ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འོས་སྦྱོར་ལེ་ཚན།

▶སྔོ་ལྗང་རི་ཆུ་གསེར་རི་དངུལ་རི་ཡིན།

2019-10-10 17:21:00     责编:卓玛才让

ང་ཚོ་ལམ་ཆེན་ཐོག་ཏུ་བསྐྱོད་ཅེས་པའི་ལེའུ་བཅུ་དགུ་པ་སྔོ་ལྗང་རི་ཆུ་གསེར་རི་དངུལ་རི་ཡིན།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུ་ཆེད། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་ལེའུ་24ཡོད་པའི་ཚད་ལྡན་ཡིག་ཆའི་ཆེད་དོན་པར་གཞི་ཆེ་གྲས་ང་ཚོ་ལམ་ཆེན་ཐོག་ཏུ་བསྐྱོད་ཅེས་པ་སྟོན་ཡོད། དེ་རིང་ལེའུ་བཅུ་དགུ་པ་སྔོ་ལྗང་རི་ཆུ་གསེར་རི་དངུལ་རི་ཡིན་ཞེས་པ་དེ་སྟོན་རྒྱུ་ཡིན།

མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་རྒྱུ་ནི་མིའི་རིགས་ཀྱི་ཐུན་མོང་ཕུགས་འདུན་ཡིན། སྐྱེ་ཁམས་ཁོར་ཡུག་གི་འགྲན་རྩོད་མདུན་དུ། མིའི་རིགས་ནི་གཅིག་དར་ཀུན་དར་དང་གཅིག་ཉམས་ཀུན་ཉམས་ཀྱི་ལས་དབང་གཅིག་མཐུན་མ་ལག་ཅིག་ཡིན། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ནི་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་གོང་འཕེལ་དང་འབྲེལ་བ་ཡོད་པའི་རྩ་བའི་ཇུས་ཆེན་ཞིག་ཡིན།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཐོག་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་དཔལ་འབྱོར་འཛུགས་སྐྲུན། ཆབ་སྲིད་འཛུགས་སྐྱོང་། རིག་གནས་འཛུགས་སྐྱོང་། སྤྱི་ཚོགས་འཛུགས་སྐྱོང་བཅས་བྱ་རྒྱུ་ཐེངས་དང་པོ་བཏོན་གནང་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གནས་ལྔ་གཞི་གཅིག་གི་སྤྱིའི་འཆར་འགོད་ནང་བཅུག་ཡོད།

ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག གསར་སྐྲུན་དང་མཐུན་སྦྱོར། སྦགས་མེད། སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་གོང་འཕེལ་འདུ་ཤེས་གསར་པ་བཏོན་ནས། སྦགས་མེད་གོང་འཕེལ་དེ་རང་རྒྱལ་གོང་འཕེལ་གྱི་གནས་བབ་ཧྲིལ་པོ་དང་འབྲེལ་བ་ཡོད་པའི་གོང་འཕེལ་འདུ་ཤེས་གལ་ཆེན་ཞིག་ལ་བརྩི་རྒྱུའི་གཏན་འཁེལ་གནང་།

ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག ཚབས་ཆེའི་ཉམས་ཉེན་སྔོན་འགོག་དང་སེལ་རྒྱུ་དང་། གནད་འཕིགས་དབུལ་སྒྲོལ། སྦགས་བཙོག་འགོག་བཅོས་བཅས་ཀྱི་འགག་གཏོར་དམག་འཐབ་ཆེན་པོ་གསུམ་མཐའ་གཅིག་ཏུ་ཡག་པོ་རྒྱག་དགོས་ཞེས་བཏོན་ཡོད།

སྔོ་ལྗང་རི་ཆུ་ནི་གསེར་རི་དངུལ་རི་ཡིན། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱེད་པ་དེ་མི་དམངས་ཀྱི་བདེ་སྐྱིད་དང་འབྲེལ་བ་ཡོད་པ་མ་ཟད། མི་རིགས་ཀྱི་མ་འོངས་པ་དང་འབྲེལ་བ་ཡོད་པའི་ལོ་ངོ་སྟོང་གི་ཇུས་ཆེན་ཞིག་ཡིན།

