▶ཁྱིམ་དུད་36ཡོད་པའི་རི་གྲོང་ཆུང་ཆུང་ཞིག་ནས་སློབ་ཆེན་བ་42ཐོན་པ།
ཁྱེད་ཚོའི་ཕུགས་འདུན་ཕ་ཡུལ་གྱི་རི་བོ་ལྟར་མཐོ་ཞིང་། ཁྱེད་ཚོས་ཕ་ཡུལ་ལ་བཅངས་པའི་བརྩེ་བ་དེ་རྐང་འོག་གི་ཧའེ་ཧུའེ་གཙང་པོ་བཞིན་རིང་སྲིད།
སྤྱི་ཟླ་7པའི་ཟླ་སྨད་དུ། ཡུན་ནན་ཞིང་ཆེན་ལིན་ཚང་གྲོང་ཁྱེར་ཧྥུང་ཆིང་རྫོང་ཤིན་ཧྭ་ཤང་ཧྲུའེ་ཡོན་གྲོང་ཚོའི་ལོ་གཅིག་དུས་གཅིག་གི་དབྱར་གསེང་སྐབས་ཕ་ཡུལ་དུ་ལོག་པའི་སློབ་ཆེན་སློབ་མའི་བཞུགས་མོལ་ཚོགས་འདུ་དུས་ལྟར་འཚོགས། གྲོང་ཚོའི་ནང་གི་བློ་ལྡན་ཅན་གྱིས་སློབ་ཆེན་སློབ་མ་ཚོར་ཕུགས་འདུན་དང་མིག་རྒྱང་རིང་པོ་བཅངས་ཏེ། སློབ་སྦྱོང་ལ་འབད་པ་ལྷོད་མེད་བྱེད་དགོས་པར་སྐུལ་ལྕག་བྱས་པ་དང་། སློབ་གྲོགས་རྒན་པ་རྣམས་ཀྱིས་མི་རིང་བར་སློབ་ཆེན་འགྲིམ་རྒྱུ་ཡིན་པའི་ན་གཞོན་ཚོར་སྣ་མང་ཕུན་སུམ་ཚོགས་པའི་སློབ་ཆེན་འཚོ་བ་མཉམ་རོལ་བྱས།
ཁྲ་ཅིང་ནི་གྲོང་ཚོའི་ནང་གི་སྦྱངས་འབྲས་ལེགས་ཐོན་སློབ་མ་ཞིག་ཡིན་ཞིང་། ད་ལོ་ཧྭ་ཀྲུང་ཚན་རྩལ་སློབ་ཆེན་གྱི་དངོས་གཞི་ནས་མཐར་ཕྱིན་པ་མ་ཟད་ཞིབ་འཇུག་སློབ་མར་རྒྱུགས་སྤྲོད་མི་དགོས་པར་བསྡུས་པ་རེད། ཆུང་དུས་ནས་ཁོང་དང་མཉམ་དུ་འགྲོགས་པའི་གཅུང་པོ་ཁྲ་ཁྲེན་ཡང་གཅེན་མོའི་ཤུགས་རྐྱེན་འོག་ན་ནིང་ཀྲུང་ནན་སློབ་ཆེན་དུ་རྒྱུགས་འཕྲོད་ཡོད། ཁྲ་ཅིང་སྐྱེས་ས་དང་འཚར་ས་ཧྲུའེ་ཡོན་གྲོང་ཚོའི་ཆི་ཅ་རང་བྱུང་གྲོང་ཚོ་དེར་བསྡོམས་པས་ཁྱིམ་ཚང་36ཡོད་པ་ལས། ལོ་ངོ་10ལ་ཉེ་བའི་རིང་སློབ་ཆེན་སློབ་མ་42ཐོན་པ་དང་། དེའི་ཁྲོད་ནས་སློབ་མ་5ནི་རབ་འབྱམས་ཞིབ་འཇུག་སློབ་མ་རེད།
ཧྲུའེ་ཡོན་གྲོང་ཚོའི་ཆི་ཅ་རང་བྱུང་གྲོང་ཚོ་ནི་རྫོང་དང་བར་ཐག་སྤྱི་ལེ130ལྷག་ཡོད་པའི་རི་གྲོང་ཆུང་ཆུང་ཞིག་ཡིན་པ་དང་། སྔ་དུས་ནས་སློབ་སྦྱོང་ལ་མཐོང་ཆེན་དང་། སློབ་སྦྱོང་ལ་དགའ་ཞེན། སློབ་སྦྱོང་ལ་བརྩི་མཐོང་བྱེད་པའི་སྲོལ་རྒྱུན་བཟང་པོ་ཡོད།སློབ་སྦྱོང་བྱས་ནས་རི་གྲོང་ནས་ཐོན་ཏེ་ལས་དབང་བསྒྱུར་དགོས་ཞེས་པ་ནི་མི་རབས་ནས་མི་རབས་བར་གྱི་ཕ་མ་དང་བུ་ཕྲུག་ཚོའི་ཐུན་མོང་གི་ཕུགས་འདུན་ཡིན་ཞིང་། ཁོང་ཚོས་མཉམ་དུ་རི་གྲོང་ཆུང་ཆུང་དེའི་སློབ་གསོའི་ཇུས་ཆེན་གསལ་བཤད་བྱེད་བཞིན་ཡོད།
