟས་སྐོམ་ཉུང་ན་ཁྲག་སོགས་ལུས་ཟུངས་བྲི། །
ལུག་ཤ་མར་གསར་བུ་རམ་འོ་ཆང་སོགས། །
སྣུམ་བཅུད་མངར་སྐྱུར་ལན་ཚྭ་ཤས་ཆེར་བསྟེན། །
གོས་ཀྱི་དྲོ་སྲུང་མེ་ཉི་རན་ཚད་བསྲོ། །
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

















