སྙིང་ཡག་པོ་ཡོད་མེད་བརྟག་པའི་ཚད་གཞི་བརྒྱད།
མི་མང་པོ་ཞིག་གིས་སྔར་ནས་བཟུང་སྙིང་མི་བདེ་བའི་སྣང་བ་བྱུང་མྱོང་མེད་ཅེས་པའི་རྒྱུ་མཚན་དྲངས་ནས་རང་ཉིད་ཀྱི་སྙིང་ཧ་ཅང་བདེ་ཐང་ཡིན་པར་རློམ་གྱི་ཡོད། དོན་ངོ་མར་སྙིང་གི་གནད་དོན་ནི་སེམས་ཀྱི་མྱོང་སྣང་ལ་གཞིགས་ནས་རྟོགས་སླ་བ་ཞིག་མིན་པར། སྨན་པས་ཚད་གཞི་ནན་པོ་8བཏོན་ཡོད་པ་དེ་ནི་ད་གཟོད་སྙིང་གི་བདེ་ཐང་གི་གསང་བའི་རྒྱལ་སྒོ་འབྱེད་པའི་ལྡེ་མིག་ཅིག་རེད།
1 སྙིང་གཡུག་པའི་མྱུར་ཚད།
སྤྱིར་བཏང་གི་གནས་ཚུལ་འོག མི་རྣམས་སེམས་ལྷོད་པའི་སྐབས་སུ་སྐར་མ་རེར་སྙིང་གཡུག་ཐེངས་60ནས་80བར་ཡིན་པ་དེ་ནི་ཆེས་ལུགས་མཐུན་ཡིན་ཞིང་། སྐར་མ་རེར་སྙིང་གཡུག་ཐེངས་50ནས་90བར་ལ་སླེབས་ཀྱང་སྐྱོན་མེད། གལ་ཏེ་སྐར་མ་རེར་སྙིང་གཡུག་ཐེངས་50ལས་ཉུང་ན། སྙིང་གི་བརྒྱུད་འདྲེན་མ་ལག་རྒྱུན་ལྡན་མིན་པར་དོགས་པ་སྐྱེ་དགོས་ཤིང་། ཚབས་ཆེ་ན་སྙིང་འཕར་ཡོ་ཆས་བསྒར་དགོས། གལ་ཏེ་སྐར་མ་རེར་སྙིང་གཡུག་ཐེངས་90ལས་བརྒལ་ན། དེ་ནི་རྐོང་གཤིས་སྙིང་འཕར་གྱི་མྱུར་ཚད་མགྱོགས་དྲགས་པའི་རྐྱེན་ཡིན་པ་དང་། དུས་ཚོད་རིང་པོ་སོང་ན་སྙིང་གི་ནུས་པ་རིམ་བཞིན་ཉམས་སྲིད། གཉིད་ཁུག་པའི་སྐབས་སུ་སྐར་མ་རེར་སྙིང་གཡུག་ཐེངས་40ཡས་མས་ཟིན་པ་ནི་རྒྱུན་ལྡན་ཡིན། ལྷག་པར་དུ་ལུས་རྩལ་པའི་སྙིང་གི་གཡུག་ཐེངས་དེ་ལས་ཀྱང་ཉུང་བ་ཡོད།
2 སྙིང་གི་འཕར་འགྲོས།
བདེ་ཐང་ཡིན་པའི་སྙིང་གི་འཕར་འགྲོས་ནི་གཏན་འཇགས་ཡིན་པ་དེར་གསོ་རིག་ཐོག་རྐོང་གཤིས་སྙིང་འགྲོས་(窦性心律)ཟེར། དེས་སྙིང་གི་གློག་ལམ་མ་ལག་འཁོར་སྐྱོད་རྒྱུན་ལྡན་ཡིན་པ་མཚོན་གྱི་ཡོད། གལ་ཏེ་སྙིང་པར་རླབས་རིས་བརྟག་འབྲས་ཤོག་བུའི་སྟེང་དུ་རྐོང་གཤིས་སྙིང་འགྲོས་ཞེས་བྲིས་ཡོད་ན། གཞི་རྩའི་ཆ་ནས་སྙིང་ལ་སྐྱོན་མེད་པ་མཚོན་གྱི་ཡོད། དེ་མིན་སྙིང་ཁམས་འདར་བ་སོགས་ཀྱི་གནད་དོན་གང་རུང་བྲིས་ཡོད་ན་སྙིང་གི་གློག་ལམ་ལ་སྐྱོན་ཤོར་བ་མཚོན་གྱི་ཡོད་ཅིང་། སྙིང་གཡུག་པ་དང་གཟུགས་པོ་ཐང་ཆད་པའི་གནད་དོན་ཐོན་སླ་བ་མ་ཟད། ཐ་ན་གྲིབ་སྐྱོན་འབྱུང་ཉེན་ཡང་ཡོད་པས། སྐབས་འདིར་སྙིང་ནད་ཚན་ཁག་ལ་བརྟག་དཔྱད་བྱེད་པར་འགྲོ་དགོས།
