ཅ་དངོས་འདི་རིགས་ལ་ཡིད་གཟབ་གནང་རོགས། ཉེན་ཁ་ཆེན་པོ་འདུག
སྒྲོག་དབྱིབས་གློག་རྫས་ཕལ་ཆེར་ཁྱིམ་ཚང་ཚང་མར་ཡོད་སྲིད། དེ་ནི་རྒྱང་འཛིན་དང་རྩེད་ཆས། སློབ་སྦྱོང་འཕྲུལ་ཆས། གློག་རྡུལ་རྒྱ་མ་སོགས་གློག་རྡུལ་ཅ་དངོས་ཆུང་ངུ་དག་ཏུ་བཀོལ་སྤྱོད་བྱེད་དགོས། འོན་ཀྱང་གཟབ་གཟབ་མ་བྱས་པའི་དབང་གིས་གློག་རྫས་དེ་ཕྲུ་གུས་ཁའི་ནང་ཤོར་ཚེ། དབུགས་འགག་ཅིང་དུག་ཕོག་པ་སོགས་ཀྱི་མཇུག་འབྲས་ངན་པ་བཟོ་སྲིད་ལ། ཐ་ན་ཚེ་གང་ལྡོག་ཐབས་བྲལ་བའི་གནོད་འཚེ་ཆེན་པོ་ཡང་བཟོ་སྲིད།
ཕྲུ་གུས་གློག་རྫས་མིད་ནོར་ཤོར་ནས་ཆུ་ཚོད་བཅུའི་རིང་ཟས་ལམ་རུལ་ནས་ཁུང་བུ་བརྟོལ་བ།
ཉེ་ཆར། ཅང་སུའུ་ནན་ཅིང་གྲོང་ཁྱེར་བྱིས་པའི་སྨན་ཁང་དུ་ཡིད་སེམས་སྐྱོ་དགོས་པའི་གནས་ཚུལ་ཚབས་ཆེན་ཞིག་ཐོན་ཡོད། དེ་ཡང་འདི་ལོའི་ཟླ་5པར་ཅང་སུའུ་ནན་ཅིང་གི་ལོ་གཅིག་དང་ཕྱེད་ཀར་སླེབས་པའི་ཉིང་ཉིང་(མིང་རྫུན་མ)གིས་གཟབ་གཟབ་མ་བྱས་པར་རྩེད་ཆས་ནང་གི་གློག་རྫས་མིད་ནས་སྐྱུག་པ་དང་ཟ་མ་མི་ཟ་བའི་གནས་ཚུལ་ཐོན་ཡོད། ཁྱིམ་བདག་གིས་གནས་ཚུལ་དེ་ཤེས་རྗེས་འཕྲལ་མར་ཕྲུ་གུ་སྨན་ཁང་དུ་བསྐྱལ་བ་རེད།
སྨན་པས་ཕོ་ཤེལ་ལ་བརྟེན་ནས་ཟས་ལམ་དུ་འགག་པའི་གློག་རྫས་བླངས་མོད། འོན་ཀྱང་ཕྲུ་གུས་གློག་རྫས་མིད་ནས་ཆུ་ཚོད་10ཙམ་ཕྱིན་པས། གློག་རྫས་ཀྱིས་གློད་གྲོལ་བཏང་བའི་རྫས་འགྱུར་དངོས་པོས་ཕྲུ་གུའི་ཟས་ལམ་རུལ་བསླད་བཏང་བ་མ་ཟད་ད་དུང་ཁུང་བུ་བརྟོལ་ཡོད།

ནན་ཅིང་གྲོང་ཁྱེར་བྱིས་པའི་སྨན་ཁང་འཇུ་བྱེད་ཁོའོ་ཡི་སྨན་རམས་པ་གཞོན་པ་ལེན་རྨིན་གྱིས། གློག་རྫས་བླངས་ནས་གཟའ་འཁོར་གཉིས་སོང་རྗེས་གྲིབ་གཟུགས་བཟོས་ནས་ལྟ་དུས། ཉིང་ཉིང་གི་ཟས་ལམ་དེ་རྫས་འགྱུར་དངོས་རྫས་ཀྱིས་བསྲེགས་ནས་ཁུམ་པ་དང་། རྨ་ཤུལ་གྱིས་ཟས་ལམ་ཡང་གུ་དོག་པོར་བཏང་བས་མིད་དཀའ་བ་སོགས་ཤེས་རྟོགས་བྱུང་། རྗེས་མཐུད་སྨན་ཁང་གིས་ཉིང་ཉིང་ལ་ཟས་ལམ་རྒྱ་སྐྱེད་སྨན་བཅོས་ཐེངས་མང་བྱས་ནས་ཟས་ལམ་གྱི་ནུས་པ་སླར་གསོ་གང་ཐུབ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

