མགོ་སྐྱེས་སྐྲ་ལ་བདག་གཅེས་བྱེད་སྟངས།
མགོ་སྐྱེས་སྐྲ་ཡིས་ལུས་ཀྱི་ཉམས་ལ་ཤུགས་རྐྱེན་ཐེབས་པ་མ་ཟད། ད་དུང་མགོ་སྐྱེས་སྐྲ་ལོ་དང་ལུས་ཁམས་བདེ་ཐང་དབར་འབྲེལ་བ་དམ་ཟབ་ཡོད་པས། དུས་རྒྱུན་འཚོ་བའི་ནང་ལུས་ཀྱི་ལྗོན་ཤིང་མཛེས་པའི་སྐྲ་ཡི་འདབ་མར་བདག་གཅེས་ཡག་པོ་བྱས་ཏེ་དེ་ལ་གནོད་པའི་གོམས་གཤིས་ངན་པ་ཐ་དག་རྩྭ་རྩེའི་ཟིལ་པ་བཞིན་སྤང་དགོས།

གཅིག དུས་ཡུན་ཇི་ཙམ་ལ་སྐྲ་ཐེངས་གཅིག་བཞར་དགོས་སམ།
དུས་ཐོག་ཏུ་སྐྲ་བཞར་ན་ལྟ་སྣང་དོད་པོ་ཆགས་པ་མ་ཟད། ལུས་སེམས་བདེ་ཐང་ལའང་ཕན་ཐོགས་ཆེན་པོ་ཡོད། ད་དུང་སྐྲ་ལོའི་ཕྲ་ཕུང་གི་རྙིང་ཚབ་གསར་བརྗེ་ལ་སྐུལ་འདེད་ཐུབ་པ་དང་ཆབས་ཅིག་སྐྲ་ལ་འཚོ་བཅུད་འདང་ངེས་མཁོ་སྤྲོད་ཐུབ་ནས་སྐྲ་སྐྱེ་འཚར་བཟང་པོ་ཡོང་བ་དང་མགོ་ལྤགས་ཀྱི་བདེ་ཐང་ལ་ཕན་ཐོགས་ཡོད། འོ་ན། དུས་ཡུན་ཇི་ཙམ་ལ་སྐྲ་ཐེངས་གཅིག་བཞར་དགོས་སམ་ཞེ་ན་དེ་ལ་ཁག་གཉིས་སུ་དབྱེ་ནས་བརྗོད་ཡོད་དེ།
1. སྐྲའི་རིང་ཐུང་ལ་གཞིགས་པ།
གལ་སྲིད་སྐྲ་རིང་པོ་འཇོག་རྒྱུར་དགའ་པོ་ཡོད་ན། དུས་ཡུན་རིང་ཤོས་ཟླ་བ་གསུམ་ནས་ཐེངས་གཅིག་བཞར་དགོས། དེ་ལྟར་བྱས་ན་སྐྲའི་རིང་ཚད་ལ་ཤུགས་རྐྱེན་ཐེབས་མི་སྲིད་ལ། སྐྲའི་མདངས་མ་ཡལ་བ་དང་སྐྲའི་སྤུས་ཚད་ལེགས་བཅོས་ཐུབ་ངེས།
གལ་སྲིད་སྐྲ་ཐུང་ཐུང་འཇོག་རྒྱུར་དགའ་པོ་ཡོད་ན། ཟླ་བ་རེར་སྐྲ་ཐེངས་རེ་བཞར་དགོས་པ་ལས། སྐྲ་མ་བཞར་བར་དུས་ཚོད་རིང་པོ་ཕྱིན་ན་ལུས་སེམས་གཉིས་ཀ་མི་བདེ་བའི་ཚོར་སྣང་སྐྱེས་སྲིད།
2. ལོ་ཚོད་ལ་གཞིགས་པ།
སྐྲ་ལ་ཡང་སྐྱེ་འཚར་གྱི་དུས་འཁོར་ཡོད་དེ། སྤྱིར་བཏང་དུ་ཟླ་རེར་ལི་སྨི་གཅིག་ཙམ་སྐྱེ་འཚར་ཡོང་གི་ཡོད་ཅིང་། ན་གཞོན་དང་བསྡུར་ན་རྒན་རྒོན་གྱི་སྐྲའི་སྐྱེ་འཚར་མྱུར་ཚད་ཅུང་ཟད་དལ་བ་ཡོད། དེར་བརྟེན་ན་གཞོན་དང་བྱིས་པ་དག་གིས་སྐྲ་མང་ཙམ་བཞར་ན་ཡག་པ་ཡོད།
གཉིས། དུས་ཡུན་ཇི་ཙམ་ལ་སྐྲ་ཐེངས་གཅིག་བཀྲུ་དགོས་སམ།
ཉིན་མཚན་དང་སྔ་དགོང་དབྱེ་བ་མེད་པར་སྐྲ་ཡང་ཡང་བཀྲུས་ན། མགོ་ལྤགས་ཀྱི་སྣུམ་སྙིགས་ཇེ་ཉུང་དུ་འགྲོ་བར་ཕན་ཐོགས་ཡོད། མི་ཚོགས་མི་འདྲ་བར་སྐྲ་བཀྲུ་ཚད་མི་འདྲ་བ་ཡོད་དེ།
1. སྐྲ་ཐུང་བའམ་སྐྲ་སྣུམ་གཤིས་ཅན་ཡིན་ན། ཉིན་རེར་སྐྲ་ཐེངས་གཅིག་བཀྲུས་ན་ཆོག
2. སྐྲ་རིང་པོའམ་སྐྲ་སྐམ་གཤིས་ཅན་ཡིན་ན། ཉིན་2ནས་3བར་སྐྲ་ཐེངས་གཅིག་བཀྲུས་ན་ཆོག
