ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འོས་སྦྱོར་ལེ་ཚན།

བུད་མེད་ཤེས་ཡོན་ཅན་གྱི་མཉམ་འབྲེལ་ལྷན་ཚོཊ་ལྷ་སར་བཙུགས་འདུག

2019-10-29 09:53:00     责编:娜科

     བོད་རང་སྐྱོང་ལྗོངས་བུད་མེད་ཤེས་ཡོན་ཅན་གྱི་མཉམ་འབྲེལ་ལྷན་ཚོགས་སྤྱི་ཚེས་27ཉིན་ལྷ་སར་དབུ་བརྙེས་ཡོད། འདི་ནི་བོད་རང་སྐྱོང་ལྗོངས་ཀྱི་ལས་རིགས་ཁག་དང་མི་རིགས་ཁག་གི་བུད་མེད་ཤེས་ཡོན་པས་རང་མོས་ངང་རྩ་འཛུགས་གནང་བའི་སྤྱི་ཚོགས་སྒྲིག་འཛུགས་ཤིག་ཡིན་པ་དང་། མ་དྲིན་མོའི་བྱམས་པ་དང་བརྩེ་བ་ཡོད་པའི་མཐོ་སྒང་བུད་མེད་ཀྱི་སྟོབས་ཤུགས་ལ་བརྟེན་ནས་བོད་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་བརྟན་བརླིང་དར་འཕེལ་ཡོང་བར་སྔར་བས་ལེགས་པའི་སྒོ་ནས་ཞབས་འདེགས་ཞུ་རྒྱུ་རེད། 

སྒོ་བྱང་གནང་བའི་མཛད་སྒོ།

 

     བོད་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་ཞི་རྒྱང་མཚོ་ལྷ་མོ་ལགས་ཀྱིས་བུད་མེད་ཤེས་ཡོན་ཅན་གྱི་མཉམ་འབྲེལ་ལྷན་ཚོགས་བཙུགས་པ་དེས་བོད་རང་སྐྱོང་ལྗོངས་ཀྱི་རྒྱ་ཆེའི་བུད་མེད་ཤེས་ཡོན་པ་རྣམས་ལ་ཕན་ཚུན་སྤེལ་རེས་བྱེད་སའི་སྟེགས་བུ་ཞིག་བསྐྲུན་ཟིན་པ་མཚོན་ཡོད། མ་འོངས་པར་ངེད་ལྷན་ཚོགས་ཀྱིས་སྣེ་ཁྲིད་པ་དང་མིག་དཔེའི་ནུས་པ་ཐོན་པར་བྱེད་པ་དང་། དེ་བས་མང་བའི་བོད་ཀྱི་བུད་མེད་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་དུས་རབས་ཀྱི་དར་སྲོལ་གསར་པ་དར་སྤེལ་བཏང་ནས་གསར་གཏོད་དང་བྱ་གཞག་གསར་གཏོད་ནང་ཞུགས་པ་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་སྟེ་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་རེ་བ་ཡོད་ཅེས་གསུངས་ཡོད། 

     ཉིན་དེར་ཚོགས་ཆེན་ཐོག་བོད་རང་སྐྱོང་ལྗོངས་བུད་མེད་ཤེས་ཡོན་ཅན་གྱི་སྐབས་དང་པོའི་ལས་འཛིན་ཨུ་ཡོན་ལྷན་ཁང་བདམས་ཐོན་བྱུང་བ་དང་། མཉམ་འབྲེལ་ལྷན་ཚོགས་ཀྱི་སྒྲིག་ཡིག་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད། མིག་སྔར། མཉམ་འབྲེལ་ཚོགས་པ་འདིར་བོད་ལྗོངས་ཀྱི་ལས་རིགས་སོ་སོ་དང་མི་རིགས་སོ་སོ་ནས་ཡོང་བའི་བུད་མེད་ཤེས་ལྡན་མི་སྣ77ཡོད་པ་དང་། དེའི་ནང་འབུམ་རམས་པའི་ཞིབ་འཇུག་སློབ་མ་10དང་། རབ་འབྱམས་པའི་ཞིབ་འཇུག་སློབ་མ་30ལྷག རྒྱལ་ནང་དུ་ལོག་པའི་ཕྱི་འགྲིམ་སློབ་མ་10བཅས་ཡོད་པ་དང་། མཐོ་རིམ་གཞོན་པའི་གོ་མིང་ཅན་གྱི་འཐུས་མིས་འཐུས་མིའི་བསྡོམས་འབོར་གྱི་བཅུ་ཆ་བརྒྱད་ཡན་ཟིན་ཡོད། 

ཚོགས་རའི་ཡུལ་དངོས།

 

