ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འོས་སྦྱོར་ལེ་ཚན།

ཐག་མཆོང་བརྒྱབ་ན་གཟུགས་པོ་བདེ་ཞིང་ཐང་།

2025-10-13 14:23:00     责编:卓玛才让

ཁྱེད་རང་ནས་ཐག་མཆོང་རྒྱག་པ་ནི་གྲོང་བར་གྱི་ཕྲུ་གུའི་རྩེད་མོ་རྩེད་སྟངས་ཤིག་རེད་བསམ་ནས་དེ་ལ་སྣང་ཆུང་དང་ཁྱད་གསོད་མ་གནང་ཞིག  ཐག་མཆོང་བརྒྱབ་ན་གཟུགས་གཞི་བདེ་ཐང་ལ་དམིགས་བསལ་གྱི་ཕན་ཐོགས་ཆེན་པོ་འདུག དེ་ཡང་ཧོ་ནན་ནས་ཡིན་པའི་ལུས་སྦྱོང་མཁན་ཞིག་གིས་ཟླ་བ་གཅིག་གི་ནང་ཚུན་དུ་ཐག་མཆོང་ཁྲི་14.6ཆ་སྙོམས་བྱས་ན་ཉིན་རེར་ཐག་མཆོང་4800ཙམ་བརྒྱབ་རྗེས།  ལུས་ཚིལ་2%ནས་3%བར་ཆག་པ་དང་། ལུས་པོའི་ལྗིད་ཚད་སྤྱི་རྒྱ་2ཆག་པ།   སྐེད་པ་ལི་སྨི་5ཕྲ་རུ་ཕྱིན་པ་བཅས་ཤེས་རྟོགས་བྱུང་འདུག་ལ། སྤྱི་ཚོགས་འབྲེལ་བའི་སྟེགས་བུའི་ཐོག་མི་མང་པོ་ཞིག་གིས་ཐག་མཆོང་བརྒྱབ་ན་ལུས་ཤ་སྐམ་དུ་འགྲོ་བ་མ་ཟད།  ཤ་གནད་ལ་སྟོབས་ཤུགས་འཕེལ་བ་དང་སྙིང་ཁམས་ཁྲག་རྩ་ལེགས་སུ་འགྲོ་བ་སོགས་ཕན་ནུས་མང་པོ་ལྡན་པའི་ཆ་འཕྲིན་ཡང་མཉམ་སྤྱོད་བྱས་ཡོད་པ་རེད།

1. ཐག་མཆོང་སྐར་མ་3=གོམ་པ་1000

 ལུས་པོའི་ལྗིད་ཚད་ཡང་དུ་འགྲོ་བ་དེ་མ་གཞི་མི་སོ་སོའི་གཟུགས་པོའི་རྨང་གཞི་དང་ཟ་འཐུང་གི་གོམས་གཤིས། དུས་མཚུངས་སུ་ལུས་སྦྱོང་གཞན་དག་བྱེད་པ་སོགས་དང་འབྲེལ་བ་ཡོད་མོད། འོན་ཀྱང་ལུས་ཚིལ་ཉུང་ཏུ་གཏོང་ཚད་ཆ་ནས་བལྟས་ན། རྒྱུན་མཐོང་གི་དབྱང་ལྡན་ལུས་སྦྱོང་རྒྱུག་ཤར་དལ་བུར་གློད་པ་དང་བསྡུར་ན།  ཐག་མཆོང་གི་དུས་ཡུན་ཐུང་ཞིང་ཕན་འབྲས་དེ་བས་ཆེ་བ་ཡོད།

  སྟབས་བདེའི་ཐོག་ནས་བརྩིས་ན། མགྱོགས་པོ་ཐག་མཆོང་སྐར་མ་10བརྒྱབ་པ་དང་། དལ་པོའི་ངང་རྒྱུག་ཤར་སྐར་མ་23གློད་པ་གཅིག་མཚུངས་ཡིན་པ་དང་།   མྱུར་ཚད་འབྲིང་བའི་ཐོག་ནས་ཐག་མཆོང་སྐར་མ་10བརྒྱབ་པ་དང་།  དལ་པོའི་ངང་རྒྱུག་ཤར་སྐར་མ་15གློད་པ་གཅིག་མཚུངས་ཡིན། 2022ལོའི་ཀྲུང་གོའི་སྡོད་དམངས་ཀྱི་བཟའ་བཅའི་ཕྱོགས་སྟོན་ཞེས་པའི་ནང་དུ་ཟ་འཐུང་དང་ལུས་འགུལ་དོ་མཉམ་ཡོང་བ་བྱས་ནས་ལུས་པོའི་ལྗིད་ཚད་ལ་ཚོད་འཛིན་རན་པོ་བྱེད་དགོས་ཤིང་།   སྐྱེ་བོ་དར་མ་ཚོས་རང་འགུལ་ངང་ཉིན་རེར་ཆ་སྙོམས་གོམ་པ་6000རྒྱག་དགོས་པའི་གྲོས་གཞི་བཏོན་ཡོད། ཨ་ཅང་ཅང་། ང་ཚོས་ཐག་མཆོང་སྐར་མ་3བརྒྱབ་ན་དེ་ནི་གོམ་པ་1000བརྒྱབ་པ་དང་གཅིག་མཚུངས་ཡིན་པས་ཐག་མཆོང་ལ་དགེ་མཚན་ཆེན་པོ་ལྡན་པ་སྨོས་མེད་རེད།

