བོད་ཆས་ཚུལ་མཐུན་གྱོན་རྒྱུའི་སྐོར་ལྷ་སར་འདི་ལྟར་བཟོས་འདུག
ལྷ་སའི་བར་སྐོར་དུ་ཐུན་མོང་མ་ཡིན་པའི་མི་རིགས་ཀྱི་གྱོན་ཆས་གྱོན་ནས་ཡིད་འོང་གི་པར་རྒྱག་རྒྱུ་ནི་བོད་ལྗོངས་སུ་ཡུལ་སྐོར་གནང་མིའི་ཚད་ལྡན་སྒྲིག་བཀོད་དུ་གྱུར་ཡོད།
འོན་ཀྱང་། ཉེ་བའི་ལོ་འགའི་རིང་རིན་དངུལ་གང་བྱུང་དུ་བསྡུ་བ་དང་ཡུལ་སྐོར་བ་འཕྲོག་རེས། མི་རིགས་ཀྱི་གྱོན་ཆས་ཚུལ་དང་མི་མཐུན་པ་སོགས་ཀྱི་གནས་ཚུལ་ཡང་ཡང་ཐོན།
ཡུལ་སྐོར་པར་རྒྱག་ལས་རིགས་དོ་དམ་ཚུལ་མཐུན་སྔར་ལྷག་བྱེད་པ་དང་། ཡ་རབས་ཚུལ་ལྡན་གྱི་ཡུལ་སྐོར་པར་རྒྱག་ཁོར་ཡུག་བཏོད་པའི་ཆེད་དུ། ཟླ་8ཚེས་1ཉིན། ལྷ་ས་གྲོང་ཁྱེར་རིག་གནས་ཅུས་ཀྱིས་གཙོ་གཉེར་དང་། བར་སྐོར་དོ་དམ་ཨུ་ཡོན་ལྷན་ཁང་། བར་སྐོར་སྡེ་ཁུལ་ཨུ་ཡོན་ལྷན་ཁང་། བར་སྐོར་ཡུལ་སྐོར་པར་རྒྱག་ལས་རིགས་མཐུན་ཚོགས་བཅས་ཀྱིས་མཉམ་འབྲེལ་རོགས་གཉེར་བྱས་པའི་ལྷ་ས་གྲོང་ཁྱེར་བོད་ཆས་གྱོན་ལུགས་ཀྱི་རྒྱུན་ཤེས་གསོ་སྦྱོང་སྐབས་དང་པོ་བར་སྐོར་དུ་སྤེལ་བ་རེད། ཡུལ་སྐོར་བར་པར་རྒྱག་མཁན་མི་60ལྷག་ཙམ་གསོ་སྦྱོང་དུ་ཞུགས་ཡོད།
ད་ཐེངས་ཀྱི་གསོ་སྦྱོང་འདུ་འཛོམས་ཐོག ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་ལོ་རྒྱུས་བོད་ལྗོངས་དམངས་སྲོལ་རབ་འབྱམས་པའི་ཞིབ་འཇུག་སློབ་མ་དང་། བོད་ལྗོངས་སློབ་ཆེན་རྩོམ་རིག་སློབ་གླིང་ལོ་རྒྱུས་ཚན་ཁག་གི་དགེ་རྒན་གྲགས་ཅན། ལྷ་ས་གྲོང་ཁྱེར་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་རིགས་གཅིག་མཁས་ཅན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་མིག་དམར་ལྷ་མོ་བཅས་ཀྱིས། བོད་ཆས་གྱོན་ལུགས་ཀྱི་རྒྱུན་ཤེས་སློབ་འཁྲིད་གནང་སྟབས། ཚང་མས་བོད་ཀྱི་རྒྱན་གོས་རིག་གནས་ལ་ངོས་འཛིན་དང་ཤེས་རྟོགས་ཇེ་ཆེར་ཐུབ་པ་བྱུང་།
གཞན་ཡང་། ལྷ་ས་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་གནས་ཚུལ་སྤེལ་བར་གཞིགས་ན། ལྷ་ས་གྲོང་ཁྱེར་འཕྲོད་བསྟེན་ལྟ་སྐུལ་ཁང་གིས་ཟླ་7ཚེས་25ཉིན་ནས་བཟུང་། འཕྲོད་བསྟེན་ལྟ་སྐུལ་ཁྲིམས་འཛིན་མི་སྣ་མངགས་ནས་ཁོངས་གཏོགས་ཁུལ(ཕོ་བྲང་པོ་ཏ་ལ་དང་ལྷ་སའི་དངོས་མང་ཚོང་ཁང་)སོགས་“བོད་ཆས་དངོས་པར་རྒྱག་པའི་”ཞབས་ཞུའི་ཚོང་ཁང་གཙོ་བོར་ལྟ་སྐུལ་ཞིབ་བཤེར་བྱས་པ་རེད། ད་ལྟའི་བར་དུ་“བོད་ཆས་དངོས་པར་རྒྱག་པའི་”གཉེར་སྐྱོང་ཚོང་ཁང་17ལ་ཞིབ་བཤེར་བྱས་པ་དང་། ཞིབ་བཤེར་བྱེད་རིང་ཁྲིམས་འཛིན་མི་སྣས་ས་གནས་ཚོང་ཁང་གི་འགན་འཁུར་བར་བོད་ཆས་གཙང་མ་དང་། འཕྲོད་བསྟེན། དྲི་ངན་མི་ཁ་བ་བཅས་རྒྱུན་འཁྱོངས་བྱས་ནས། གྱོན་ཆས་གཙང་འཁྲུ་དུག་སེལ་ཁང་མང་དུ་བཏང་བ་དང་། དུས་བཀག་ལྟར་གཙང་འཁྲུ་དུག་སེལ་དགོས་པའི་ཁྲིད་སྟོན་དང་ལྟ་སྐུལ་བྱས་པ་མ་ཟད། ལས་གཉེར་མི་སྣའི་འཕྲོད་བསྟེན་དང་བདེ་ཐང་ཐད་དོ་དམ་དགོས་ལུགས་ཀྱང་གཙོ་གནད་དུ་ནན་བཤད་བྱས་པ་རེད།