ཁྱེད་ཀྱི་ལག་ཁྱེར་འདིའི་གོ་ཆོད་དུས་ཡུན་ལ་གཟིགས་དགོས།
གོ་མི་ཆོད་པའི་ཁ་ལོ་བའི་ལག་ཁྱེར་ཟེར་བ་ནི་ཁ་ལོ་བས་གཟབ་གཟབ་མ་བྱས་པའི་དབང་གིས་ཁ་ལོ་བའི་ལག་ཁྱེར་དེ་གོ་ཆོད་དུས་ཡུན་ལས་བརྒལ་བའམ་ཡང་ན་ར་བཟི་ནས་རླངས་འཁོར་གཏོང་བ་དང་དུག་འཐེན་པ། འགྲིམ་འགྲུལ་ཆག་སྒོ་བསླངས་པའི་བྱས་ཉེས་དང་དེ་བཞིན་ཁྲིམས་འགལ་གྱིས་སྐར་ཐོ་བཀོད་ནས་སྐར་མ་12ལོན་པ་སོགས་ཀྱི་རྐྱེན་ལས་ཁ་ལོ་བའི་ལག་ཁྱེར་གནས་སྐབས་བཙན་ཉར་དང་། ཐོ་ཁོངས་ནས་བསུབས་པ། རྩིས་མེད་དུ་བཏང་བ་བཅས་ཀྱིས་དེའི་ཁྲིམས་མཐུན་གྱི་འཁོར་རིགས་གཏོང་ཆོག་པའི་ཁ་ལོ་བའི་ཐོབ་ཐང་གནས་སྐབས་སམ་ཡུན་རིང་ཤོར་བར་ཟེར་གྱི་ཡོད།
མི་ཁག་གཅིག་ལ་སྟེས་དབང་གི་བསམ་པ་ཡོད་པ་དང་བཅའ་ཁྲིམས་ཀྱི་འདུ་ཤེས་ཞན་པས་མུ་མཐུད་ལྐོག་ཏུ་རླངས་འཁོར་གཏོང་གི་ཡོད་དེ། དཔེར་ན། 2026ལོའི་ཟླ་1ཚེས་22ཉིན་གྱི་ཆུ་ཚོད་10དང་སྐར་མ་20ཙམ་ལ་ཝང་ཆེ་གེ་མོས་ཁ་ལོ་བའི་ལག་ཁྱེར་དེ་གོ་ཆོད་དུས་ཡུན་ལས་བརྒལ་བ་དང་ཐོ་ཁོངས་ནས་བསུབས་ཀྱང་སྔར་བཞིན་འཁོར་རྟགས་ལིའོ་FY***རླངས་འཁོར་ཆུང་གྲས་བཏང་བ་འགྲིམ་འགྲུལ་ཉེན་རྟོག་པས་རྩད་ཆོད་པས། ཁྲིམས་ལྟར་དངུལ་ཆད་སྒོར་2000བཅད་པ་དང་སྲིད་འཛིན་བཀག་ཉར་ཉིན་15བྱ་རྒྱུའི་ཆད་པ་བཅད་པ་ལྟ་བུའོ།།

འགྲིམ་འགྲུལ་ཉེན་རྟོག་པས་དྲན་སྐུལ་ཞུ་རྒྱུར།
ཁ་ལོ་བར་ཁ་ལོ་བའི་ལག་ཁྱེར་ཐོབ་མེད་པ་དང་། ཐོབ་ཀྱང་ལག་ཁྱེར་རྩིས་མེད་དུ་བཏང་བ། ཐོ་ཁོངས་ནས་བསུབས་པའམ་ཡང་ན་ལག་ཁྱེར་གནས་སྐབས་བཙན་ཉར་བྱེད་རིང་། སྟེས་དབང་གི་བསམ་པ་བཅངས་ནས་ལྐོག་ཏུ་རླངས་འཁོར་གཏན་ནས་གཏོང་མི་རུང་། ང་ཚོ་ཚང་མས་མཉམ་དུ་ལག་ཁྱེར་མེད་པར་རླངས་འཁོར་གཏོང་རྒྱུ་བཀག་འགོག་བྱེད་དགོས་ལ། རང་ཉིད་ཀྱི་རླངས་འཁོར་ལག་ཁྱེར་མེད་པའམ་ཡང་ན་གོ་མི་ཆོད་པའི་ལག་ཁྱེར་འཁྱེར་བའི་ཁ་ལོ་བར་གཏན་ནས་སྤྲོད་མི་རུང་།
ལག་ཁྱེར་མེད་པར་རླངས་འཁོར་གཏོང་བའི་གནོད་འཚེ་ཁག་ཅིག