ཏང་གི་སྤྱི་ཁྱབ་ཧྲུའུ་ཅིའི་འགན་བཞེས་རྗེས། ཞི་ཅིན་ཕིང་ནས་རང་རྒྱལ་གྱི་སྐྱེ་ཁམས་ཁོར་ཡུག་འགལ་ཟླར་ལོ་རྒྱུས་ཀྱི་རིམ་བསགས་བརྒྱུད་རིམ་ཞིག་ཡོད་པས། ཉིན་གཅིག་ལ་ཇེ་སྡུག་ཏུ་སོང་བ་ཞིག་མིན། ཡིན་ནའང་ང་ཚོའི་ལག་ནང་ཇེ་སྡུག་ཇེ་ངན་དུ་མི་འགྲོ་བ་བྱེད་དགོས། གུང་ཁྲན་ཏང་མིར་བློ་རྒྱ་དང་སེམས་ཤུགས་འདི་འདྲ་ཡོད་དགོས་ཞེས་ཐེངས་མང་གསུངས་མྱོང་ཡོད།

སྤྱི་ལོ་2013ལོའི་ཟླ་བ་9པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནས་ཧ་སག་སི་ཐན་གྱི་ན་ཀྲར་པ་ཡེ་ཧྥུ་སློབ་གྲྭ་ཆེན་མོར་གཏམ་བཤད་གནང་སྐབས། འཛམ་གླིང་ལ་ཀྲུང་གོའི་སྦགས་མེད་གོང་འཕེལ་གྱི་འདུ་ཤེས་བརྒྱུད་བསྒྲགས་གནང་ཡོད།

ཞི་ཅིན་ཕིང་གིས། གསེར་རི་དངུལ་རི་དགོས་ལ། སྔོ་ལྗང་རི་ཆུ་ཡང་དགོས། སྔོ་ལྗང་རི་ཆུ་མ་བྱུང་ན། གསེར་རི་དངུལ་རི་ཡང་མི་དགོས། རྒྱུ་མཚན་ནི་སྔོ་ལྗང་རི་ཆུ་ནི་གསེར་རི་དངུལ་རི་ལས་ལྷག་པ་ཡོད་པས་རེད་ཅེས་གསུངས།

ཆོད་གཏམ་གལ་ཆེན་འདི། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་དོན་ནང་ཁྱབ་ཡོད། དེས་སྟབས་བདེའི་ངང་གོང་འཕེལ་དང་སྲུང་སྐྱོབ་གཉིས་ཁ་གཏད་དུ་ལངས་པའི་བསམ་བློའི་འཆིང་རྒྱ་ལས་གྲོལ་ཏེ། གསོན་ཉམས་ལྡན་པའི་ངང་གོང་འཕེལ་དང་སྲུང་སྐྱོབ་གཉིས་གཅིག་གྱུར་ཡོང་བ་བྱ་དགོས་པ་རྒྱས་བཤད་གནང་ཡོད།

གྲོང་ཁྱེར་ཚང་མར་མ་ཡུམ་ཆུ་བོ་རེ་ཡོད། ཡིན་ནའང་སྤྱི་ལོ་2013ལོའི་བསྡོམས་རྩིས་གྲངས་གཞི་གཅིག་ལ་མི་རྣམས་ཧང་སངས་ཡོད། དེ་ནི་ཀྲུང་གོའི་ཆུ་རྒྱུད་ཆེན་པོ་བཅུའི་ནང་ནས་ཕྱེད་ཀ་ཙམ་ལ་སྦགས་བཙོག་བཟོས་ཡོད། ཆུ་བོ་ཁྲི་སྟོང་མང་པོའི་ཁྲོད། མི་རྣམས་ནས་སེམས་ཁྲལ་ཆེ་ཤོས་བྱེད་ས་ནི་ང་ཚོའི་མ་ཡུམ་ཆུ་བོ་སྟེ། འབྲི་ཆུ་ཡིན།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནས་འབྲི་ཆུར་རྟོག་ཞིབ་ཐེངས་མང་གནང་ནས། སྲུང་སྐྱོབ་ཆེན་པོར་དམ་འཛིན་བྱས་ཏེ། གསར་སྤེལ་ཆེན་པོ་མི་བྱེད་པའི་མཛུབ་སྟོན་གལ་ཆེན་གནང་ཡོད།

སྐྱེ་ཁམས་སྔོན་ལ་འཇོག་པ་དང་སྦགས་མེད་གོང་འཕེལ་རྒྱུན་འཁྱོངས་བྱས་ཚེ། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་གོང་འཕེལ་ལམ་བུ་ཉིན་བཞིན་ཁ་གསལ་ཡོང་ཐུབ། ད་ཆའི་མ་ཡུམ་ཆུ་བོའི་སྤྱི་ཡོངས་སྤུས་ཚད་ལེགས་པོ་ཡོད། རྨ་ཆུ་དང་ཧེ་ལུང་ཅང་གཙང་པོ། ནེན་ཅང་གཙང་པོ་སོགས་རང་རྒྱལ་མངའ་ཁོངས་ནང་གི་ཆུ་བོ་གཙོ་བོའི་ཆུའི་སྤུས་ཚད་རིམ་བཞིན་ལེགས་བཅོས་ཡོང་བཞིན་ཡོད་པ་རེད།