སྐྲ་འཁྲུ་རྫས་ཐད་གཙང་སེལ་དང་སྣུམ་སེལ་ནུས་པ་ཤུགས་ཆེ་བའི་འཁྲུད་ཆུ་བེད་སྤྱོད་མ་བྱས་ན་བཟང་། གང་ཡིན་ཟེར་ན་དེས་རྒྱུན་ལྡན་གྱི་སྐྲའི་སྤུས་ཚད་དང་མགོ་ལྤགས་ལ་གནོད་འཚེ་བཟོ་སྲིད། ད་དུང་སྐྲ་སྐམ་པོ་བཟོ་དུས་རབ་བྱུང་ན་ཨ་ཅོར་གྱིས་སྐྲ་རློན་པ་ཕྱིས་རྗེས་རང་བཞིན་དུ་སྐམ་དུ་འཇུག་ན་ལེགས། གལ་སྲིད་རླུང་འབུད་ཡོ་ཆས་སྤྱད་ནས་སྐྲ་སྐམ་པོ་བཟོ་དགོས་ཚེ། རླུང་འབུད་ཡོ་ཆས་དང་མགོ་ལྤགས་དབར་བར་ཐག་ལི་སྨི་10ནས་15བར་འཇོག་དགོས་ཤིང་སྔོན་ལ་མགོ་ལྤགས་དང་དེ་ནས་སྐྲ་སྐམ་པོ་བཟོ་དགོས།

གསུམ། སྐྲ་ལ་གནོད་པའི་བྱ་སྤྱོད་ཁག་བཞི་པོ་འདི་དག་སྤོང་དགོས།
1. སྐྲ་བཀྲུས་ཟིན་རྗེས་མ་སྐམ་པར་ཉལ་བ།
སྐྲ་བཀྲུས་ཟིན་རྗེས་མ་སྐམ་པར་རློན་པ་བྱས་ནས་ཉལ་ན། གཟུགས་པོའི་བདེ་ཐང་ལ་གནོད་པ་མ་ཟད། སྐྲའི་སྤུས་ཚད་ལའང་གནོད་སྲིད།
2. སྐྲ་ཚོས་རྒྱག་རྒྱུར་དགའ་བ།
སྐྲ་ཚོས་ཀྱི་རྒྱུ་ཆ་ཚང་མ་རྫས་འགྱུར་ཐོན་རྫས་ཀྱི་ཁོངས་སུ་གཏོགས་པས། སྐྲ་རྐང་དང་མགོ་ལྤགས་ལ་གནོད་དེ་མགོ་ལྤགས་དམར་པོར་འགྱུར་བ་དང་། ཟ་འཕྲུག་ལངས་པ། སྐོགས་ཤུན་ཐོན་པ་སོགས་ཀྱི་སྣང་ཚུལ་འབྱུང་སྲིད།
3. མགོ་མི་བཀྲུ་བ།
ཉིན་མང་པོར་མགོ་མ་བཀྲུས་ན། མགོ་ལྤགས་ལ་ནད་འབུ་འཕེལ་ནས་མགོ་ལྤགས་ཀྱི་བདེ་ཐང་ལ་གནོད་སྲིད་པས། ཉིན་5ལས་མ་བརྒལ་བར་འོས་འཚམ་ངང་མགོ་བོ་བཀྲུ་དགོས།
4. སྐྲ་འཁྲུ་རྫས་མི་བརྗེ་བ།
དུས་ཡུན་རིང་པོ་སྐྲ་འཁྲུ་རྫས་རིགས་གཅིག་བེད་སྤྱོད་བྱས་ན་དེའི་རྫས་འགྱུར་དངོས་རྫས་མགོ་ལྤགས་སུ་གསོག་ཉར་བྱས་ནས་མགོ་ལྤགས་ལ་གནོད་པ་ངེས་ཅན་བཟོ་སྲིད་པས། ཟླ་བ་3ནས་6བར་སྐྲ་འཁྲུ་རྫས་ཐེངས་རེ་བརྗེ་དགོས་པ་མ་ཟད། དེ་དང་སྡེབ་པའི་སྐྲ་གསོའི་རྫས་དང་སྐྲ་སྐྱི་ཡང་བརྗེ་དགོས།
མཇུག་ཏུ་སྐྲ་ཡག་པོ་སྲུང་སྐྱོང་བྱེད་པའི་ཐབས་མཆོག་གཉིས་ངོ་སྤྲོད་ཞུ་རྒྱུ་སྟེ། གཅིག་ནི་འབྲས་བཀྲུས་པའི་ཆུས་མགོ་བཀྲུ་དགོས་པ་སྟེ། འབྲས་བཀྲུས་པའི་ཆུ་ལ་འཚོ་བཅུད་A B C འདུས་ཡོད་པས། སྐྲ་དང་མགོ་ལྤགས་གསོ་བར་ཕན་ཐོགས་ཡོད། གཉིས་ནི་སྐྲ་ཤད་རྒྱག་དུས་ཤིང་གི་སྐྲ་ཤད་བེད་སྤྱོད་བྱས་ན་མགོ་བོའི་ཆ་ཤས་ཀྱི་ཁྲག་འཁོར་རྒྱུག་ལ་ཕན་པ་མ་ཟད། སྐྲ་ལ་སྲུང་སྐྱོང་ཐུབ་ནས་སྐྲ་བུད་པ་སྔོན་འགོག་བྱེད་ཐུབ་བོ།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
