3 ཁྲག་ཤེད།
ཁྲག་ཤེད་མཐོ་དྲགས་ན་ཁྲག་རྩ་བརྡོལ་སྲིད་པ་དང་། དམའ་དྲགས་ན་ཁྲག་མཁོ་འདོན་འདང་གི་མེད། ཁྱིམ་དུ་ཁྲག་ཤེད་འཇལ་དུས་ཁྲག་ཤེད་ཨང་གྲངས་135/85ལས་བརྒལ་མི་རུང་། སྨན་ཁང་དུ་ཁྲག་ཤེད་འཇལ་དུས་ཁྲག་ཤེད་ཨང་གྲངས་140/90ལས་བརྒལ་མི་རུང་། ཡག་ཤོས་བྱུང་ན་ཁྲག་ཤེད་ཨང་གྲངས་130/80ནང་དུ་ཚོད་འཛིན་བྱེད་དགོས། ཡུན་རིང་ཁྲག་ཤེད་མཐོ་དྲགས་ན་སྙིང་གི་ཐེག་ཚད་ལས་བརྒལ་བ་དང་། སྙིང་གི་ཤ་གནད་ཇེ་མཐུག་ཇེ་མཁྲེགས་སུ་ཕྱིན་ནས་མཐར་སྙིང་ཤུགས་ཉམས་ཟད་དུ་འགྲོ་སྲིད།

4 མངར་སྣུམ་ཚིལ་གསུམ།
མངར་སྣུམ་ཚིལ་གསུམ་(甘油三脂)ནི་ཁྲག་རྒྱུན་ནང་གི་“སྣུམ་ཚིལ་གད་སྙིགས་”ཡིན་ཞིང་། ཡུན་རིང་ཚད་གཞི་མཐོ་དྲགས་ན་ཁྲག་འབྱར་བག་ཅན་དུ་གྱུར་ནས་ཁྲག་རྩའི་ངོས་སུ་ཕུང་གསོག་ཐེབས་ཏེ་ཁྲ་ཐིག་ཆགས་སླ་བ་དང་། ཁྲ་ཐིག་རིམ་བཞིན་ཇེ་མང་དུ་ཕྱིན་ནས་ཁྲག་རྩ་ག་ལེར་འགག་འགྲོ་གི་ཡོད། མངར་སྣུམ་ཚིལ་གསུམ་གྱི་ཡང་དག་ཚད་གཞི་ནི་ཧའོ་མོར་1.7/ཧྲེང་མན་ཡིན་པ་དང་། དེ་ཚོད་འཛིན་བྱེད་པའི་ཐབས་ཤེས་ཡག་ཤོས་ནི་སྣུམ་ཚིལ་ཉུང་ཙམ་བསྟེན་པ་དང་། འགུལ་སྐྱོད་མང་ཙམ་བྱེད་པ། ཆང་ཉུང་ཙམ་འཐུང་བ་བཅས་ཡིན།
5 མཁྲིས་རྒྱུ་གཤེར་རྩི་ངན་པ།
སྟུག་ཚད་དམའ་བའི་ཚིལ་སྤྲིར་མཁྲིས་རྒྱུ་གཤེར་རྩིར་“མཁྲིས་རྒྱུ་གཤེར་རྩི་ངན་པ་”ཞེས་འབོད་ཀྱི་ཡོད། དེ་ནི་ཁྲ་ཐིག་འབྱུང་བའི་རྒྱུ་ཡིན་པ་དང་གནོད་འཚེ་ནི་མངར་སྣུམ་ཚིལ་གསུམ་ལས་ཀྱང་ཆེ་བ་ཡོད། མི་ཚོགས་མི་འདྲ་བའི་མཁྲིས་རྒྱུ་གཤེར་རྩིའི་ཚད་གཞི་མི་འདྲ་བ་སྟེ། མི་དཀྱུས་མའི་ཚད་གཞི་ཧའོ་མོར་3.4/ཧྲེང་ལས་དམའ་བ་དགོས། ཉེན་ཁ་ཆེ་འབྲིང་གི་མི་ཚོགས་ཏེ། དཔེར་ན་ཁྲག་ཤེད་མཐོ་བ་དང་གཅིན་པ་མངར་འགྱུར་གྱི་ནད་ཕོག་པའི་མིའི་ཚད་གཞི་ཧའོ་མོར་2.6/ཧྲེང་ལས་དམའ་བ་དགོས། ཉེན་ཁ་ཅུང་ཆེ་བའི་མི་ཚོགས་སྟེ། སྙིང་རྩ་འགག་པ་དང་ཡང་ན་གྲིབ་ནད་ཕོག་མྱོང་བའི་མིའི་ཚད་གཞི་ནི་ཧའོ་མོར་1.8/ཧྲེང་མན་དུ་ཚོད་འཛིན་བྱེད་དགོས། ཉེན་ཁ་ཧ་ཅང་ཆེ་བའི་མི་ཚོགས་ཏེ། ཡང་ཡང་སྙིང་རྩ་དང་ཀླད་རྩ་འགག་མཁན་མིའི་ཚད་གཞི་ནི་ཧའོ་མོར་1.4/ཧྲེང་མན་ཡིན་དགོས།
