ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འོས་སྦྱོར་ལེ་ཚན།

ནར་མ་སོན་པའི་མིའི་ཉེས་གསོག་ལ་ཁྲིམས་གཅོད་ཇི་ལྟར་བྱས་ན་ལེགས།

2019-10-31 16:02:00     责编:卓玛才让

ནར་མ་སོན་པའི་མི་ལ་བཅའ་ཁྲིམས་གཏན་འབེབས་བྱེད་པ་དེ་སྤྱི་ཚོགས་ཀྱི་གླེང་ཕྱོགས་གཙོ་བོར་ཆགས་པ།

     ཉིན་ཤས་གོང་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས་ཐེངས་བཅུ་བཞིའི་སྟེང་། ཚོགས་ཆུང་ཁག་བགོས་ནས་ནར་མ་སོན་པའི་མིའི་སྲུང་སྐྱོང་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་དང་ནར་མ་སོན་པའི་མིའི་ཉེས་གསོག་སྔོན་འགོག་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱས་པ་རེད། གླེང་མང་བའི་གནད་དོན་ཁ་ཤས་ལ་དམིགས་ནས་ཨུ་ཡོན་དང་འཐུས་མི་ཚོས་གྲོས་འགོ་མང་པོ་བཏོན་ཡོད།

     ཨུ་ཡོན་དང་འཐུས་མིས་ཚོགས་འདུའི་ཐོག་ཏུ་གླེང་ཞིང་། མི་དེ་བས་མང་པོ་ཡིས་ཚོགས་འདུ་གྲོལ་ཕྱིན་གླེང་། ཉིན་ཤས་ནང་ནར་མ་སོན་པའི་མིའི་ཁྲིམས་འཛུགས་དེ་པོད་ཕྲན་དང་སྐད་འཕྲིན་སོགས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་གི་གླེང་མང་བའི་གླེང་གཞིར་གྱུར་པ་དང་། ལས་གྲོགས་དང་གྲོགས་པོ་ཐུག་འཕྲད་བྱས་ཀྱང་དེའི་སྐོར་གླེང་བཞིན་ཡོད། དེ་ནི་ནར་མ་སོན་པའི་མི་དང་འབྲེལ་བ་ཡོད་པའི་བརྗོད་གཞི་ལ་མ་གཞི་ནས་དོ་ཁུར་ཆེན་པོ་བྱེད་པའི་རྐྱེན་གྱིས་ཡིན་པ་མ་ཟད། ཉིན་འདི་དག་ནང་བྱུང་བའི་དམིགས་བསལ་གྱོད་གཞི་ཁག་གཅིག་གིས་ཀྱང་མི་མང་པོ་ལ། མི་སྒེར་གྱི་བདེ་འཇགས་སམ་ཡང་ན་སྤྱི་ཚོགས་བརྟན་བརླིང་གང་ཐད་ནས་ཡིན་ཡང་། ནར་མ་སོན་པའི་མིར་དམིགས་ནས་ཚན་རིག་དང་མཐུན་པའི་སྒོ་ནས་ཁྲིམས་འཛུགས་ནན་པོ་བྱ་རྒྱུ་ཧ་ཅང་གལ་འགངས་ཆེ་བ་ངོས་འཛིན་ཐོབ་བཅུག་ཡོད།