རྒྱུན་ལྡན་ལྟར་ན། གློག་རྫས་མིད་རྗེས་ཀྱི་སྐར་མ་བཅོ་ལྔ་ནས་སུམ་ཅུའི་ནང་དུ་འཚིག་རྨ་བཟོ་འགོ་བརྩམས་པ་དང་། ཆུ་ཚོད་དྲུག་ལས་བརྒལ་ན་ཟས་ལམ་ཚབས་ཆེན་འཚིག་པ་དང་ཁུང་བུ་བརྟོལ་བ། ཐ་ན་ཡུན་རིང་རང་བཞིན་གྱི་རྨས་སྐྱོན་ཕོག་པའམ་ཡང་ན་ཚེ་གང་བོར་རྒྱུན་ལྡན་ལྟར་ཟས་ཟ་མི་ཐུབ་པར་འགྱུར་སྲིད།
གལ་ཏེ་གློག་རྫས་ལེབ་མོ་ཞིག་གཟབ་གཟབ་མ་བྱས་པར་སྣ་ནང་དུ་འཛུལ་ན་གློག་རྫས་དང་སྣ་ནང་གི་འབྱར་ཁུ་གཉིས་ལ་རྫས་འགྱུར་འགྱུར་འབྱུང་བྱུང་ནས་ཆུ་ཚོད་འགའི་ནང་དུ་སྣ་རུལ་བ་དང་། སྣ་ནང་དུ་ཁུང་བུ་བརྟོལ་བ། ཐ་ན་ཡུན་རིང་རང་བཞིན་གྱི་ངོ་གདོང་ཡ་མ་གཟུགས་དང་བྱེད་ནུས་ལ་གནོད་སྐྱོན་བཟོ་སྲིད། དེར་བརྟེན་གློག་རྫས་མིད་ནོར་ཤོར་ནས་ནད་རྟགས་སྔ་ཙམ་བྱེད་པ་དང་དུས་ཐོག་ཏུ་སྨན་བཅོས་བྱས་ཚེ། གཞི་ནས་གནོད་འཚེ་ཕོག་ཚད་ཆུང་དུ་གཏོང་ཐུབ།
ཆུ་ནག་སྐྱུག་པ་དང་། མིད་དཀའ་བ། བྲང་ཁོག་ན་བ་བཅས་ནི་ནི་མིད་ནོར་ཤོར་བའི་བརྡ་རྟགས་ཡིན་སྲིད།

གལ་ཏེ་ཕྲུ་གུས་གློག་རྫས་མིད་ནོར་ཤོར་བའམ་ཡང་ན་བརྫངས་ནོར་ཤོར་ཚེ། སྐྱུག་པ་དང་ཟས་ཀྱི་དང་ག་མེད་པ། སྐྱུག་པའི་དངོས་པོའི་ནང་གཤེར་གཟུགས་ནག་པོ་འདྲེས་པ། བྲང་ཁོག་ན་བ་དང་གྲོད་པ་ན་བ། ཕྲུ་གུ་ཆུང་ཆུང་ཡིན་ན་རྒྱུན་ལྡན་དང་མི་འདྲ་བར་ངུ་མཚམས་མི་ཆད་པ། ཚ་བ་ཆུང་ངུ་རྒྱག་པ་དང་གློ་ལུ་བ་སོགས་ཀྱི་ནད་རྟགས་ཐོན་སྲིད། གལ་ཏེ་གློག་རྫས་སྣ་ཁུང་ནང་དུ་འཛུལ་ཚེ་རྒྱུན་ལྡན་མིན་པའི་ཟགས་ཐོན་དངོས་པོ་ཐོན་སྲིད། གལ་ཏེ་གོང་གི་ནད་རྟགས་ཐོན་ན་ཁྱིམ་བདག་གིས་འཕྲལ་མར་གློག་རྫས་ཁ་ཕྱེ་བའམ་ཡང་ན་གློག་རྫས་མིད་ནོར་ཐེབས་ཡོད་མེད་ལ་ཞིབ་བཤེར་བྱེད་དགོས།

རྒྱུན་ལྡན་གྱི་འཚོ་བའི་ཁྲོད་ངེས་པར་དུ་གློག་རྫས་དང་དངུལ་སྒོར་སོགས་དངོས་པོ་ཆུང་ངུ་བྱིས་པས་རེག་མི་ཐུབ་སར་འཇོག་དགོས། དུས་བཀག་ལྟར་ཁྱིམ་དུ་གློག་རྫས་སྤྱོད་པའི་སྒྲིག་ཆས་ཡོད་ཚད་ལ་ཞིབ་བཤེར་བྱ་དགོས། དཔེར་ན། གློག་སྒུལ་རྩེད་ཆས་དང་སྒྲ་ལྡན་དཔེ་ཆ། རྒྱང་འཛིན། ལག་འདོགས་ཆུ་ཚོད་སོགས་ཀྱི་གློག་རྫས་ཀྱི་ཁ་ལེབ་བརྟན་པོ་ཡོད་མེད་ལྟ་དགོས།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
