ཁྲ་ཅིང་གི་ཕ་ཙེ་དབྱིན་ཀྲང་གིས་ཁོ་མོར་སློབ་གྲྭ་འགྲིམ་པའི་སེམས་ཤུགས་བསྩལ་ཡོད་དེ། རང་གིས་སློབ་གྲྭ་ག་ཚོད་བར་འགྲིམ་ཐུབ་ན་ང་ཚོས་ཐབས་བརྒྱ་ཇུས་སྟོང་གིས་རྒྱབ་སྐྱོར་བྱེད་ངེས་ཡིན་ཞེས་བཤད། ཁྲ་ཅིང་གིས་ཀྱང་ཕ་མའི་དཀའ་བ་དང་ཤ་ཚ་རྟོགས་ཏེ་སློབ་གྲྭ་གྲོལ་རྗེས་གཅུང་པོ་དང་མཉམ་དུ་ཁྱིམ་ལས་སྣ་ཚོགས་བྱས་ཏེ་རང་ནུས་ཅི་ལྕོགས་ངང་ཕ་མར་ཞིང་ལས་བྱེད་རོགས་བྱེད་ཀྱི་ཡོད།
ན་ནིང་ཀྲུང་ཧྲན་སློབ་ཆེན་ལ་རྒྱུགས་འཕྲོད་པའི་ཤེ་ཐེན་ཧོ་ནི་ཧོ་ཕིང་གྲོང་ཚོ་ནས་ཀྲུང་ཧྲན་སློབ་ཆེན་གྱིས་བསྡུས་པའི་སློབ་མ་གསུམ་པ་དེ་རེད། ཁོ་རང་མཐོ་འབྲིང་མཐར་མ་ཕྱིན་བར་ཧྥེང་ཆིང་རྫོང་ནས་ཕྱིར་འགྲོ་མྱོང་མེད་ལ། ཕ་མ་དང་དགེ་རྒན། སློབ་མ་རྒན་པ་ཚོའི་ཤུགས་རྐྱེན་ནི་ལམ་སྟོན་གྱི་སྒྲོན་མེ་ཞིག་དང་འདྲ་བར་རི་གྲོང་ནས་ཐོན་རྒྱུར་ཁྲིད་སྟོན་བྱེད་བཞིན་ཡོད།
ཉེ་བའི་ལོ་ཤས་རིང་། ཧྥེང་ཆིང་རྫོང་གིས་འོས་འགན་སློབ་གསོ་དོ་སྙོམས་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་རི་ཁུལ་གྱི་བྱིས་པ་ཚང་མ་སློབ་གྲྭར་འགྲོ་བར་དགའ་བ་དང་སློབ་གྲྭ་ཡག་པོར་འགྲོ་རུ་བཅུག་ཡོད་པས། ཁྲ་ཅིང་དང་ཤེ་ཐེན་ཧོ་ལྟ་བུའི་ཕུལ་བྱུང་སློབ་མ་མང་པོ་ཞིག་ཐོན་ཡོད། སྤྱི་ལོ་2013ལོ་ནས་བཟུང་། རྫོང་ཡོངས་ཀྱི་སློབ་མ་1059རྣམས་211དང་། 985 རྩེ་གྲ་ཅན་གཉིས་བཅས་ཀྱི་སློབ་ཆེན་གྱིས་བསྡུས་ཡོད་ལ། ཧྥེང་ཆིང་རི་ཁུལ་གྱི་སློབ་གསོ་འཕེལ་རྒྱས་འགྲོ་རྒྱུར་རོགས་རམ་བྱ་ཆེད་ཧྥེང་ཆིང་ཡང་ཀྲུང་ཧྲན་སློབ་ཆེན་གྱི་སྤུས་ལེགས་སློབ་ཁུངས་རྟེན་གཞིར་གྱུར་ཡོད།
སློབ་ཆེན་དུ་བསྐྱོད་པ་ནི་རང་ཉིད་ཐག་རིང་དུ་སྐྱོད་ཐེངས་དང་པོ་རེད། ཀྲུང་ཧྲན་སློབ་ཆེན་གྱི་དགེ་རྒན་གྱི་སྣེ་ཁྲིད་འོག་ང་རང་མྱུར་བགྲོད་ལྕགས་ལམ་དང་གནམ་གྲུར་བསྡད་པ་ཡིན། ལམ་ཐག་ཧྲིལ་པོར་ང་དང་མཉམ་དུ་ལེ་དབར་སྟོང་བརྒལ་ནས་སློབ་གྲྭར་འགྲོ་རོགས་བྱས་བྱུང་། ཀྲུང་ཧྲན་སློབ་ཆེན་གྱི་ཐུགས་ཁུར་དེ་ཤེ་ཐེན་ཧོ་ཡི་སེམས་ལ་བརྟན་པོར་བཟུང་ཡོད་ལ། སྙིང་རུས་བསྐྱེད་ནས་སློབ་སྦྱོང་ལ་འབད་འབུངས་བྱེད་པ་ནི་རི་གྲོང་གི་བྱིས་པ་ཚོ་རྒྱང་རིང་དུ་འཕུར་བའི་གཤོག་ཟུང་ལྟ་བུ་ཡིན་པ་དེའང་སེམས་གཏིང་དུ་བརྟན་པོར་བཅངས་ཡོད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག མིག་དམར་རྒྱ་མཚོ།
ཡིག་སྒྱུར། སྙན་དབྱངས།