     ཟླ་10པའི་ཚེས་20ཉིན། ལེའོ་ཉིང་ཏ་ལེན་དུ་ལོ་13ལས་སོན་མེད་པའི་བུ་ཞིག་གིས་ལོ་ན་10ཅན་གྱི་བུ་མོ་ཞིག་བཙན་གཡེམ་བྱེད་མ་ཐུབ་པའི་རྐྱེན་གྱིས་བསད། བུ་དེའི་ཉེས་གསོག་གི་བྱེད་ཐབས་གདུག་རྩུབ་ཆེ་བ་དང་། བྱས་ཉེས་བསགས་རྗེས་ཀྱི་སེམས་ཁམས་བརྟན་པོ་ཡོད་པ། ཉེས་སྤྱོད་ཀྱི་བྱེད་ཐབས་སྤྱོད་མཁས་པ་བཅས་ཡིན་པས་དེ་ནི་ལོ་ན་13ལས་སོན་མེད་པའི་བྱིས་པ་ཞིག་གིས་བཟོས་པ་རེད་ཅེས་ན་ཡིད་ཆེས་དཀའ་བ་ཞིག་རེད། ཟླ་10ཚེས་24ཉིན། སི་ཁྲོན་རེན་ཧྲོའུ་ཡི་དམའ་འབྲིང་སློབ་མ་ཞིག་གིས་སློབ་ཁང་ནང་ནས་སོ་ཕག་གིས་དགེ་རྒན་གྱི་མགོར་རྡབ་ནས་རྨས་སྐྱོན་ཆེན་པོ་བཟོས། དྲ་ཐོག་ཏུ་ཁྱབ་པའི་བརྙན་ཐུང་ནང་སློབ་ཁང་གི་གྱང་ངོས་སུ་འགོས་པའི་ཁྲག་རྗེས་གསལ་པོ་མཐོང་ཐུབ། གྱོད་གཞི་རྗེས་མའི་དམའ་འབྲིང་སློབ་མ་ལོ་15ལ་སོན་ཡོད་པ་དང་ཉེས་དོན་འགན་འཁྲིའི་ལོ་ཚད་ལ་སླེབས་ཡོད་ཕྱིར་ཉེས་དོན་བཀག་ཉར་བྱས་ཡོད། གྱོད་གཞི་སྔ་མའི་ནང་གི་བྱིས་པ་སྲིད་གཞུང་གིས་བསྡུ་ཉར་སློབ་སྐྱོང་ལོ་3བྱ་རྒྱུ་རེད། དེ་ནི་ནར་མ་སོན་པའི་མི་ལ་མཚོན་ན་མི་བསད་པའི་ཉེས་ཆད་ཡིན་ལ། མིག་སྔར་བཅའ་ཁྲིམས་ཀྱི་སྒྲོམ་གཞིའི་ཁྲོད་ཀྱི་ཉེས་ཆད་ཆེས་ལྗིད་ཤོས་ཀྱང་ཡིན།

     ཚེ་སྲོག་གཅིག་དང་ལོ་གསུམ་གྱི་བསྡུ་ཉར་སློབ་སྐྱོང་། མི་མང་པོ་ཞིག་གིས་དེ་གཉིས་དོ་མཉམ་ཡིན་པ་དང་ལེན་བྱེད་དཀའ་བས། དྲ་ཐོག་ཏུ་ངར་སེམས་འཕེལ་ཞིང་ཁོང་ཁྲོ་ལངས་པའི་སྐད་ཆ་མང་པོ་བརྗོད་ཡོད། འདིར་ནན་བཤད་བྱེད་དགོས་པ་ཞིག་ནི་བཅའ་ཁྲིམས་ལ་བཟོ་བཅོས་མ་བརྒྱབ་པ་དང་། ཉེས་འགན་གྱི་ལོ་ཚད་དམའ་རུ་མ་བཏང་ན། ལོ་ན་14ལ་མ་སོན་པའི་ལོ་ཆུང་ཚོས་ཉེས་འགན་འཁུར་མི་དགོས་པ་རེད། གོང་གི་བྱིས་པ་དེ་ལས་ཚབས་ཆེ་བའི་ནག་ཉེས་བཟོས་ནའང་ཉེན་འགན་འཁུར་མི་དགོས། འདི་ནི་ཁྲིམས་སྐྱོང་གི་བླང་བྱ་ཡིན།

     འོན་ཀྱང་དུས་མཚུངས་སུ་བརྗོད་དགོས་པ་ཞིག་ནི། གལ་ཏེ་“ཚེ་སྲོག་གཅིག་”དང་“ལོ་གསུམ་གྱི་བསྡུ་ཉར་སློབ་སྐྱོང་”གཉིས་ལ་མཚུངས་རྟགས་འགོད་པ་ནི་རྩ་བའི་ཆ་ནས་མི་རྣམས་ཀྱི་འདུ་ཤེས་ཁྲོད་ཀྱི་དྲང་བདེན་དང་འགལ་ཡོད་པས། བསམ་ཚུལ་དེ་འདྲ་ཡོད་པ་ནི་ཉེན་ཁ་ཆེན་པོ་ཞིག་རེད། རྒྱལ་ཁབ་ཀྱིས་བཅའ་ཁྲིམས་ཀྱི་བྱེད་ཐབས་ལ་བརྟེན་ནས་བྱས་ཉེས་བསགས་པར་ཁྲིམས་གཅོད་མ་བྱས་གོང་། མི་རྣམས་ཀྱིས་དྲང་བདེན་མངོན་འགྱུར་བྱེད་པའི་ཐབས་ལམ་ནི་ཁྲག་ལན་ཁྲག་སློག་ལྟ་བུའི་རང་སྟོབས་ཀྱིས་དགྲ་ཤ་ལེན་པ་དེ་ཡིན། དགྲ་ཤ་ལེན་པའི་དབང་ཆ་རྒྱལ་ཁབ་ལ་སྤྲོད་པ་ནི་ཡིད་ཆེས་ཀྱི་རྨང་གཞིའི་སྟེང་དུ་བྱུང་བ་ཡིན་ལ། དེ་ནི་རྒྱལ་ཁབ་ཀྱིས་གནོད་འཚེ་ཕོག་མཁན་ལ་དྲང་བདེན་མངོན་འགྱུར་བྱེད་ཐུབ་པར་ཡིད་ཆེས་པས་ཡིན། འོན་ཀྱང་དྲང་བདེན་དེ་རིགས་དངོས་སུ་མངོན་འགྱུར་བྱེད་མི་ཐུབ་པའི་སྐབས་སུ། མི་ཁག་གཅིག་གིས་རང་ཤུགས་རང་གསོ་བྱེད་ཐབས་ལ་བརྟེན་ནས་ཁོ་ཚོས་ངོས་འཛིན་བྱེད་པའི་དྲང་བདེན་མངོན་འགྱུར་བྱེད་ཀྱི་ཡོད། གལ་སྲིད་གནས་ཚུལ་དེ་བྱུང་ཚེ་ཁྲིམས་སྐྱོང་ཁོར་ཡུག་དང་སྤྱི་ཚོགས་བརྟན་ལྷིང་ལ་གནོད་འཚེ་ཆེན་པོ་ཐེབས་རྒྱུ་རེད།