     བོད་རང་སྐྱོང་ལྗོངས་ཞིང་ལས་ཚན་རྩལ་ཁང་གི་ཕྱུགས་རིགས་སྨན་བཅོས་ཞིབ་འཇུག་ཁང་གི་ཅི་ཆིའུ་མེས་བོད་རང་སྐྱོང་ལྗོངས་བུད་མེད་ཤེས་ཡོན་ཅན་མཉམ་འབྲེལ་ལྷན་ཚོགས་བཙུགས་ཐོག རྒྱ་ཆེའི་བུད་མེད་ཤེས་ཡོན་ཅན་ཚོར་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱས་ཏེ་འབྱུང་འགྱུར་གྱི་རྒྱ་ཆེའི་བུད་མེད་ཤེས་ཡོན་ཅན་གྱིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་ནུས་པ་སྔར་ལས་ཆེ་བ་འདོན་སྤེལ་བྱེད་ཐུབ་པར་ཡིད་ཆེས་ཡོད་ཅེས་གསུངས། 

བོད་རང་སྐྱོང་ལྗོངས་མ་བུ་བདེ་སྲུང་མཐུན་ཚོགས་ཀྱི་ཚོགས་མི།

 

     བོད་ལྗོངས་སློབ་གྲྭ་ཆེན་མོའི་གསོ་རིག་སློབ་གླིང་གི་དགེ་རྒན་པ་སངས་སྒྲོལ་མས་བུད་མེད་ཤེས་ཡོན་ཅན་མཉམ་འབྲེལ་ལྷན་ཚོགས་ནི་ལས་རིགས་ཁག་གི་བུད་མེད་ཕུལ་བྱུང་ཅན་རྣམས་ཀྱི་སྤེལ་རེས་ལས་སྟེགས་ཤིག་ཡིན་ཞིང་། རིག་གཞུང་ཚན་ཁག་གི་ཁྱབ་ཁོངས་ཁག་དེ་གར་གཅིག་འདྲེས་བྱུང་ན་སྔར་དང་མི་འདྲ་བའི་གྲུབ་འབྲས་འབྱུང་ངེས་རེད་ཅེས་གསུངས། 

སངས་རྒྱས་ལྷ་མོས་འདེམ་ཤོག་འཕེན་བཞིན་པ།

 

     ཞིང་འབྲོག་མང་ཚོགས་ལ་ཁྲིམས་ལུགས་ཁྱབ་གདལ་གནང་བཞིན་ཡོད་པའི་སངས་རྒྱས་ལྷ་མོས་ལས་སྟེགས་འདི་བརྒྱུད་ནས་བོད་ཀྱི་རྒྱ་ཆེའི་ཕུལ་བྱུང་ཤེས་ལྡན་བུད་མེད་རྣམས་ཀྱིས་བོད་ཀྱི་བུད་མེད་ལ་བྱ་བ་འགའ་སྒྲུབ་པ་དང་བོད་རང་སྐྱོང་ལྗོངས་ཀྱི་འཕེལ་རྒྱས་ལ་བྱ་བ་འགའ་སྒྲུབ་ཐུབ་པའི་རེ་བ་ཡོད་ཅེས་གསུངས། 

ཐབས་ཤེས་བློ་འདྲི་ཁང་གི་སྒྲོལ་མ།

 

     ཐབས་ཤེས་བློ་འདྲི་ཁང་གི་སྒྲོལ་མ་ཡིས་ཤེས་བྱ་ཡིས་མི་ཞིག་གི་ལས་དབང་བསྒྱུར་ཐུབ་པ་རེད།ཨ་མ་ཞིག་གི་སློབ་གསོ་ནི་མི་སྒེར་ཙམ་མ་ཡིན་པར་ཁྱིམ་ཚང་དང་སྡེ་ཁུལ། ཐ་ན་མིའི་རིགས་ཀྱི་ཤེས་རིག་དང་འབྲེལ་བ་ཡོད། དེའི་ཕྱིར་ངས་བསམ་ན་ང་ཚོས་སྟེགས་བུ་འདི་བརྒྱུད་ང་ཚོས་བོད་ཀྱི་བུད་མེད་ཀྱི་བློ་གྲོས་དང་ནུས་ཤུགས། དེ་བཞིན་འཇོན་ནུས་ཀྱིས་ཕ་ཡུལ་དང་མེས་རྒྱལ་ལ་ལེགས་སྐྱེས་གང་མང་ཕུལ་ཐུབ་པའི་ཡིད་ཆེས་ཡོད་ཅེས་གསུང་འདུག 

སྤེན་པ་ལྷ་མོ།

 

