ཆགས་སྲེད་ཀྱི་གླེང་མོལ་བྱེད་མཁན་ཞིག་ལ་ཁ་བསླུས་སྒོར་145000ཐེབས་པ།
ཉེ་ཆར། བྲག་ཡིབ་ཆུས་སྤྱི་བདེ་ཅུས་ནག་སེལ་གཤེད་བཅོམ་གཞུང་དོན་ཁང་གིས་ ཆགས་སྲེད་ལ་བརྟེན་ནས་ཁ་བསླུས་བརྒྱབ་པའི་ གྱོད་གཞི་གཅིག་རྩད་ཆོད་དེ་སྒོར་92000ཙམ་གྱི་གྱོང་གུན་གསབ་ཐུབ་ པས། ཆེད་དོན་བྱ་སྤྱོད་ལ་སླར་ཡང་གྲུབ་འབྲས་ཐོབ་ཡོད་པ་རེད།
གྱོད་གཞིའི་གནས་ཚུལ་ཞིབ་ཕྲ།
ཟླ་8ཚེས་1ཉིན། བྲག་ཡིབ་ཆུས་སྤྱི་བདེ་ཅུས་ནག་སེལ་གཤེད་བཅོམ་གཞུང་དོན་ཁང་ལ་མང་ཚོགས་ཀྲོའུ་ཆེ་གེ་མོའི་གྱོད་དོན་སྙན་སེང་འབྱོར་ཏེ། ཁོ་པས་བརྙན་ལམ་ནས་མི་གཞན་དང་ཆགས་སྲེད་ཀྱི་གླེང་མོལ་བྱས་མཐར་ཁ་བསླུས་ཐེབས་བྱུང་ཞེས་བཤད། ཤེས་རྟོགས་བྱས་པ་བརྒྱུད། ཟླ་7ཚེས་31ཉིན་གྱི་ཆུ་ཚོད་9པ་ཙམ་ལ། ཀྲོའུ་ཆེ་གེ་མོ་བྲག་ཡིབ་ཆུས་ཀྱི་མགྲོན་ཁང་ཞིག་ཏུ་ངལ་གསོ་རྒྱག་སྐབས། QQམཉེན་ཆས་བརྒྱུད་བུ་མོ་ཞིག་ངོ་ཤེས། ཕྱོགས་གཉིས་པོའི་དབར་མོས་མཐུན་བྱུང་རྗེས་བརྙན་ལམ་ནས་ཆགས་སྲེད་ཀྱི་གླེང་མོལ་བྱས་པ་རེད། གླེང་མོལ་བྱེད་རིང། ཕ་རོལ་པོས་ཀྲོའུ་ཆེ་གེ་མོའི་གསང་གནས་ཕྱིར་མངོན་པའི་པར་བླངས་ནས་གལ་ཏེ་དངུལ་མ་སྤྲད་ན་པར་དེ་དག་ཀྲོའུ་ཆེ་གེ་མོའི་ལག་ཐོགས་ཁ་པར་གྱི་གྲོགས་པོར་སྐུར་གྱི་ཡིན་ཞེས་འཇིགས་སྣང་སྐུལ། ཀྲོའུ་ཆེ་གེ་མོ་འུ་ཐུག་ནས་ཕ་རོལ་པོའི་རྩིས་ཁྲར་དངུལ་ཐེངས་བཅུ་བསྒྱུར་བར་ཁྱོན་སྒོར་145000ཟིན་གྱི་ཡོད་པ་རེད།
གནས་ཚུལ་ཤེས་རྟོགས་བྱུང་རྗེས། བྲག་ཡིབ་ཆུས་སྤྱི་བདེ་ཅུས་ཀྱིས་མགྱོགས་མྱུར་གྱོད་གཞིའི་གནས་ཚུལ་དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད་ཀྱི་ཚོགས་འདུ་འཚོགས་ཏེ། མྱུལ་ཞིབ་ཀྱི་ཁ་ཕྱོགས་དང་ལས་འགན་ཁག་བགོས་ཁ་གསལ་བཟོས་ནས་འཕྲལ་མར་མྱུལ་ཞིབ་རྡུང་རྡེག་དང་གྱོང་གུན་གསབ་པའི་ལས་དོན་སྤེལ་བ་རེད། མྱུལ་ཞིབ་བྱས་པ་བརྒྱུད། མི་དམངས་ཉེན་རྟོག་པས་ཉེས་གསོག་དོགས་ཅན་པའི་གཞི་རྩའི་ཆ་འཕྲིན་གཏན་འཁེལ་བྱས་རྗེས་འཕྲལ་དུ་དྲ་ཐོག་ནས་རྩད་གཅོད་བྱས། ཉེས་གསོག་དོགས་ཅན་གནས་སའི་སྤྱི་བདེ་ལས་ཁུངས་ཀྱི་གཞོགས་འདེགས་ཤུགས་ཆེན་འོག གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་ཟླ་8ཚེས་16དང་། ཚེས་17 ཚེས་24ཉིན་བཅས་ལ་ཉེས་གསོག་དོགས་ཅན་པ་ཨན་ཆེ་གེ་མོ་དང་། ཝང་ཆེ་གེ་མོ། ཧྲེན་ཆེ་གེ་མོ་བཅས་འཛིན་བཟུང་བྱས་པ་རེད།
འདྲི་ཞིབ་བྱས་པ་བརྒྱུད། ཉེས་གསོག་དོགས་ཅན་གསུམ་པོས་ཉེས་གསོག་གི་དོན་དངོས་སྦ་གསང་མེད་པར་ངོས་ལེན་ཞུས། མི་དམངས་ཉེན་རྟོག་པས་སློབ་གསོ་བརྒྱབ་རྗེས། ཉེས་གསོག་དོགས་ཅན་གསུམ་པོས་གནོད་འཚེ་ཕོག་མཁན་ལ་སྒོར་92000ཕྱིར་སློག་བྱས་པ་རེད། མིག་སྔར་ཉེས་གསོག་དོགས་ཅན་གསུམ་ལ་ཁྲིམས་ལྟར་ཁག་འཁུར་འདྲི་སྒུག་གི་བྱེད་ཐབས་སྤྱད་པ་དང་། གྱོད་གཞི་དེར་སྔར་བས་མྱུལ་ཞིབ་བྱེད་བཞིན་ཡོད་པ་རེད།