     ནར་མ་སོན་པའི་མིའི་སྲུང་སྐྱོང་བཅའ་ཁྲིམས་ཀྱིས་ནར་མ་སོན་པའི་མིར་སྲུང་སྐྱོང་བྱ་རྒྱུ་གཙོ་བོར་བཟུང་ཡོད་པ་དང་། ནར་མ་སོན་པའི་མིའི་ཉེས་གསོག་སྔོན་འགོག་བཅའ་ཁྲིམས་ཀྱིས་ནར་མ་སོན་པའི་མིས་སྤྱི་ཚོགས་ལ་གནོད་འཚེ་བཟོ་རྒྱུ་སྔོན་འགོག་བྱེད་པ་གཙོར་བཟུང་ཡོད་པས། བཅའ་ཁྲིམས་དེ་གཉིས་མཉམ་ཏུ་བཟོ་བཅོས་བརྒྱབ་ཚེ་སྲུང་སྐྱོང་དང་ཁྲིམས་གཅོད་དོ་མཉམ་ཡོང་བར་ཕན་ཐོགས་ཡོད། སྲུང་སྐྱོང་དང་ཉེས་གཅོད་གཉིས་ལས་གཅིག་ཀྱང་ཉུང་མི་རུང་བ་ནི། སྔ་ས་ནས་སྤྱི་ཚོགས་ཀྱི་ངོས་འཛིན་གཅིག་མཐུན་ཡིན་པ་དང་། འགལ་བ་གཙོ་བོ་ནི་གོང་དུ་བརྗོད་པའི་དོ་མཉམ་མངོན་འགྱུར་བྱེད་པའི་ཐབས་ལམ་ཐད་ཡིན།

     དཔེར་ན། ཉེས་འགན་གྱི་ལོ་ཚད་དམའ་རུ་གཏོང་དགོས་མིན་ཐད་ནས། ནར་མ་སོན་པའི་མིས་ནག་ཉེས་ཚབས་ཆེན་མང་པོ་བཟོ་བཞིན་ཡོད་པའི་དོན་དངོས་ལ་དམིགས་ཏེ། ཉེ་བའི་ལོ་ཤས་རིང་། ཉེས་དོན་འགན་འཁྲི་འཁུར་བའི་ལོ་ཚད་དམའ་རུ་གཏོང་དགོས་པའི་འབོད་སྒྲ་ཡང་ཡང་སྒྲོག་བཞིན་ཡོད་ལ། དེ་ལ་ངོ་རྒོལ་བྱེད་མཁན་ཡང་མང་པོ་ཐོན་གྱི་ཡོད། ཕྱོགས་གཉིས་ཀར་ལོ་རྒྱུས་དང་དོན་དངོས་ཀྱི་གཞི་འཛིན་ས་ངེས་ཅན་ཡོད་པས། ཕ་རོལ་པོར་གོ་སྐོན་བློ་འགུག་བྱེད་ཁག་པོ་ཡོད།

