འབར་རླངས་ཀྱི་མེ་ལྕེའི་ཁ་དོག་ལ་འགྱུར་བ་འགྲོ་དུས་ཡིད་གཟབ་གནང་རོཌ།
ཉེ་ཆར། ཀུའེ་ཀྲོའུ་ཀུའེ་དབྱང་དུ་ལོ་བདུན་ཅུ་ལ་སླེབས་པའི་བཟའ་ཚོ་གཉིས་ཀྱིས་སྒོ་དང་སྒེའུ་ཁུང་དམ་པོར་བརྒྱབ་ནས་ཁྱིམ་དུ་རླངས་ཐབ་སྤྱད་དེ་ལྟོ་ཆས་བཟོ་བཞིན་པའི་སྐབས། དུས་ཡུན་རིང་པོར་མཁའ་རླུང་འཁོར་རྒྱུག་མ་བྱུང་བ་དང་། འབར་རླངས་ཡོངས་སུ་འབར་ཐུབ་མེད་པའི་དབང་གིས་ཁང་པའི་ནང་གི་དབྱང་གཅིག་ཐཱན་རྫས་ཀྱི་གར་ཚད་ཆེས་ཆེར་མཐོ་རུ་ཕྱིན་ནས་རྒན་རྒོན་གཉིས་ཀར་དུག་རླངས་ཕོག་ནས་བརྒྱལ་ཡོད། སྟབས་ལེགས་པ་ཞིག་ལ་སྨན་བཅོས་བྱས་རྗེས་སྲོག་ཉེན་ལས་ཐར་ཡོད།
འབར་རླངས་ཡོངས་སུ་འབར་ཡོད་མེད་ལ་ཇི་ལྟར་བརྡར་ཤ་གཅོད་དགོས་སམ། རླངས་ཐབ་ཇི་ལྟར་བདེ་འཇགས་ངང་བཀོལ་སྤྱོད་བྱེད་དགོས་སམ་ཞེ་ན།
མེ་ལྕེའི་ཁ་དོག་ལས་རླངས་ཐབ་ཀྱི་གནས་ཚུལ་ཤེས་ཐུབ།
པེ་ཅིང་གྲོང་ཁྱེར་གྲོང་ནུབ་ཆུས་མེ་ཟོན་རོགས་སྐྱོབ་ཅུས་གསར་འགྱུར་དྲིལ་བསྒྲགས་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ལི་ཡུས་ཅང་གིས། འབར་རླངས་རྒྱུན་ལྡན་ལྟར་འབར་སྐབས་ཁ་དོག་ནི་སྔོ་སྐྱ་ཡིན། མེ་ལྕེ་ཡི་མཐོ་ཚད་དང་ཆེ་ཆུང་སྙོམས་པོ་ཡིན་དགོས་ཞེས་གསུངས་ཡོད།

གལ་ཏེ་མེ་ལྕེའི་ཚོས་གཞི་དམར་པོའམ་སེར་པོར་གྱུར་བ། དུ་བ་ནག་པོ་འཕྱུར་བ། ཡང་ན་བེད་སྤྱོད་བྱེད་སྐབས་སླ་ངའི་ཞབས་མགྱོགས་མྱུར་ངང་ནག་པོར་གྱུར་ཚེ་འབར་རླངས་ཡོངས་སུ་འབར་མེད་པ་མཚོན་གྱི་ཡོད་པ་དང་། དེ་ལས་དབྱང་གཅིག་ཐཱན་རྫས་ཐོན་པ་དང་། མི་ལ་དུག་རླངས་ཕོག་སླ་པོ་ཡོད།

དེ་ལས་གཞན། གལ་ཏེ་ཡོངས་སུ་འབར་མེད་པའི་འབར་རླངས་ཁང་པའི་ནང་དུ་འདུས་ཚེ།
གློག་གི་མེ་སྟག་གམ་མེ་དང་འཕྲད་ཚེ་ད་དུང་འགད་འབར་བྱུང་ནས་མེ་སྐྱོན་འབྱུང་སྲིད།
ཇི་ལྟར་བདེ་འཇགས་ངང་འབར་རླངས་བཀོལ་སྤྱོད་བྱེད་དགོས་སམ་ཞེ་ན།
■ སྒེའུ་ཁུང་ཕྱེ་ནས་རླུང་འགྲོ་རུ་འཇུག་པ་དང་། རླངས་ཐབ་བཀོལ་སྐབས་ངེས་པར་དུ་སྒེའུ་ཁུང་དང་དུ་འབུད་རླུང་གཡབ་ཕྱེ་ནས་མཁའ་རླུང་རྒྱུན་མཐུད་ངང་འཁོར་རྒྱུག་བྱེད་པར་འགན་ལེན་བྱེད་དགོས།
■ དུས་བཀག་ལྟར་ཞིབ་བཤེར་དང་ཉམས་གསོ་བྱེད་དགོས།
དུས་ཐོག་ཏུ་དུས་བརྒལ་ཐབ་ཆས་དང་རྙིང་འགྱུར་མཉེན་སྦུག་བརྗེ་དགོས། རླངས་ཐབ་ཉོས་པའི་ཉིན་མོ་ནས་བརྩིས་ན། སྤྱིར་བཏང་དུ་བེད་སྤྱོད་ལོ་ཚད་ལོ་8ལས་བརྒལ་མི་རུང་།

■ ཉེན་བརྡ་གཏོང་ཆས་སྒྲིག་སྦྱོར་བྱེད་དགོས།
ཐབ་ཚང་དང་ཉེ་འཁོར་གྱི་འགྲོ་སྡོད་ཁུལ་དུ་དབྱང་གཅིག་ཐཱན་རྫས་ཀྱི་ཉེན་བརྡ་གཏོང་ཆས་སྒྲིག་སྦྱོར་བྱེད་དགོས་པ་མ་ཟད། དུས་བཀག་ལྟར་གློག་སྨན་གྱི་གནས་ཚུལ་ལ་ཞིབ་བཤེར་བྱས་ནས་ལས་ཀ་རྒྱུན་ལྡན་ལྟར་བྱ་རྒྱུ་ཡོད་པ་འགན་ལེན་བྱེད་དགོས།
■ རང་དགར་ལྷུ་ལག་སྣོན་འཇུག་གཏན་ནས་བྱེད་མི་རུང་།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
