ལྗང་མདོག་ནི་ཚེ་སྲོག་གི་མཚོན་བྱེད་ཡིན་ཞིང་། རང་བྱུང་ཁམས་ཆེན་པོ་ནི་གཞི་གདན་ཡིན། བྱེ་རླུང་གི་དཀའ་ངལ་འཕྲད་པའི་མི་རྣམས་ཀྱི་ངོས་ནས་བཤད་ན། རྩ་ཆེའི་ལྗང་མདོག་ལ་སྐོམ་པ་ཆུ་འདོད་ལྟར་གྱི་རེ་བ་བྱེད་བཞིན་ཡོད།

བྱང་གསུམ་འགོག་སྲུང་ནགས་རའི་ལས་གཞི་ནི་འཛམ་གླིང་སྐྱེ་ཁམས་བཅོས་སྐྱོང་གི་ལེགས་འགྲུབ་ལྡན་པའི་དཔེ་མཚོན་ལ་འགྱུར་ཡོད། རྨོ་སྐྱུར་ནགས་གསོའི་ལས་གཞི་སྤེལ་ནས་ལོ་ངོ་20སོང་རིང་། རྨོ་སྐྱུར་ནགས་གསོ་དང་རྩྭ་འདེབས་མུའུ་དུང་ཕྱུར་5ལག་བསྟར་བྱས་ཟིན། ཀྲུང་གོས་སྦགས་མེད་གོང་འཕེལ་གྱི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ་དང་བསྟུན། འཛམ་གླིང་གི་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད།

སྤྱི་ལོ་2019ལོའི་དཔྱིད་ཀར། ཨ་རིའི་རྒྱལ་སྤྱིའི་མཁའ་འགྲུལ་མཁའ་སྐྱོད་ཅུད་ཀྱིས་ཞིབ་འཇུག་མཇུག་འབྲས་གཅིག་ཁྱབ་བསྒྲགས་བྱས་པ་སྟེ། སྤྱི་ལོ་2000ལོ་ནས་2017ལོའི་བར་འཛམ་གླིང་ཡོངས་ཀྱི་གསར་སྣོན་བྱས་པའི་སྔོ་ལྗང་ཅན་གྱི་རྒྱ་ཁྱོན་ཁྲོད། བཞི་ཆ་གཅིག་ཙམ་ནི་ཀྲུང་གོ་ནས་ཡིན་ཞིང་། ཀྲུང་གོས་ལེགས་སྐྱེས་འབུལ་ཚད་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད།

ཀྲུང་གོའི་གྲོང་ཁྱེར་ནང་། སྦག་མེད་དེ་ཡང་ཐོག་རྩེག་ཁང་ཆེན་ཁྲོད་ནས་མགྱོགས་མྱུར་སྣུར་སྲིང་བྱེད་བཞིན་ཡོད།

ནན་ཅིང་གི་ཙི་ཅིན་ཧྲན་རི་བོ་སྐོར་བའི་སྦགས་མེད་ལམ་བུ་དང་། ཧྲང་ཧའེ་ཧོང་ཕུའུ་ཅང་གཙང་པོའི་པིན་ཅང་སྦགས་མེད་ལམ་བུ། དེ་བཞིན་ཝུའུ་ཧན་ཏུང་ཧུའུ་མཚེའུ་ཡི་སྦགས་མེད་ལམ་བུ་རེ་རེ་བཞིན་སྦྲེལ་མཐུད་བྱས་པས། ད་ཆ་མང་ཚོགས་ལུས་སྦྱོང་བྱེད་ས་དང་སྤྲོ་གསེང་བྱ་ཡུལ་ཡག་པོ་ཞིག་ལ་གྱུར་ཟིན་ཡོད།