     ཡང་དཔེར་ན། “ངན་སེམས་བཅངས་ནས་ནག་ཉེས་བཟོས་ན་ལོ་ཚད་ཇེ་མཐོ་གཏོང་བའི་རྩ་དོན་”ནང་འདྲེན་བྱ་དགོས་སམ། དེ་ནི་དབྱིན་ཇི་དང་ཨ་རི་རྒྱལ་ཁབ་ཀྱིས་ནར་མ་སོན་པའི་བྱིས་པར་ཉེས་དོན་འགན་འཁྲི་འཁུར་ནུས་ཡོད་མེད་ཐག་གཅོད་བྱེད་པའི་རྩ་དོན་ཞིག་ཡིན་ཞིང་། དེའི་གོ་དོན་ནི། ནར་མ་སོན་པའི་བྱིས་པ་ཡིན་ན་ཉེས་དོན་འགན་འཁྲི་འཁུར་ནུས་མེད་པར་བརྩི་ནའང་། གལ་ཏེ་ཞི་སྦྱོར་མཁན་གྱིས་ནར་མ་སོན་པའི་བྱིས་པ་དེས་བྱ་སྤྱོད་སྤེལ་སྐབས་ངན་སེམས་བཅངས་ཡོད་པ་བདེན་དཔང་བྱས་ཏེ། ཡིན་མིན་དང་དགེ་སྡིག་གི་དབྱེ་བ་འབྱེད་ནུས་ཡོད་པ་ཡིན་ན། ཉེས་དོན་འགན་འཁྲི་འཁུར་ནུས་ཡོད་པར་བརྩི་བས། ནར་མ་སོན་པའི་མི་དེས་རང་ཉིད་ཀྱི་བྱ་སྤྱོད་ལ་ཉེས་དོན་འགན་འཁྲི་འཁུར་དགོས། ཉེ་བའི་ལོ་ཤས་རིང་། ཤེས་ཡོན་པ་འགའ་རེས་རྩ་དོན་དེ་ནང་འདྲེན་བྱེད་དགོས་པའི་རེ་འབོད་ཡང་ཡང་བྱེད་ཀྱི་ཡོད་ལ། ངོ་རྒོལ་བྱེད་མཁན་ཡང་མང་པོ་བྱུང་ཡོད།

     ཕྱོགས་འགལ་དེ་གཉིས་ཀྱིས་མི་ཚད། ད་དུང་མི་ཉུང་བ་ཞིག་ཡོད། ཅི་ཞིག་ནི་མི་མང་ཆེ་བའི་སེམས་ནང་གི་དྲང་སྙོམས་དང་དྲང་བདེན་ཡིན་ནམ། ནར་མ་སོན་པའི་མིའི་སྲུང་སྐྱོང་དང་ཉེས་གཅོད་བར་དུ་འོས་འཚམ་གྱི་གནས་གང་དུ་ཡོད་དམ། ཁྲིམས་འཛུགས་ཐབས་ལམ་ཐད་ནས། རང་ལ་ཡོད་པ་གཞིར་བཟུང་ནས་ཕྱི་རྒྱལ་གྱི་ཁྲིམས་འཛུགས་ཉམས་མྱོང་བསྡུ་ལེན་ཇི་ལྟར་བྱ་དགོས་སམ།

     གནད་དོན་འདི་དག་གི་དྲིས་ལན་རྙེད་པར། མི་སྔར་ལས་མང་པོ་ཞིག་ལས་ཀ་དེའི་ནང་ཞུགས་དགོས་པས། ཁྲིམས་འཛུགས་ལས་ཁུངས་ཀྱིས་ཡོངས་བསྒྲགས་ངང་ཁྲིམས་འཛུགས་བྱས་ནས་མི་སྔར་ལས་མང་པོ་ཞིག་གི་བསམ་ཚུལ་ལ་ཉན་ཞིང་། འདོད་ཚུལ་མི་འདྲ་བ་མང་པོའི་བར་བགྲོ་གླེང་བྱེད་བཅུག་ནས། མཇུག་མཐར་དེའི་རྨང་གཞིའི་སྟེང་དུ་ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་ཐག་གཅོད་པའི་རེ་བ་ཡོད། ཁྱིམ་ཚང་དང་ཕྲུ་གུ་ཚང་མ་བཅའ་ཁྲིམས་ཀྱིས་སྲུང་སྐྱོང་ཐོབ་མཁན་ཡིན་པ་དང་། ཁྱིམ་ཚང་དང་མི་ཚང་མ(ཕྲུ་གུ་ཚུད་པ)ཉེས་ཆད་བཅད་པ་འོས་འཚམ་མིན་པའི་གནོད་འཚེ་ཐེབས་མཁན་དུ་འགྱུར་ཡང་སྲིད། བཅའ་ཁྲིམས་ནི་མི་དམངས་ཀྱི་འདོད་བློ་མཚོན་ཐབས་ཞིག་ཡིན་པས། ཇི་ལྟར་གཏན་འབེབས་བྱེད་པའི་ཐད་མི་དམངས་ལ་སྐད་ཆ་ཤོད་དབང་ཆེ་ཤོས་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

སྒྲིག་སྒྱུར། སྐྱབས་པོ།

中央广播电视总台 央广网 版权所有