མི་མང་པོ་ཞིག་གིས་མཁྲིས་རྒྱུ་གཤེར་རྩི་སྤྱི་ཡོངས་མཐོ་པོ་མེད་ན་གནད་དོན་མེད་པར་སྙམ་གྱི་ཡོད། དོན་དངོས་ཐོག་མཁྲིས་རྒྱུ་གཤེར་རྩི་ངན་པ་ནི་ཁྲག་རྩ་བདེ་ཐང་ཡིན་མིན་གྱི་འགག་རྩ་ཞིག་རེད།
6 ཁྲག་མངར།
ཡུན་རིང་ཁྲག་མངར་མཐོ་ན་ཁྲག་རྩའི་ནང་སྐྱི་རུལ་བདེ་བ་མ་ཟད། ཁྲག་རྩ་ཉག་ཕྲ་མོར་གྱུར་ནས་ཁྲ་ཐིག་ཆགས་མགྱོགས་པོ་ཡོད། ཁོག་སྟོང་གི་ཁྲག་མངར་ཧའོ་མོར་6.1/ཧྲེང་ལས་ཉུང་བ་དགོས་པ་དང་། ཁ་ལག་བཟས་རྗེས་ཆུ་ཚོད་གཉིས་ནང་ཁྲག་མངར་ཧའོ་མོར་/ཧྲེང་11.1ལས་ཉུང་བ་དགོས། མངར་འགྱུར་ཁྲག་དམར་སྤྲི་དཀར་6.5%ལས་ཉུང་བ་དགོས་པ་བཅས་ཡིན། གྲངས་གཞི་འདི་དག་ལས་བརྒལ་ན་གཅིན་པ་མངར་འགྱུར་གྱི་ནད་ཕོག་པར་དོགས་ཟོན་བྱེད་དགོས། གཅིན་པ་མངར་འགྱུར་གྱི་ནད་པར་སྙིང་ཀླད་ཁྲག་རྩའི་ནད་བྱུང་བའི་ཉེན་ཁ་ནི་མི་དཀྱུས་མའི་ལྡབ་2ནས་4བར་ཡིན།

7 སྙིང་གི་སྒུལ་ཤུགས།
ལུས་པོའི་ཁྲག་འཕྱོ་བའི་ཡང་དག་སྐར་གྲངས་ནི་50%ནས་70%བར་ཡིན། དེ་ནི་སྙིང་གི་ཚོན་པར་རྒྱག་སྐབས་འཇལ་བའི་གྲངས་ཐང་ཞིག་ཡིན་པ་དེས་སྙིང་ཐེངས་རེར་འཁུམ་འདུ་བྱེད་སྐབས་ཁྲག་མང་ཉུང་ག་ཚོད་འཕྱོ་ཐུབ་མིན་མཚོན་གྱི་ཡོད། ཁྲག་འཕྱོ་ཤུགས་50%ལས་ཉུང་ན་སྙིང་གི་འགུལ་ཤུགས་མི་འདང་བར་དབུགས་འཚང་བ་དང་ཐང་ཆད་པ། ཆུ་སྐྲངས་སོགས་ཀྱི་ནད་རྟགས་འབྱུང་སྲིད།
8 ཁྲག་རྩའི་ཁྲ་ཐིག
ཁྲག་རྩ་ཡག་པོ་ནི་འཇམ་ཞིང་ཁྲ་ཐིག་མེད་པ་ཞིག་ཡིན། གལ་ཏེ་ཁྲ་ཐིག་ཆགས་ཚད་30%ལས་མ་བརྒལ་ན། ཁྲག་ཤེད་མཐོ་བ་དང་། ཁྲག་ཚིལ་མཐོ་བ། ཁྲག་མངར་མཐོ་བ་བཅས་“མཐོ་གསུམ་”ཚོད་འཛིན་ཡག་པོ་བྱས་ན་འགྲིག གལ་ཏེ་ཁྲ་ཐིག་ཆགས་ཚད་50%ལས་བརྒལ་ན་སྙིང་ནད་ཁྲག་གཟེར་ནད་ཡིན་པས། སྨན་པའི་མཛུབ་སྟོན་འོག་སྨན་ཨ་སི་ཕེ་ལིན་དང་ཐཱ་ཏིང་སོགས་གཏོང་དགོས། གལ་ཏེ་75%ལས་བརྒལ་ན། དེ་ནི་སྙིང་གཟེར་ལངས་པའི་དཔེ་མཚོན་རང་བཞིན་གྱི་བརྡ་རྟགས་ཤིག་ཡིན་ཞིང་། ཁྲག་རྩ་ཧ་ཅང་གུ་དོག་པོ་ཆགས་པའི་རྐྱེན་གྱིས་དུས་ངེས་མེད་དུ་སྙིང་རྩ་འགག་པའི་ཉེན་ཁ་ལྡན་པས་ངེས་པར་དུ་སྨན་ཁང་དུ་བསྐྱོད་ནས་བརྟག་དཔྱད་ཡག་པོ་བྱེད་དགོས། །
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
