གྲོང་ཁྱེར་གྱི་སྔོ་ལྗང་ཅན་གྱི་འཛུགས་སྐྲུན་ཐད་མང་ཚོགས་ལ་བཅར་འདྲི་བྱས་པར། ངའི་ཁྱིམ་འབྲི་ཆུའི་འགྲམ་དུ་ཡོད་པས། རྒྱུན་དུ་ཕྲུ་གུ་འཁྲིད་དེ་སྔོ་ལྗང་ལྗོན་ཤིང་གིས་ཁེངས་པའི་བདེ་ཐང་བར་འཁྱམས་ཐོག་རྩེད་མོ་རྩེ་བ་དང་སྦྱོང་བརྡར་བྱེད་པར་ཡོང་གི་ཡོད་པས། དེ་ནི་ཕྲུ་གུ་ལྷོད་ཤོས་དང་དགའ་ཚོར་ཆེ་ཤོས་ཀྱི་ཉིན་མོ་ཞིག་ཡིན་ཞེས་དང་།མཁའ་རླུང་གཙང་མ་ཡོད་པས། སེམས་པ་ཡང་སྐྱེ་སྣང་ཆེ་རུ་འགྲོ་གི་འདུག ད་དུང་འབྲི་ཆུ་དང་གནམ་སྔོན་པོ་དང་སྤྲིན་པ་དཀར་པོ་དེ་དག་མཐོང་དུས། གྲོང་ཁྱེར་ལས་སྐྱིད་པ་ཡོད་པའི་ཚོར་སྣང་ཡོང་གི་འདུག་ཅེས་དང་། ང་རང་ནས་གྲོང་ཁྱེར་འདིར་འཚོ་བ་སྐྱེལ་མཁན་ཚོའི་བདེ་སྐྱིད་སྟོན་གྲངས་ཧ་ཅང་མཐོ་པོ་ཡོད་པའི་ངོས་འཛིན་ཐུབ་བྱུང་། གཙང་འགྲམ་གྱི་མཁའ་རླུང་གཙང་མ་དང་ཁོར་ཡུག་ཡག་པོ་ཡོད་པས། ང་རང་ས་ཆ་འདིར་དགའ་པོ་ཡོད་ཅེས་གསུངས།

སྤྱི་ལོ་2018ལོའི་ལོ་མཇུག་བར་སླེབས་དུས། རྒྱལ་ཡོངས་སུ་ཁྱོན་བསྡོམས་གྲོང་ཁྱེར་གྱི་སྦགས་མེད་ལམ་བུ་སྤྱི་ལེ་ལྔ་ཁྲི་དྲུག་སྟོང་ཙམ་འཛུགས་སྐྲུན་བྱས་ཡོད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་ཚུན། ལོ་རེའི་ཟླ་བ་བཞི་པའི་ཚེས་ཤར་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་པེ་ཅིང་ཉེ་འགྲམ་དུ་ཤིང་འཛུགས་གནང་བར་ཕེབས་ཀྱི་ཡོད་ཅིང་། ད་ལོ་ནི་ལོ་བདུན་པ་དེ་ཡིན།

ཞི་ཅིན་ཕིང་གིས། ངས་ཀྲུང་གོ་བ་ཡོངས་སྔོ་ལྗང་རི་ཀླུང་ཁྲོད་འཚོ་བ་སྐྱེལ་རྒྱུ་ཡོང་བ་དང་། བྱིས་པ་ཚོ་སྐྱེ་ཁམས་ཁོར་ཡུག་བཟང་པོའི་ཁྲོད་འཚོ་བ་སྐྱེལ་རྒྱུ་ཡོང་བའི་རེ་བ་བྱེད་ཀྱི་ཡོད། དེ་ནིཀྲུང་གོའི་ཕུགས་འདུན་ཁྲོད་ཀྱི་ནང་དོན་གལ་ཆེན་ཞིག་ཀྱང་ཡིན་ཞེས་གསུངས།

སྐྱེ་ཁམས་ཤེས་དཔལ་གྱི་དུས་རབས་གསར་པར་བསྐྱོད་སྐབས། ང་ཚོའི་མི་རབས་ནས་མི་རབས་འཚོ་སྡོད་བྱེད་པའི་སྔོ་ལྗང་ཅན་གྱི་ཁྱིམ་གཞིས་སྲུང་སྐྱོང་ཡག་པོ་བྱས་ཏེ། ནམ་མཁའ་སྔོ་ཞིང་ཆུ་མོ་དྭངས་བ་དང་། ས་གཞི་གཙང་བ་བཅས་ཀྱི་མཛེས་སྡུག་ལྡན་པའི་ཀྲུང་གོ་ཞིག་ང་ཚོའི་མིག་ལམ་དུ་མངོན་བཞིན་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། མཚམས་གཅོད།

中央广播电视总台 央广网 版权所有