     གསར་དུ་བདམས་ཐོན་བྱུང་བའི་བོད་རང་སྐྱོང་ལྗོངས་བུད་མེད་ཤེས་ཡོན་ཅན་མཉམ་འབྲེལ་ལྷན་ཚོགས་སྐབས་དང་པོའི་ལས་འཛིན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་སྤེན་པ་ལྷ་མོས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་ལ་མཛུབ་ཁྲིད་བྱེད་པ་དང་། བོད་ཀྱི་བུད་མེད་གོང་དུ་འཕེལ་བར་ཞབས་འདེགས་ཞུ་རྒྱུ་དམིགས་ཡུལ་དུ་བཟུང་ནས་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་སྤེལ་བ་དང་། ཐུན་མོང་གི་བྱ་གཞག་དང་ཐུན་མོང་གི་འདུ་ཤེས་ལ་བརྟེན་ནས་དཔའ་ངར་ཆེན་པོས་མདུན་དུ་སྐྱོད་དགོས། མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་འགན་གཙོ་བོ་ནི་རྒྱ་ཆེའི་བུད་མེད་ཤེས་ཡོན་ཅན་རྣམས་ལ་མཉམ་འབྲེལ་དང་མཐུན་སྒྲིལ་བྱས་ཏེ་མཉམ་འབྲེལ་ལྷན་ཚོགས་ཀྱི་རྩ་འཛུགས་ཀྱི་ཁྱད་ཡོན་འདོན་སྤེལ་གང་ལེགས་བྱས་ཐོག ཕོ་མོ་འདྲ་མཉམ་གྱི་གཞི་རྩའི་རྒྱལ་ཇུས་སྔར་བས་ལག་ལེན་མཐར་ཕྱིན་བསྟར་བ་དང་། སྤྱི་ཚོགས་ཡོངས་སུ་བུད་མེད་ཤེས་ཡོན་ཅན་ལ་བརྩི་འཇོག་དང་གཅེས་སྐྱོང་བྱེད་པ་དང་། བུད་མེད་ཤེས་ཡོན་ཅན་འཕེལ་རྒྱས་འགྲོ་བར་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པའི་ངང་ཚུལ་བཟང་པོ་ཆགས་པར་བྱས་ཏེ་རང་ངོས་ཀྱི་རིན་ཐང་མངོན་འགྱུར་དང་སྤྱི་ཚོགས་ལ་ཞབས་འདེགས་སྔར་ལས་ལེགས་པ་ཞུ་དགོས་ཞེས་གསུངས་ཡོད་པ་རེད།   

ཚོགས་རའི་ཡུལ་དངོས།

 

     བུད་མེད་ཤེས་ཡོན་ཅན་ནི་སྔོན་ཐོན་གྱི་ཐོན་སྐྱེད་ནུས་པ་གོང་འཕེལ་གཏོང་བའི་སྟོབས་ཤུགས་གལ་ཆེན་ཡིན། དུས་ཡུན་རིང་པོའི་ནང་བོད་རང་སྐྱོང་ལྗོངས་ཀྱི་ཤེས་ལྡན་བུད་མེད་རྣམས་ཀྱིས་རང་སོ་སོའི་ལས་གནས་ཐོག་དུས་རབས་གསར་པའི་བུད་མེད་ཀྱི་སྟོབས་ཤུགས་དང་བུད་མེད་ཀྱི་ངོ་མཚར་བྲིས་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་གནམ་ཕྱེད་ཀ་འདེགས་ཐུབ་ཡོད། མ་འོངས་པར་བོད་རང་སྐྱོང་ལྗོངས་བུད་མེད་ཤེས་ཡོན་ཅན་གྱི་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་སྟེགས་འདི་བརྒྱུད་བུད་མེད་ཤེས་ཡོན་ཅན་ཕན་ཚུན་སྤེལ་རེས་དང་མཉམ་ལས་བྱེད་པར་སྐུལ་འདེད་སྔར་ལས་ལྷག་པ་གཏོང་བ་དང་། རིག་སྟོབས་ཐོན་ཁུངས་དང་ཤེས་བྱའི་གྲུབ་འབྲས་སྡེབ་སྒྲིག་བྱས་ཏེ་སྤྱི་ཚོགས་ལ་ཞབས་འདེགས་སྔར་བས་ལེགས་པ་ཞུ་རྒྱུ་རེད། 

ཚོགས་ཞུགས་བུད་མེད་ཤེས་ཡོན་ཅན་གྱི་ལྷན་པར།

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ལྟ་སྐུལ། ཚེ་དགའ།

རྩོམ་སྒྲིག་འགན་འཁུར་བ། རྒྱལ་པོ།

གསར་འགོད་པ། བདེ་གཡང་།

中央广播电视总台 央广网 版权所有