2. ཐག་མཆོང་བརྒྱབ་ན་ཤ་གནད་དང་གློ་སྙིང་ལ་ཕན་ཐོགས་ཆེ། 

ཐག་མཆོང་བརྒྱབ་ན་ལུས་པོའི་ཤ་གནད་མང་པོར་སྦྱོང་བརྡར་ཐེབས་ནས་ཤ་གནད་གྲིམ་འཁུམ་བྱེད་ནུས་དང་ཤ་གནད་ཀྱི་སྤུས་ཚད་མཐོ་རུ་གཏོང་བར་ཕན་ཐོགས་ཧ་ཅང་ཆེན་པོ་ཡོད། ལྷག་པར་དུ་རྐང་པའི་ཤ་གནད་ལ་སྟོབས་ཤུགས་འཕེལ་ཞིང་མཁྲེགས་པོ་ཆགས་ཀྱི་ཡོད།  གཞན་ཡང་། ཐག་མཆོང་ནི་སྤྱིར་བཏང་དུ་དུས་ཚོད་ཐུང་ངུའི་ནང་འགུལ་སྐྱོད་དྲག་པོ་བྱེད་དགོས་པ་དེས་དུས་ཚོད་ཐུང་ངུའི་ནང་གསོ་རླུང་བཀོལ་སྤྱོད་ལེགས་པོ་བྱེད་དགོས་པ་མཚོན་པས། གློ་སྙིང་དང་ལུས་ཁྲག་སྐྱེལ་འདྲེན་བྱེད་ནུས་བཅས་ལ་ཕན་ཐོགས་ཡོད་པ་ཞིག་ཡིན།

3. ཐག་མཆོང་རྒྱག་སྐབས་དོ་སྣང་བྱེད་དགོས་པ།

ཐག་མཆོང་རྒྱག་བཞིན་པའི་གནས་སྐབས་སུ་རྐང་པ་དང་པུས་མོ། ཉྭ་རིལ། དཔུང་པ་ན་བ་སོགས་ཀྱི་གནས་ཚུལ་ཐོན་ན་ཐག་མཆོང་རྒྱག་པར་མི་འཚམ་པ་དང་། ཡང་ན་ཐག་མཆོང་རྒྱག་སྟངས་མ་ཤེས་པའི་རྐྱེན་གྱིས་རེད། གཤམ་གྱི་མི་འདི་རིགས་ཐག་མཆོང་རྒྱག་པར་མི་འཚམ། 

 1. རྐང་པའི་ཟླ་གམ་ལེབ་མོར་རྨས་སྐྱོན་ཕོག་པ་དང་ཆུ་བ་རྒས་པ་སོགས་པུས་ཚིགས་ལ་རྨས་སྐྱོན་ཕོག་པའི་རིགས།

 2. ལུས་པོའི་ལྗིད་ཚད་ལྕི་དྲགས་པ་སྟེ།  ལུས་པོའི་ལྗིད་ཚད་དང་ལུས་པའི་རིང་ཚད་ཀྱི་ཚད་གཞི་BMF25ཡན་དུ་སླེབས་པའི་རིགས། 

 3. ལུས་པོའི་རྨང་གཞི་ཞན་པ་དང་། དུས་རྒྱུན་འགུལ་སྐྱོད་མི་བྱེད་པ།  སྙིང་ནད་དམ་ཡང་ན་ཁྲག་ཤེད་ཀྱི་གནད་དོན་ཡོད་པའི་རིགས། གལ་ཏེ་ཁྱེད་རང་གོང་གསལ་གྱི་མི་ཚོགས་ཁོངས་སུ་མི་གཏོགས་ན། ཁྱེད་ཀྱིས་ཐག་མཆོང་རྒྱག་སྐབས་གཤམ་གསལ་གྱི་ནོར་འཁྲུལ་ཡོད་མེད་ལ་གཟིགས།

 མཆོང་ཚད་ཐལ་དྲགས་པ། ×

 ལག་གཡུག་ཐལ་དྲགས་པ།×

པུས་མོ་ཕྱིར་འགྲེམ་ཐལ་དྲགས་པ།×

པུས་མོ་ནང་རུབ་ཐལ་དྲགས་པ། ×

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

中央广播电视总台 央广网 版权所有

ཐག་མཆོང་བརྒྱབ་ན་གཟུགས་པོ་བདེ་ཞིང་ཐང་།

ཁྱེད་རང་ནས་ཐག་མཆོང་རྒྱག་པ་ནི་གྲོང་བར་གྱི་ཕྲུ་གུའི་རྩེད་མོ་རྩེད་སྟངས་ཤིག་རེད་བསམ་ནས་དེ་ལ་སྣང་ཆུང་དང་ཁྱད་གསོད་མ་གནང་ཞིག ཐག་མཆོང་བརྒྱབ་ན་གཟུགས་གཞི་བདེ་ཐང་ལ་དམིགས་བསལ་གྱི་ཕན་ཐོགས་ཆེན་པོ་འདུག