གཅིག ཁྲིམས་འགལ་གྱི་གནས་ཚུལ་མང་པོ་སློང་བ། ལག་ཁྱེར་མེད་པ་དང་གོ་མི་ཆོད་པའི་ལག་ཁྱེར་འཁྱེར་བའི་ཁ་ལོ་བར་འཕྲུལ་སྒུལ་འཁོར་རིགས་གཏོང་བའི་ཐོབ་ཐང་མེད་པས་མི་ཚད། ད་དུང་མྱུར་ཚད་ལས་བརྒལ་བ་དང་གློག་དམར་བརྒལ་བ། ཆང་བཏུངས་ནས་རླངས་འཁོར་གཏོང་བ། འཁོར་རྟགས་རྫུས་མ་དང་ལག་ཁྱེར་རྫུས་མ་སྤྱོད་པ་སོགས་འགྲིམ་འགྲུལ་གྱི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་གཞན་དག་ཐོན་སླ་བས་འགྲིམ་འགྲུལ་གྱི་སྒྲིག་ལམ་ཚབས་ཆེན་དཀྲུགས་ཀྱི་ཡོད།
གཉིས། ཚེ་སྲོག་གི་བདེ་འཇགས་ལ་ཉེན་ཁ་བཟོ་བ། ལག་ཁྱེར་མེད་པ་དང་གོ་མི་ཆོད་པའི་ལག་ཁྱེར་འཁྱེར་བའི་ཁ་ལོ་བའི་འགྲིམ་འགྲུལ་བདེ་འཇགས་ཀྱི་འདུ་ཤེས་ཞན་པ་དང་། ཁྲིམས་སྐྱོང་གི་འདུ་ཤེས་ཅུང་ཞན་པ། ཁ་ལོ་བའི་རྩལ་ནུས་ཞན་པ་བཅས་ཡོད་པས། རླངས་འཁོར་གཏོང་སྐབས་འགྲིམ་འགྲུལ་གྱི་ལས་འཛོལ་ཐོན་སླ་བ་དང་། རང་ཉིད་དང་མི་གཞན་གྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་ཉེན་ཁ་ཆེན་པོ་བཟོ་ཡི་ཡོད།

གསུམ། འགན་བཅོལ་ཀུང་སིས་སྐྱིན་ཚབ་འཇལ་མི་སྲིད། ལག་ཁྱེར་མེད་པ་དང་གོ་མི་ཆོད་པའི་ལག་ཁྱེར་འཁྱེར་བའི་ཁ་ལོ་བས་རླངས་འཁོར་གཏོང་སྐབས་འགྲིམ་འགྲུལ་གྱི་ལས་འཛོལ་ཐོན་ཚེ། འགན་བཅོལ་ཀུང་སིས་འབྲེལ་ཡོད་གྱོང་གུན་མ་འཇལ་ན་འགྲིག་གི་ཡོད་པས། གནོད་འཚེ་ཕོག་མཁན་ཕྱོགས་ཀྱི་ཁེ་དབང་ལ་དེ་མཚུངས་ཀྱི་འགན་ལེན་ཡོང་གི་མེད་རྐྱེན་ཕྱོགས་གཉིས་པོའི་འགལ་ཟླ་ཆེ་རུ་ཕྱིན་ནས་སྤྱི་ཚོགས་ཀྱི་བརྟན་ལྷིང་ལའང་ཤུགས་རྐྱེན་ངན་པ་བཟོ་ཡི་ཡོད།
དཔྱིད་གསར་སྐྱེལ་འདྲེན་སླེབས་ལ་ཉེ་བས་ཁ་ལོ་བའི་ལག་ཁྱེར་གྱི་གོ་ཆོད་དུས་ཚོད་ལ་བལྟ་རྒྱུ་མི་བརྗེད་པ་དང་། སྟེས་དབང་གི་བསམ་བློ་ནི་ཆག་སྒོ་སློང་བའི་གོམ་སྟབས་དང་པོ་ཡིན་པས། གོ་མི་ཆོད་པའི་ལག་ཁྱེར་འཁྱེར་ནས་རླངས་འཁོར་གཏན་ནས་གཏོང་མི་རུང་།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག ཟླ་བ་ཚེ་རིང་།
ཡིག་སྒྱུར། བདེ་གཡང་།
















