ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འོས་སྦྱོར་ལེ་ཚན།

ས་ཡོམ་ཁྲོད་བླ་བྲང་དགོན་གྱི་མཁར་གྱང་འགར་གས་སྲུབས་ཤོར་བ།

2019-11-03 17:04:00     责编:nake

   

དཔར་ཁང་གི་གྱང་གས་པའི་རྣམ་པ།

 

     ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་བླ་བྲང་བཀྲ་ཤིས་འཁྱིལ་དགོན་པའི་བོད་བརྒྱུད་ནང་བསྟན་དགོན་སྡེའི་ལས་དོན་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཚའེ་མིན་ལིས་ཀྱིས་ཚེས་29ཉིན་བཅར་འདྲི་དང་ལེན་བྱས་ནས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་ས་ཡོམ་གྱིས་བླ་བྲང་བཀྲ་ཤིས་འཁྱིལ་དགོན་དུའང་ཤུགས་རྐྱེན་ཐེབས་ཡོད་པ་སྟེ། མིག་སྔའི་བར་ཤེས་པའི་གནས་ཚུལ་ལྟར་ན། དགོན་པའི་ལྷ་ཁང་48ཁྲོད་དཔར་ཁང་དང་དེའི་གཞོགས་གཉིས་ཀྱི་མཛོད་ཁང་ལ་གཏོར་སྐྱོན་ཕོག་ནས་གྱང་གས་པ་དང་རྩིག་རྨང་བརྡིབས་ཡོད་པ་རེད། ལྷ་ཁང་གཞན་པ་47ལ་གཏོར་སྐྱོན་ཕོག་མེད་པ་དང་། གྲྭ་ཤག་700ལྷག་ཙམ་ལས་གྲལ་བཤེར་བྱས་ཟིན་པའི་གྲྭ་ཤག་300ལྷག་ནང་ཁང་པ་ཁག་ཅིག་གི་གྱང་གས་ཡོད་འདུག

  

    བླ་བྲང་དགོན་ལ་ལོ་ངོ་སུམ་བརྒྱ་ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཞིང་། དེ་ནི་བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི་དགོན་སྡེ་ཆེ་གྲས་ཤིག་ཡིན་ལ། ཀྲུང་གོའི་ནང་བསྟན་ཆོས་དཔེའི་གྲངས་འབོར་ཆེ་ཤོས་དང་། རིག་གཞུང་ཆུ་ཚད་མཐོ་ཤོས། ཕུལ་བྱུང་མཁས་དབང་མང་བའི་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་ཞིག་ཀྱང་ཡིན། དགོན་སྡེ་དེར་ད་ཆ་སློབ་གླིང་ཆེ་གྲས་དྲུག་དང་། ལྷ་ཁང་48དང་གནའ་བོའི་དཔེ་དེབ་ཁྲི6.8ལྷག་དང་གྲྭ་ཤག700ལྷག་ཡོད་ལ། རིག་དངོས་མང་པོ་ཉར་ཚགས་བྱས་ཡོད། 1982ལོར་ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པར་གཏན་འཁེལ་བྱས།

    ས་ཡོམ་བརྒྱབ་རྗེས་རིག་དངོས་དང་ས་ཡོམ་སོགས་འབྲེལ་ཡོད་སྡེ་ཚན་དགོན་སྡེར་པར་ལེན་པ་དང་ལྟ་ཞིབ་བྱེད་པར་ཡོང་བ་དང་། ཀྲུང་གོ་གསར་འགྱུར་ཁང་གི་གསར་འགོད་པ་ཁོང་ཚོ་དང་མཉམ་དུ་བཅར་འདྲི་བྱེད་པར་བསྐྱོད་ཡོད། གསར་འགོད་པ་དགོན་པའི་སྨད་ཀྱི་དཔར་ཁང་དུ་སླེབས་སྐབས་སུམ་ཐོག་གི་རྩིག་ལྡེབས་སུ་གས་ཁ་ཆེན་པོ་ཤོར་བ་མཐོང་ཞིང་། གྱང་རྩའི་གས་ཁ་ཅུང་ཚབས་ཆེ་ལ། དཔར་ཤིང་འཇོག་སའི་ཆ་སྒམ་ཐོག་ས་ཡོམ་བརྒྱབ་པའི་ས་རྡུལ་དང་ཤིང་རྡུལ་གྱིས་ཁེངས་ཡོད། པར་ཁང་གི་གཞོགས་གཉིས་ཀྱི་མཛོད་ཁང་གི་གྱང་གས་པའང་ཅུང་ཚབས་ཆེན་ཡིན་པ་དང་། གྱང་མཁར་བརྡིབས་པའི་སྣང་ཚུལ་བྱུང་ཡོད།

    ཚའེ་མིན་ལིས་ཀྱིས་པར་ཁང་དེ་དུས་རབས་20པའི་ལོ་རབས་80པར་བསྐྱར་སྐྲུན་བྱས་པ་དང་དེའི་ནང་པར་ཤིང་དང་དཔེ་ཆ་རྩ་ཆེན་ཉར་ཚགས་བྱས་ཡོད། ད་ཐེངས་ཀྱི་ས་ཡོམ་ཁྲོད་ལྷ་ཁང་དེར་གཏོར་སྐྱོན་ཅུང་ཚབས་ཆེན་ཕོག་ཡོད་པས། རྗེས་མར་ཉམས་གསོའི་ལས་དོན་ཐད་ས་གཤིས་དང་རིག་དངོས་སོགས་སྡེ་ཚན་གྱི་གྲོས་གཞིར་ཟུར་ལྟ་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད། གཞན་ཡང་གྲྭ་ཤག་ཁག་ཅིག་གི་ཁང་པར་གས་ཁ་ཤོར་བའི་སྣང་ཚུལ་བྱུང་ཡོད་པ་དང་། གྲལ་བཤེར་བྱས་མེད་པའི་ལྷ་ཁང་དང་གྲྭ་ཤག་ལ་མུ་མཐུད་དུ་ཞིབ་བཤེར་ཞིབ་ཚགས་བྱ་འཆར་འདུག


ཡོང་ཁུངས། ཀྲུང་གོའི་གསར་འགྱུར་དྲ་བ། ཀྲུང་གོ་བོད་ཀྱི་དྲ་བ།
ལྟ་སྐུལ། ཝུའུ་ཤིན་རི།
རྩོམ་སྒྲིག་པ། པད་མ།

中央广播电视总台 央广网 版权所有